རྩ་བ། རྒྱལ་ཚབ་བྱམས་པ་མགོན་པོ།
འགྲེལ་པ། རྩིས་ཆེ་ལེགས་མཐོང་།
དེ་ཡང་རྒྱལ་ཚབ་བྱམས་པ་མགོན་པོས་མདོ་སྡེ་རྒྱན་གྱི་མཇུག་བསྡུ་བ་ན། སངས་རྒྱས་ལ་བསྟོད་པ་སེམས་ཅན་རྣམས་ལ་བརྩེ་བ་ཅན་ཞེས་པ་དེ་མཛད་པ་ནི་ཡོངས་སུ་གྲགས་ཤིང་། དེ་ཉིད་དུ་ཟུར་དུ་བཀོལ་ནས་འདོན་པའི་སྲོལ་ཡང་དར་ཁྱབ་མི་ཆུང་བ་ཡོད་པར་སྣང་། སྤྱིར་དེ་ཉིད་རྒྱལ་ཚབ་བྱམས་པས་སངས་རྒྱས་ཤཱཀྱ་ཐུབ་པ་རང་ལ་བསྟོད་པ་མཛད་པ་ལྟ་བུ་ཡིན་ཀྱང་། ནང་དོན་རྣམས་སངས་རྒྱས་སྤྱི་ལ་གོ་ན་ཡང་གོ་ཆོག་པ་ཤ་སྟག་ཏུ་མཐོང་ཞིང་། སངས་རྒྱས་ཙམ་དུ་མ་ཟད་བླ་མ་དང་དགེ་བའི་བཤེས་གཉེན་སྤྱི་ལ་ཡང་གོ་ཆོག་པ་ནི། སངས་རྒྱས་ཀྱང་སྟོན་པ་ཡང་དག་པ་ཞེས་གྲགས་པ་ལྟར་དགེ་བའི་བཤེས་གཉེན་ཡིན་པ་ཙམ་དུ་མ་ཟད་དགེ་བའི་བཤེས་གཉེན་ཀུན་གྱི་རྒྱལ་པོའམ་ཏོག་ལྟ་བུ་དེ་ཡིན་པ་དང་། རང་རེའི་དགེ་བའི་བཤེས་གཉེན་རྣམས་ཀྱང་སྟོན་པའི་མཛད་འཕྲིན་གྱི་ཆ་ཤས་ཡིན་པ་དང་། སངས་རྒྱས་ཉིད་ཀྱིས་ཀྱང་མ་འོངས་པར་སངས་རྒྱས་ཉིད་གསུང་རབ་བམ། དགེ་བའི་བཤེས་གཉེན་སོགས་ཀྱི་གཟུགས་སུ་འབྱུང་བའི་ཞལ་བཞེས་གནང་བར་གྲགས་པ་སོགས་ཀྱིས། རྒྱལ་ཚབ་བྱམས་པ་མགོན་པོའི་གསུང་བསྟོད་པ་སེམས་བརྩེ་མ་འདི་ཉིད་སངས་རྒྱས་ཙམ་མིན་པར་དགེ་བའི་བཤེས་གཉེན་སྤྱིར་བཏང་བ་རྣམས་ལ་སྦྱར་ན་ཡང་སྦྱོར་དུ་ཡོད་པ་དང་། སྦྱར་ན་དགེ་མཚན་ཀྱང་མང་བར་མཐོང་བས་འདིར་ཁོ་བོས་ཚིག་ཉུང་དོན་འདུས་ཀྱི་འགྲེལ་པ་འདི་འདྲ་ཞིག་བྱ་བར་འདོད་པས། དེ་ཉིད་དོན་དང་ལྡན་པ་དང་གཞན་ལ་ཕན་པ་ཞིག་ཡོང་བར་སྟོན་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་རྒྱལ་ཚབ་བྱམས་པ་མགོན་པོ་བཅས་ཀྱིས་བདག་ལ་བྱིན་གྱིས་རློབ་ཏུ་གསོལ།
སེམས་ཅན་རྣམས་ལ་བརྩེ་བ་ཅན། །
ཕྲད་དང་བྲལ་བའི་དགོངས་པ་ཅན། །
མི་འབྲལ་བ་ཡི་དགོངས་པ་ཅན། །
ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །
སློབ་མ་སེམས་ཅན་རྣམས་ལ་ཐུགས་གཏིང་ནས་ཕན་སེམས་དང་བྱམས་བརྩེ་ཆེ་བས་ན། སློབ་མ་རྣམས་བདེ་སྐྱིད་དང་ལྡན་པ། བདེ་ཐང་དང་ལྡན་པ། མདུན་ལམ་བཟང་པོ། གྲོགས་པོ་བཟང་པོ་སོགས་བཟང་པོའི་ཡོན་ཏན་དང་མཐུན་རྐྱེན་རྣམས་དང་འཕྲད་ཅིང་། དེ་ལས་ལྡོག་པ་རྣམས་དང་བྲལ་བར་གྱུར་ན་ཅི་མ་རུང་སྙམ་པ་དང་། དེ་ཡང་བརྩོན་འགྲུས་དང་། ཤེས་རབ་ལ་སོགས་པའི་ལེགས་ཚོགས་རྣམས་དང་འཕྲད་ན་འཕྲད་པ་ཙམ་གྱིས་མི་ཕན་པས་སློབ་མ་རྣམས་དུས་རྟག་ཏུ་བཟང་པོའི་ཡོན་ཏན་དེ་དག་དང་མི་འབྲལ་བར་གྱུར་ཅིག་དགོངས་པ་དང་། དཔེ་ཁྲིད་གནང་བ། ཞལ་ཏ་གནང་བ། བཀའ་མོལ་གནང་བ་སོགས་གང་གནང་ན་ཡང་སློབ་མ་དེ་ཉིད་གནས་སྐབས་དང་མཐར་ཐུག་ཀུན་ཏུ་ཕན་པ་དང་བདེ་བའི་སླད་དུ་གནང་བའི་དགེ་བའི་བཤེས་གཉེན་ཁྱེད་ལ་ཕྱག་འཚལ་ལོ་ཞེས་པའོ།།
ཐུབ་པ་སྒྲིབ་ཀུན་ངེས་པར་གྲོལ། །
འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན། །
ཁྱོད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ། །
ཐུགས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །
ཐུགས་སྙིང་རྗེ་ཆེན་པོའི་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་དགེ་བའི་བཤེས་གཉེན་དེ་ལྟ་བུ་ནི་ཤེས་རབ་ཀྱི་སྒོ་ནས་ཐུབ་པ་ཡང་ཡིན་ཏེ། ཐུབ་པ་ཞེས་པ་ནི་ནུས་པའི་དོན་དུ་གོ་བ་ལ། དགེ་བའི་བཤེས་གཉེན་ཡང་དག་པས་གཞན་ལ་སྤང་བླང་གི་བླང་དོར་སྟོན་པ་ཙམ་མིན་པར་རང་ཉིད་ཀྱིས་ཀྱང་དེ་ལྟར་བྱ་ནུས་པའི་ཕྱིར་དང་། དེ་ཉིད་བཟོ་གསོ་སྒྲ་ཚད་སོགས་རིག་པའི་གནས་གང་དང་གང་སྟོན་པའི་སློབ་དཔོན་ནམ་དགེ་བའི་བཤེས་གཉེན་ཡིན་ཀྱང་། རིག་པའི་གནས་དེ་ལ་ཤིན་ཏུ་མཁས་པས་ན་དེ་ཉིད་མི་མཁྱེན་པའི་སྒྲིབ་པ་ཐམས་ཅད་ལས་གྲོལ་བ་དང་། རིག་གནས་གང་ཡིན་ཀྱང་དེ་ལ་གཞན་ནས་ཐོབ་པའི་བརྒྱུད་པ་དང་ཕྱག་ལེན་ཚད་ལྡན་ཡོད་ཅིང་། རང་ཉིད་ནས་སློབ་གཉེར་དང་ཞིབ་འཇུག་མཐར་ཕྱིན་པ་ཡང་བགྱིས་པས་ན་འཆད་རྩོད་རྩོམ་གསུམ་གྱི་ཉམས་མྱོང་དང་ཡོན་ཏན་ཕུན་སུམ་ཚོགས་པ་ཡོད་པ་དེས་གང་གསུངས། གང་བརྩམས་ན་ཡང་མི་འཇིགས་པའི་གདེངས་ཡོད་པས་གཞན་སུས་ཀྱང་འགྲན་ཟླ་མི་ནུས་པའི་ཡོན་ཏན་ཡོད་པ། དེ་དང་འབྲེལ་བའི་ཤེས་བྱ་གང་ལ་ཡིན་ཀྱང་མི་མཁྱེན་པ་མེད་པ་ལྟ་བུས་མཁྱེན་པ་ཕྱོགས་རེ་བ་མིན་པར་མཁྱེན་པས་ཤེས་བྱ་དེ་ཡོངས་ལ་ཁྱབ་པ། མདོར་ན་ཐུགས་སམ་ཤེས་རབ་མི་མཁྱེན་པའི་སྒྲིབ་པ་ལས་གྲོལ་བའི་དགེ་བའི་བཤེས་གཉེན་ཁྱེད་ལ་ཕྱག་འཚལ་ལོ་ཞེས་པའོ།།
སེམས་ཅན་དག་ནི་ཐམས་ཅད་ཀྱི། །
ཉོན་མོངས་མ་ལུས་ཐམས་ཅད་འཇོམས། །
ཉོན་མོངས་འཇོམས་མཛད་ཉོན་མོངས་ལ། །
བརྩེ་བཅས་ཁྱོད་ལ་ཕྱག་འཚལ་ལོ། །
སློབ་མ་སེམས་ཅན་ཆེ་ཆུང་དང་། རྒན་གཞོན། དེ་དག་གི་དབུལ་ཕྱུག མདོག་བཟང་ངན་སོགས་གང་ལ་ཡང་མ་གཟིགས་པར་དེ་དག་ཐམས་ཅད་ལ་ཕན་སེམས་ཆེ་བས་ན། དེ་དག་ལ་ཡོད་པའི་སྐྱོན་གྱི་ཆ་བསམ་པ་ངན་པ་དང་། ཀུན་སྤྱོད་ངན་པ། ཀུན་སློང་ངན་པ་ཐམས་ཅད་སྤོང་དུ་འཇུག་པ་དང་། དེ་ལྟར་དེ་དག་གི་སྐྱོན་གྱི་ཆ་རྣམས་སྤོང་བར་བྱེད་ཀྱང་། སྐྱོན་གྱི་ཆ་མཐོང་བ་ཙམ་གྱིས་དུས་རྟག་ཏུ་དེ་དག་ལ་བཀའ་བཀྱོན་དང་། ཚིག་རྩུབ་བརྗོད་པ། བརྡུང་བརྡེགས་སོགས་གཏོང་བ་ལྟ་བུ་མ་ཡིན་པར་སྐྱོན་གྱི་ཆ་ཡོད་པ་རྣམས་ལ་ལྷག་པར་ཡང་བརྩེ་བའི་དགེ་བའི་བཤེས་གཉེན་ཁྱེད་ལ་ཕྱག་འཚལ་ལོ་ཞེས་པའོ།།
ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ། །
ཐོགས་པར་མི་མངའ་རྟག་པར་ནི། །
མཉམ་པར་བཞག་ཅིང་འདྲི་ཀུན་གྱི། །
ལན་ལྡོན་ཁྱོད་ལ་ཕྱག་འཚལ་ལོ། །
གང་དང་གང་གསུངས་ཤིང་། གང་དང་གང་གནང་ན་ཡང་། དེ་རང་གི་ཆེད་དུ་སྐྱེ་བ་བཞེས་པ་ལྟ་བུས་ཐོགས་པ་མེད་པར་ལྷུན་གྱིས་གྲུབ་པ་དང་། གྲུབ་མཐའི་དཀའ་གནད་ལྟ་བུ་གསུངས་པ་ན། རང་ཕྱོགས་ལ་ཞེན་ཆེ་བས་ཆགས་པ་དང་། གཞན་ཕྱོགས་མི་ཤེས་པས་དེ་ལ་ཐོགས་པ་སོགས་མེད་པས་ཆགས་ཐོགས་གཉིས་ཀའི་སྐྱོན་ལས་གྲོལ་བ་དང་། དུས་རྟག་ཏུ་སྐབས་བབ་ཀྱི་འཆད་བྱ་གང་ཡིན་པ་ལ་མ་འཆད་པའི་གོང་དུ་སྦྱངས་པ་དང་གྲ་སྒྲིག་སོགས་ལེགས་ཤིང་། འཆད་པའི་སྐབས་སུ་གཞན་དུ་ཡེངས་པ་སོགས་མེད་པར་དུས་རྟག་ཏུ་ཐུགས་མཉམ་པར་བཞག་ནས་འཆད་པ་དང་། འཆད་བྱའི་གཞུང་དེ་དང་འབྲེལ་བའི་ཐད་ལ་སུས་དྲི་བ་དྲིས་ན་ཡང་། དྲི་བ་སླ་བ་རྣམས་ལ་ལན་འདེབས་ཤིང་། དྲི་བ་དཀའ་བ་རྣམས་ལ་ལན་འདེབས་མི་ནུས་པ་དེ་འདྲ་མིན་པར་དྲི་བ་གང་ལ་ཡིན་ཀྱང་ལན་འདེབས་པའི་སྒོ་ནས་སློབ་མའི་ཐེ་ཚོམ་ཐམས་ཅད་སེལ་བར་བྱེད་པའི་དགེ་བའི་བཤེས་གཉེན་ཁྱེད་ལ་ཕྱག་འཚལ་ལོ་ཞེས་པའོ།།
རྟེན་དང་བརྟེན་པ་བཤད་བྱ་དང་། །
གསུང་དང་མཁྱེན་པ་འཆད་བྱེད་ལ། །
བློ་གྲོས་རྟག་ཐོགས་མི་མངའ་བ། །
ལེགས་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །
གང་ལ་ཡིན་ཀྱང་བྱང་ཆུབ་ཅིང་ཐོགས་པ་མེད་པ་སྟེ། བརྗོད་བྱའི་དབང་དུ་བྱས་ན། ཆོས་དང་འཇིག་རྟེན་གཉིས་ཏེ། རྟེན་འཇིག་རྟེན་གྱི་ཤེས་བྱ་སྣ་ཚོགས་པ་རྣམས་དང་། བརྟེན་པ་དེའི་ནང་ནས་ཀྱང་ཁྱད་པར་དུ་འཕགས་པ་དམ་པའི་ཆོས་ལ་མཁྱེན་པ་རྒྱས་པ་སྟེ། དེ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བ་ལས། ཐ་སྙད་ལ་ནི་མ་བརྟེན་པར།། དམ་པའི་དོན་ནི་རྟོགས་མི་འགྱུར།། ཞེས་གསུངས་པ་ལྟར། དམ་པའི་ཆོས་ཀྱི་ཤེས་བྱ་ལེགས་པར་ཤེས་དགོས་ན་འཇིག་རྟེན་གྱི་ཤེས་བྱ་ཤེས་པ་གལ་ཆེ་བ་ཡང་། དམ་པའི་ཆོས་ནི་འཇིག་རྟེན་གྱི་ཆོས་ཀྱི་གནས་ལུགས་ཡིན་པས་སོ།། རྗོད་བྱེད་ཀྱི་དབང་དུ་བྱས་ན། ནང་གི་མཁྱེན་པ་དང་ཕྱིའི་ངག་གི་རྩལ་ཏེ། དེ་ཡང་གསུང་ངམ་ངག་གི་རྩལ་ལ་ཚིག་གིས་མ་འདང་བ་དང་། བརྗོད་པ་མི་བདེ་བ། གསུང་སྐད་མི་སྙན་པ་སོགས་མེད་ཅིང་། ཚིག་ཉུང་དོན་གསལ། རྣ་བར་སྙན་ཅིང་ཡིད་ལ་འཇགས་པ། གནས་སྐབས་སེམས་ལ་ཕན་ཅིང་མཐར་ཐུག་མི་ཚེ་ལ་ཕན་པ་སྟོན་ནུས་པ་དང་། ཐུགས་ཀྱི་མཁྱེན་པ་ཡང་མ་མཁྱེན་པ་མེད་པ་དང་། མཁྱེན་པ་ཙམ་དུ་མ་ཟད་བྱང་ཞིང་ཆུབ་པ་དེས་མཁྱེན་དཔྱོད་དམ་བློ་གྲོས་ལ་ནམ་ཡང་ཐོགས་པའམ་འགག་པ་མེད་པར་སྤྱིར་ཤེས་བྱ་རིག་པའི་གནས་དང་བྱེ་བྲག་ཏུ་དམ་པའི་ཆོས་ཡང་དག་པ་ལེགས་པར་སྟོན་ནུས་པའི་དགེ་བའི་བཤེས་གཉེན་ཁྱེད་ལ་ཕྱག་འཚལ་ལོ་ཞེས་པའོ།།
གཤེགས་ནས་སྤྱོད་པ་མཁྱེན་མཛད་དེ། །
དེ་དག་སྐད་ཀྱིས་སེམས་ཅན་གྱི། །
འོང་དང་འགྲོ་དང་ངེས་འབྱུང་ལ། །
ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །
སློབ་མའི་དོན་དུ་གནས་གང་དུ་ཕེབས་དགོས་ཀྱང་འདྲ། བྱ་བ་གང་ཞིག་བསྒྲུབ་དགོས་ཀྱང་འདྲ། དེ་ལྟར་བྱ་ནུས་པའི་བརྩེ་བ་དང་སྙིང་རྗེ་ཡོད་པའི་ཐོག་ཏུ། སློབ་མ་དེ་དག་གི་སེམས་ཁམས་དང་། དེ་དག་གི་གཤིས་སྤྱོད། དེ་དག་གི་མདུན་ལམ་ལ་གང་ཕན་ཆེ་བ་རྣམས་ཚུལ་བཞིན་དུ་དགོངས་ནས། དེ་དག་ལ་སོ་སོའི་སྐད་དང་འཚམས་པ་སྟེ། སློབ་མའི་རིགས་འགའ་ཤས་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ཚིག་གིས་བཤད་ན་ཕན་པ་ཡོད་ཅིང་། ཡང་རིགས་འགའ་ཤས་ལ་མི་ཚེའི་འདུན་ལམ་བཟང་པོ་ལས་བརྩམས་ཏེ་བཤད་ན་ཕན་པ་ཆེ་བ་དང་། ཡང་རིགས་འགའ་ཤས་ལ་ལྷག་བསམ་དང་། ཕན་སེམས། འགན་ཁུར་སོགས་ལས་བརྩམས་ཏེ་བཤད་ན་ཕན་པ་ཆེ་བས་ན་དེ་དག་ཇི་ལྟར་བྱས་ན་བཟང་ཚུལ་བཞིན་དུ་མཁྱེན་པའི་སྒོ་ནས་སློབ་མ་དེ་དག་གང་ན་འོང་བ་སྟེ། འདས་པའི་རྒྱབ་ལྗོངས། གང་དུ་འགྲོ་བ་སྟེ་མ་འོངས་པའི་མདུན་ལམ། ངེས་པར་འབྱུང་བ་སྟེ། དེ་ལ་གོང་འཕེལ་གང་འདྲ་གཏོང་དགོས་མིན་བཅས་བླང་དོར་གྱི་གནས་གང་ཡིན་ཀྱང་ལེགས་པར་འདོམས་པའམ་ལེགས་པར་སྟོན་པའི་དགེ་བའི་བཤེས་གཉེན་ཁྱེད་ལ་ཕྱག་འཚལ་ལོ་ཞེས་པའོ།།
ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན། །
སྐྱེས་བུ་དམ་པ་ལགས་པར་འཚལ། །
མཐོང་བ་ཙམ་གྱིས་རབ་དང་བར། །
མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །
དགེ་བའི་བཤེས་གཉེན་ཁྱེེད་ཀྱི་མཛད་སྤྱོད་རྣམ་པར་དག་པས་སྐྱེ་བོ་སུ་ཞིག་གིས་ཁྱེད་ཉིད་མཐོང་བ་ཙམ་གྱིས་དམ་པའི་སྐྱེས་བུ་ཞིག་ལོས་ཡིན་སྙམ་པའི་ངེས་ཤེས་སྐྱེ་བར་འགྱུར་བ་དང་། ཁྱེད་ཀྱི་མཛད་སྤྱོད་མཇལ་བ་ཙམ་གྱིས་ཡིད་དང་བས་དད་པ་འདྲེན་ནུས་ཤིང་། དགེ་བའི་བཤེས་གཉེན་གང་དེ་མཇལ་བ་ཙམ་གྱིས་སློབ་མ་རྣམས་རང་བཞིན་གྱིས་བསམ་པ་ཆོས་ཕྱོགས་སུ་འགྲོ་ཞིང་། སློབ་གཉེར་ལ་བརྩོན་པར་འགྱུར་བ་དང་། བསམ་པ་ངན་པ་རྣམས་བརྗེད་ཅིང་། སྤྱོད་ལམ་ངན་པ་རྣམས་སྤོང་འདོད་པ་དང་། དགེ་བའི་བཤེས་གཉེན་གང་དེའི་གསུང་ཐོས་པ་ཙམ་གྱིས་རྨོངས་མུན་དང་ཐེ་ཚོམ་སེལ་བར་ནུས་པ་སོགས་ཀྱི་ཡོན་ཏན་མང་དུ་མངའ་བའི་དགེ་བའི་བཤེས་གཉེན་ཁྱེད་ལ་ཕྱག་འཚལ་ལོ་ཞེས་པའོ།།
ལེན་དང་གནས་དང་གཏོང་བ་དང་། །
སྤྲུལ་དང་ཡོངས་སུ་སྒྱུར་བ་དང་། །
ཏིང་ངེ་འཛིན་དང་ཡེ་ཤེས་ལ། །
མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །
སློབ་མ་ལ་ཕན་པའི་དོན་དུ་འགན་གང་ཞིག་ཡིན་ཀྱང་ལེན་ནུས་པ་དང་། སློབ་མ་ལ་ཕན་ན་འཚོ་བའི་མཐུན་རྐྱེན་བཟང་མིན་སོགས་ལ་མ་ལྟོས་པར་ཁོར་ཡུག་གང་འདྲ་ཞིག་ཏུ་ཡིན་ཀྱང་དུས་ཇི་སྲིད་བར་གནས་དགོས་ཀྱང་གནས་ཐུབ་པ་དང་། སློབ་མ་ལ་ཕན་ན་དཀའ་སྤྱད་དང་འབད་བརྩོན་སོགས་ཀྱིས་བློས་གཏོང་གང་འདྲ་ཡིན་ཀྱང་བྱ་ནུས་པ་དང་། སློབ་མ་ཧ་ཅང་དབང་པོ་བརྟུལ་པོ་དང་། སློབ་མ་ཧ་ཅང་སྤྱོད་པ་རྩིང་བ་རྣམས་ཀྱང་ཐབས་ལ་མཁས་པས་འདུལ་བ་ལ་ངོ་མཚར་གྱི་ཆོ་འཕྲུལ་ཡོད་པ་ལྟ་བུས་བསམ་གྱིས་མི་ཁྱབ་པ་དང་། མདོར་ན་སློབ་མ་མདུན་ལམ་མེད་པ་རྣམས་ལ་མདུན་ལམ་གསར་པ་སྤྲུལ་ནུས་པ་དང་། མདུན་ལམ་ཡོད་པ་དག་གི་མདུན་ལམ་ཇེ་ལེགས་སུ་བསྒྱུར་ནུས་པ། སློབ་མ་སྐྱོང་བ་ན་དགེ་བའི་བཤེས་གཉེན་རང་ཉིད་སེམས་ཕམ་པ་སོགས་ཀྱིས་སེམས་རྒྱུད་མི་འཁྲུགས་པའི་ཏིང་ངེ་འཛིན་དང་ལྡན་པ་དང་། དགེ་བའི་བཤེས་གཉེན་རང་ངོས་ནས་གང་འདྲ་ཞིག་བྱ་དགོས་པ་དང་། སློབ་མ་ལ་གང་འདྲ་བྱས་ན་བཟང་མིན་བཅས་དེ་ཐམས་ཅད་ལེགས་པར་མཁྱེན་པའི་ཡེ་ཤེས་མངའ་བ་སྟེ། དེ་ཐམས་ཅད་ཅུང་ཟད་མཁྱེན་པ་ལྟ་བུ་མིན་པར་དེ་དག་ལ་མངའ་བརྙེས་པ་ལྟ་བུའི་དགེ་བའི་བཤེས་གཉེན་ཁྱེད་ལ་ཕྱག་འཚལ་ལོ་ཞེས་པའོ།།
ཐབས་དང་སྐྱབས་དང་དག་པ་དང་། །
ཐེག་ཆེན་ངེས་པར་འབྱུང་བ་ལ། །
སེམས་ཅན་རྣམས་ལ་རབ་བསླུ་བའི། །
བདུད་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །
སློབ་མ་རྣམས་ཡང་དག་པའི་ལམ་ལ་བཀོད་ནས་ཡང་དག་པའི་ལམ་དུ་ཁྲིད་པ་ན། དེ་དག་ལ་གནོད་པའི་བར་ཆད་མཐའ་དག་འཇོམས་པར་ནུས་པ་སྟེ། སློབ་མ་འགའ་ཞིག་གིས་རང་གི་བདེ་སྐྱིད་ཀྱི་དོན་དུ་གཞན་ལ་གནོད་པའི་བྱ་བ་བསྒྲུབ་པ་སོགས་ཐབས་ནོར་བ་དང་། འགའ་ཞིག་གིས་དུས་རྟག་ཏུ་གཞན་ལ་རེ་བས་རང་གི་མི་ཚེ་བཟང་པོར་འགྱུར་སྙམ་པའམ། ཕན་ལས་གནོད་ཆེ་བའི་མི་དང་ཁོར་ཡུག་བཅས་ལ་རེ་ཞིང་ལྟོས་པ་སོགས་ཀྱིས་སྐྱབས་ནོར་བ་དང་། འགའ་ཞིག་སྙན་གྲགས་དང་འབྱོར་པ་ཅུང་ཟད་ཡོད་པ་ཙམ་གྱིས་མི་ཚེ་དོན་དང་ལྡན་པར་གྱུར་ཡོད་སྙམ་པ་ལྟ་བུས་དམིགས་ཡུལ་ནོར་བ་དང་། རང་གི་དོན་ཁོ་ན་མ་གཏོགས་གཞན་གྱི་དོན་མི་སེམས་པས་འགན་ཁུར་ཆུང་བའམ་ཐེག་པ་ཆུང་བས་ལྷག་བསམ་ཆུང་བའམ་བསམ་བློའི་འཁྱེར་སོ་ནོར་བ་བཅས་ནོར་བ་དེ་དག་གིས་སློབ་མ་སེམས་ཅན་རྣམས་བསླུས་ནས་མི་ཚེ་ཕུང་བར་བྱེད་པས་དེ་དག་ནི་བདུད་ལྟ་བུ་ཡིན་པས་བདུད་ལྟ་བུའི་བར་ཆད་དེ་དག་འཇོམས་པར་བྱས་ཏེ་སློབ་མ་རྣམས་ཐབས་ལམ་ཡང་དག་པ་དང་། དམིགས་ཡུལ་ཡང་དག་པ། བསམ་པ་ཡང་དག་པ་བཅས་ལ་བཀོད་པ་སོགས་ཀྱིས་སློབ་མ་བར་ཆད་ལས་སྒྲོལ་བར་བྱེད་པ་ལ་འགྲན་ཟླ་བྲལ་བའི་དགེ་བའི་བཤེས་གཉེན་ཁྱེད་ལ་ཕྱག་འཚལ་ལོ་ཞེས་པའོ།།
རང་གཞན་དོན་དུ་ཡེ་ཤེས་དང་། །
སྤངས་དང་ངེས་འབྱུང་བགེགས་མཛད་པར། །
སྟོན་མཛད་མུ་སྟེགས་གཞན་དག་གིས། །
མི་བརྫི་ཁྱོད་ལ་ཕྱག་འཚལ་ལོ། །
རང་ཉིད་ཀྱིས་བསླབ་པར་བྱ་བ་རྣམས་བསླབས་ཤིང་། ཉམས་སུ་ལེན་དགོས་པ་རྣམས་བླངས། ཀུན་སྤྱོད་དང་གོམས་གཤིས་ངན་པའི་ཆ་རྣམས་སྤངས་པས་ན། བཟང་ངན་གྱི་བླང་དོར་སོགས་སྟོན་པ་ལ་ཚིག་ཙམ་མ་ཡིན་པར་དེ་ལྟར་སྟོན་པ་ལ་འོས་ཤིང་འཚམས་པའི་ཡོན་ཏན་མཐའ་དག་ཚང་བ་དང་། སློབ་མ་རྣམས་ཀྱི་མི་ཚེ་བདེ་སྐྱིད་དང་ལྡན་པ་དང་། དོན་སྙིང་དང་ལྡན་པ་ཇི་ལྟར་ཡོང་བའི་ཚུལ་སྟོན་པའི་ཐབས་ཤེས་ཤིང་། དེ་ལ་དཀའ་ངལ་དང་བར་ཆད་གང་དང་གང་འབྱུང་སྲིད་མིན། དཀའ་ངལ་དང་བར་ཆད་བྱུང་ན་དེ་དག་ལས་ཇི་ལྟར་ཐར་བའི་ཐབས་གང་འདྲ་ཡིན་པ་བཅས་དཔེ་ཆའི་གོ་བ་ཙམ་མིན་པར་ཉམས་མྱོང་དངོས་ཀྱི་ཐོག་ནས་སྟོན་ཐུབ་པས་ན་འཇིགས་པ་མེད་ཅིང་། སློབ་མ་ལོག་པའི་ལམ་དུ་ཁྲིད་པར་བྱེད་པའི་གྲོགས་ངན་དང་། རྐྱེན་ངན། བར་ཆད་སོགས་གཞན་གང་གིས་ཀྱང་དགེ་བའི་བཤེས་གཉེན་གང་དེའི་ཐུགས་བསྐྱེད་ཀྱིས་ཟིན་པ་རྣམས་ལ་གནོད་པར་མི་ནུས་པས་ན་བརྫི་བ་མེད་པའི་དགེ་བའི་བཤེས་གཉེན་ཁྱེད་ལ་ཕྱག་འཚལ་ལོ་ཞེས་པའོ།།
བསྲུང་མེད་བསྙེལ་བ་མི་མངའ་བར། །
འཁོར་གྱི་ནང་ན་བག་བརྐྱང་གསུང་། །
ཀུན་ནས་ཉོན་མོངས་གཉིས་སྤངས་པ། །
འཁོར་སྡུད་ཁྱོད་ལ་ཕྱག་འཚལ་ལོ། །
རང་ཉིད་སྒེར་གྱི་སྙན་གྲགས་དང་སྙེད་བཀུར་སོགས་ཀྱི་དོན་དུ་སློབ་མ་རྣམས་མགུ་ཐབས་ཀྱིས་སྐྱོན་གྱི་ཆ་རྣམས་སྦ་ཞིང་གསང་བ་དང་། ཡོན་ཏན་གྱི་ཆ་རྣམས་སྟོན་ཐབས་མི་མཛད་པར་རང་བཞིན་མ་བཅོས་པ་ཁོ་ན་ལ་གནས་པ་དང་། དེ་ལྟ་ན་ཡང་སྐྱོན་ཕྲན་བུ་ཡོད་ན་དེ་ཡང་ཇི་མི་སྙམ་པར་མི་འཇོག་པར་དུས་རྟག་ཏུ་རང་ཉིད་ཀྱང་ལེགས་སྤེལ་ཉེས་འགོག་ལ་འབད་ཅིང་བརྩོན་པས་ན། ཚུལ་འཆོས་དང་བག་མེད་གཉིས་ཀའི་མཐའ་ལ་མ་ལྷུང་བར་སློབ་མ་རྣམས་ལ་ཆོས་སྟོན་པ་ན། མཁྱེན་རྒྱས་མ་འདང་བ། སྟ་གོན་གྱིས་མ་འདང་བ། སྤྲོ་བས་མ་འདང་བ་སོགས་ཀྱི་ཞན་པའི་ཆ་རྣམས་མེད་པར་སློབ་མའི་དོན་དུ་ཆོས་བཤད་པ་སོགས་བྱ་བ་གང་ཞིག་བྱ་དགོས་ཀྱང་དུས་རྟག་ཏུ་གྲ་འགྲིག་ནས་ཡོད་པ་ལྟ་བུས་བག་ཚ་བ་མེད་པ་དང་། སློབ་མ་རྣམ་དཔྱོད་ཅན་ནམ་ཡོན་ཏན་ཆེ་བའི་རིགས་ཡོད་པའམ། སློབ་མ་མང་བ་སོགས་ཀྱིས་ལྷག་ཏུ་དགའ་བ་མེད་ཅིང་། སློབ་མ་རིག་པ་བརྟུལ་པོ་ཡོད་པའམ། སློབ་མ་ཉུང་ངུ་ལས་མེད་ན་སེམས་མི་དགའ་བ་སོགས་ཀྱི་སྡང་བ་སྟེ། ཆགས་སྡང་གི་ཉོན་མོངས་གཉིས་ཀ་མེད་པར་སློབ་མ་རེ་རེ་ཙམ་ཡང་ཡིན་ཀྱང་ངལ་བ་དང་དུབ་པ་མེད་པར་ཡང་དག་པའི་ལམ་ལ་འགོད་པར་བྱེད་པའི་སྒོ་ནས་སློབ་མ་བསྡུ་བར་བྱེད་པའི་དགེ་བའི་བཤེས་གཉེན་ཁྱེད་ལ་ཕྱག་འཚལ་ལོ་ཞེས་པའོ།།
ཀུན་མཁྱེན་ཁྱོད་ལ་རྒྱུ་བ་དང་། །
གནས་པ་ཀུན་ལ་རྟག་པར་ནི། །
ཀུན་མཁྱེན་མིན་སྤྱོད་མི་མངའ་སྟེ། །
ཡང་དག་དོན་ལྡན་ཁྱོད་ཕྱག་འཚལ། །
དགེ་བའི་བཤེས་གཉེན་ཁྱེད་ནི་ཐམས་ཅད་མཁྱེན་པ་ལྟ་བུ་སྟེ། ཁྱེད་ཉིད་གང་དུ་ཕེབས། གང་དུ་བཞུགས། དེ་ཐམས་ཅད་ལ་སློབ་མ་རྣམས་ལ་ཕན་པའི་ཕྱིར་ཁོ་ན་ཡིན་ཅིང་། ཁྱེད་ཀྱིས་སློབ་མའི་དོན་དུ་གང་གསུངས་པ་དང་། གང་གནང་བ་དེ་ཐམས་ཅད་ལ་སློབ་མ་ལ་ཕན་པ་ཤ་སྟག་ལས་ནོར་བ་དང་འཁྲུལ་པ་གཅིག་ཀྱང་མེད་པས་ན་ཁྱེད་ནི་ངེས་པ་དོན་གྱི་ཀུན་མཁྱེན་དང་། ཁྱེད་ཀྱིས་སློབ་མའི་དོན་དུ་བསྐྱངས་པའི་མཛད་པ་གང་ལ་ཡང་དོན་དང་མི་ལྡན་པ་ནམ་ཡང་མེད་པས་ན་མཚན་དོན་མཚུངས་པའི་དགེ་བའི་བཤེས་གཉེན་ཁྱེད་ལ་ཕྱག་འཚལ་ལོ་ཞེས་པའོ།།
སེམས་ཅན་ཀུན་གྱི་བྱ་བ་ལ། །
ཁྱོད་ནི་དུས་ལས་མི་འདའ་བས། །
མཛད་པ་རྟག་ཏུ་དོན་མངའ་བ། །
མི་བསྙེལ་ཁྱོད་ལ་ཕྱག་འཚལ་ལོ། །
སློབ་མ་སེམས་ཅན་རྣམས་ལ་ཕན་པའི་བྱ་བ་གང་ཡིན་ཀྱང་དེ་བསྒྲུབ་པ་ལ་ཡང་ན་རྣམ་རྟོག་ཚབ་ཚུབ་མང་བས་སྐབས་འགར་སྔ་དྲགས་པ་ལྟ་བུ་མིན་ཅིང་། ཡང་རྣམ་གཡེང་དང་ལེ་ལོའི་དབང་གི་སྐབས་འགར་འཕྱི་དྲགས་པ་སོགས་མེད་ཅིང་། གང་མཛད་པ་ཐམས་ཅད་དུས་མ་ནོར་བ། གང་ཟག་མ་ནོར་བ། ཐབས་མ་ནོར་བ་ཤ་སྟག་ཡིན་པས། དེ་ཐམས་ཅད་དོན་དང་ལྡན་པ་ཁོ་ན་སྟེ། མདོར་ན་སློབ་མའི་དོན་བསྒྲུབ་རྒྱུ་བརྗེད་སོང་བའམ། དུས་ཚོད་ལས་འདས་སོང་བ། ངལ་ཞིང་དུབ་པས་བསྒྲུབ་མི་འདོད་པ་སོགས་ཀྱི་སྐྱོན་ཐམས་ཅད་དང་བྲལ་བའི་དགེ་བའི་བཤེས་གཉེན་ཁྱེད་ལ་ཕྱག་འཚལ་ལོ་ཞེས་པའོ།།
འཇིག་རྟེན་ཀུན་ལ་ཉིན་མཚན་དུ། །
ལན་དྲུག་ཏུ་ནི་སོ་སོར་གཟིགས། །
ཐུགས་རྗེ་ཆེན་པོ་དང་ལྡན་པ། །
ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །
རང་གི་སློབ་མ་ཡོད་པའི་ཁོར་ཡུག་གམ་འཇིག་རྟེན་གང་དུ་ཡིན་ཀྱང་ཉིན་དང་མཚན་གྱི་དུས་ཚོད་གལ་ཆེ་བ་རྣམས་ཏེ། ཉིན་གྱི་ཞོགས་པ་དང་། ཉིན་གུང་། ཕྱི་དྲོ། མཚན་གྱི་དགོང་མོ། མཚན་དཀྱིལ། ནམ་གུང་ལྟ་བུ་ནམ་ཡིན་ཀྱང་། སློབ་མའི་བདེ་སྡུག་དང་། སློབ་མའི་མདུན་ལམ། སློབ་མའི་སློབ་གཉེར་སོགས་ལ་ཐུགས་ཁུར་ཡང་ནས་ཡང་དུ་གནང་བས་ས་ཆ་གང་དུ་བཞུགས། བྱ་བ་གང་ཞིག་སྒྲུབ་གནང་བཞིན་ཡོད་ཀྱང་། སློབ་མ་ཆེ་ཆུང་ཐམས་ཅད་ཐུགས་ནས་བརྗེད་མི་སྲིད་པ་ལྟ་བུས་ཐུགས་བརྩེ་བ་ཆེ་ཞིང་། དུས་རྟག་ཏུ་དེ་དག་ལ་ཕན་པའི་དོན་དུ་བྱ་བ་གང་ཞིག་བསྒྲུབ་ན་བཟང་ངམ་སྙམ་པས་དེ་ལས་གཞན་དགོངས་རྒྱུ་མེད་པ་ལྟ་བུའི་དགེ་བའི་བཤེས་གཉེན་ཁྱེད་ལ་ཕྱག་འཚལ་ལོ་ཞེས་པའོ།།
སྤྱོད་པ་དང་ནི་རྟོགས་པ་དང་། །
ཡེ་ཤེས་དང་ནི་ཕྲིན་ལས་ཀྱིས། །
ཉན་ཐོས་རང་སངས་རྒྱས་ཀུན་གྱི། །
བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །
སྤྱོད་པ་སྟེ་ཀུན་སྤྱོད་གཙང་ཞིང་། རྟོགས་པ་སྟེ་མཁྱེན་རྒྱ་ཆེ་བ་དང་། ཡེ་ཤེས་ཏེ་ཐུགས་ཀྱི་དགོངས་པ་བཞེས་སྟངས་སོགས་སྐྱེ་བོ་ཕལ་པ་ལས་འདས་པས་ཤེས་རབ་ཙམ་མིན་པར་དེའི་ཕུལ་དུ་བྱུང་བ་ཡེ་ཤེས་དང་ལྡན་པ་དང་། གཞན་ཕན་གྱི་མཛད་པའམ་ཕྲིན་ལས་རྒྱ་ཆེ་ཞིང་རྒྱུན་མི་ཆད་པས། སློབ་མ་དགེ་བའི་བཤེས་གཉེན་གྱིས་གང་གསུངས་པ་དེ་ཁོ་ནའི་རྗེས་སུ་འབྲང་བར་འདོད་པ་ཉན་ཐོས་ཀྱི་རིགས་ཅན་དང་། གཙོ་བོ་རང་གི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་པར་འདོད་པའི་རང་སངས་རྒྱས་ཀྱི་རིགས་ཅན་དང་། གཙོ་བོ་མ་འོངས་པར་རང་སྟོབས་ཀྱིས་སློབ་མ་མང་པོའི་དོན་བྱ་ནུས་པའི་དགེ་བའི་བཤེས་གཉེན་དུ་འགྱུར་བར་འདོད་པའི་སངས་རྒྱས་ཀྱི་རིགས་ཅན་ཏེ། སློབ་མའི་ཁམས་དབང་མོས་པ་མི་འདྲ་བ་ཐམས་ཅད་སྐྱོང་བར་ནུས་ཤིང་། དེ་དག་གི་འདོད་པ་ཚུལ་བཞིན་དུ་སྐོང་བར་ནུས་པའི་དགེ་བའི་བཤེས་གཉེན་ནམ་བླ་མ་ཁྱེད་ལ་ཕྱག་འཚལ་ལོ་ཞེས་པའོ།།
སྐུ་གསུམ་དག་གིས་བྱང་ཆུབ་ཆེ། །
རྣམ་པ་ཀུན་བརྙེས་ཐམས་ཅད་དུ། །
སེམས་ཅན་ཀུན་གྱི་ཐེ་ཚོམ་དག །
གཅོད་པ་ཁྱོད་ལ་ཕྱག་འཚལ་ལོ། །
དགེ་བའི་བཤེས་གཉེན་དངོས་ནི་དེའི་ཐུགས་རྒྱུད་ཀྱི་ཡོན་ཏན་རྣམས་ཡིན་པས་དེ་ནི་དགེ་བའི་བཤེས་གཉེན་དེའི་ཆོས་ཀྱི་སྐུ་དང་། ཡོན་ཏན་དེ་ལྟ་བུ་ཐུགས་རྒྱུད་ལ་ཡོད་པ་ལ་བརྟེན་ནས་དགེ་བའི་བཤེས་གཉེན་དེའི་སྐུ་ཡི་སྤྱོད་པ་མཛེས་ཤིང་། གསུང་གི་ལེགས་བཤད་ཟབ། ཐུགས་ཀྱི་སྙིང་རྗེ་ཆེ་བ་སོགས་ཀྱིས་ཡོན་ཏན་ཕུན་སུམ་ཚོགས་ཤིང་སྐྱོན་གྱི་ཆ་རྣམས་རིང་དུ་སྤངས་པ་སྟེ། མདོར་ན་དགེ་བའི་བཤེས་གཉེན་དེའི་ཡོན་ཏན་ཕྱི་རོལ་ནས་ཀྱང་མཇལ་ཐུབ་པ་དག་ནི་དེའི་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཡོན་ཏན་དང་རང་བཞིན་དེ་ལྟ་བུ་ཡོད་པའི་ཐོག་ནས་སློབ་མ་རྣམས་སྐྱོང་བ་ལ་ཐབས་ལ་མཁས་པས་སྐབས་རེ་སློབ་མ་འགར་བཀྱོན་པ་དང་། སློབ་མ་འགར་བསྟོད་པ་དང་། སློབ་མ་འགར་སྨད་པ། སྐབས་རེ་ཤིན་ཏུ་ཞི་བ་དང་སྐབས་རེ་ཅུང་ཟད་ཐུགས་ཁྲོ་བ། སྐབས་རེ་ཐུགས་མཉེས་སྲིད་པའི་བྱ་བ་ཆེན་པོ་རེ་བསྒྲུབས་ན་ཡང་ལེགས་སོ་ཙམ་ཡང་མི་གསུངས་པ་དང་། སྐབས་རེ་བྱ་བ་བཟང་པོ་ཆུང་ཙག་རེ་བསྒྲུབས་ན་ཡང་དགྱེས་པ་ཆེན་པོ་གནང་བ། དེ་ཐམས་ཅད་སློབ་མ་རང་ལ་ཕན་པའི་ཕྱིར་ཁོ་ན་གནང་བ་སྟེ། མདོར་ན་སློབ་མ་སྐྱོང་བའི་དོན་དུ་ཐབས་ལ་མཁས་པོས་མཛད་པ་དང་རྣམ་པ་མི་འདྲ་བ་ཅི་དང་ཅི་སྟོན་པ་རྣམས་ནི་དགེ་བའི་བཤེས་གཉེན་གྱི་སྤྲུལ་པའི་སྐུ་སྟེ། སྐུ་གསུམ་གྱི་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་རང་བཞིན་བྱང་ཆུབ་སྟེ། སྐྱོན་གྱི་ཆ་རྣམས་བྱང་ཞིང་། ཡོན་ཏན་གྱི་ཆ་རྣམས་ཆུབ་པའི་བྱང་ཆུབ་ཀྱི་གོ་འཕང་བརྙེས་པའི་དགེ་བའི་བཤེས་གཉེན་ཁྱེད་ཀྱིས་སློབ་མ་རྣམས་ཀྱི་མ་རིག་པ་དང་ཐེ་ཚོམ་ལ་སོགས་པའི་འཁྲུལ་པ་དང་སྐྱོན་ཐམས་ཅད་ཀྱང་སེལ་བར་བྱེད་པས་ན་དགེ་བའི་བཤེས་གཉེན་ཁྱེད་ལ་ཕྱག་འཚལ་ལོ་ཞེས་པའོ།།
འཛིན་པ་མི་མངའ་ཉེས་མི་མངའ། །
རྙོག་པ་མི་མངའ་མི་གནས་པ། །
མི་གཡོ་ཆོས་རྣམས་ཐམས་ཅད་ལ། །
སྤྲོས་མེད་ཁྱོད་ལ་ཕྱག་འཚལ་ལོ། །
འཛིན་པའམ་ཞེན་ཆགས་མེད་པས་ན་སློབ་མ་ལ་དགོས་ན་ཟང་ཟིང་གི་དངོས་པོ་རང་ལ་གང་ཡོད་སྦྱིན་ནུས་པ་དང་། སློབ་མ་ལ་བསྟན་པའི་ཆོས་དང་། སློབ་མ་སྐྱོང་བའི་ཐབས་ལམ་སོགས་གང་ལ་ཡང་ཉེས་པའམ་ནོར་བ་མེད་པ་དང་། སློབ་མ་དབང་པོ་བརྟུལ་པོ་རྣམས་ལ་ཇི་ཙམ་བསླབས་ཀྱང་ཡིད་ཐང་ཆད་པའམ། སློབ་མ་འགའ་ཞིག་གིས་དྲི་བ་མང་དུ་དྲིས་པས་ཐུགས་སུན་པ་སོགས་ཀྱིས་ཐུགས་རྒྱུད་འཁྲུགས་པའི་རྙོག་པ་མེད་པ་དང་། ནམ་ཡིན་ཀྱང་སློབ་མ་ལ་ཕན་པའི་བྱ་བ་བསྒྲུབ་འདོད་མེད་པར་དོན་མེད་ཀྱི་བྱ་བར་རྣམ་གཡེངས་སོགས་ཀྱིས་མི་གནས་པ་དང་། ཁོར་ཡུག་སོགས་ཀྱིས་བར་ཆད་ཅི་ཙམ་བྱས་ཀྱང་སློབ་མའི་དོན་དུ་ཡོད་པའི་ཐུགས་བསྐྱེད་ལ་གཡོ་བ་མེད་པ་དང་། སུས་གང་བཤད་ཀྱི་དབང་དུ་འགྱུར་བ་ལྟ་བུ་མིན་པར་རང་ཉིད་དང་། སློབ་མ། ཁོར་ཡུག་བཅས་ཀྱི་གནད་དོན་ཐམས་ཅད་ལེགས་པར་དགོངས་པས་མིན་པ་ལ་ཡིན་པ་དང་། ཡིན་པ་ལ་མིན་པར་དགོངས་པ་སོགས་ཀྱི་འཁྲུལ་པའི་སྤྲོས་པ་དང་བྲལ་བའི་དགེ་བའི་བཤེས་གཉེན་ཁྱེད་ལ་ཕྱག་འཚལ་ལོ་ཞེས་པའོ།།
དམ་པའི་དོན་ནི་གྲུབ་པ་སྟེ། །
ས་ཀུན་ལས་ནི་ངེས་པར་བྱུང་། །
སེམས་ཅན་ཀུན་གྱི་མཆོག་ཏུ་གྱུར། །
སེམས་ཅན་ཐམས་ཅད་རྣམ་གྲོལ་མཛད། །
དགེ་བའི་བཤེས་གཉེན་དེ་ཉིད་ཀྱང་ཐོག་མར་སློབ་མ་དཀྱུས་མའི་ཚུལ་དུ་བྱུང་བ་ལ། དཀའ་སྤྱད་དང་འབད་བརྩོན་ཆེན་པོས་བསླབ་པ་སློབ་གཉེར་མཐར་ཕྱིན་པ་སོགས་ཀྱིས་དོན་ཐམས་ཅད་གྲུབ་པ་དང་། དོན་གྲུབ་པ་དེ་ཡང་སློབ་གཉེར་ཙམ་མིན་པར་ཀུན་སྤྱོད་དང་། ལྷག་བསམ་སོགས་ཕྱོགས་ཀུན་ནས་ངེས་པར་འབྱུང་བའམ་གོང་འཕེལ་དུ་སོང་བའི་སྒོ་ནས་མཐར་ཕྱིན་པ་དང་། དེ་ལ་བརྟེན་ནས་ད་ལྟའི་ཆར་དགེ་བའི་བཤེས་གཉེན་དེ་ཉིད་སློབ་མ་མང་པོའི་སྐྱབས་ཀྱི་མཆོག་ཏུ་གྱུར་ཏེ། སློབ་མ་གྲངས་མེད་པ་ལེ་ལོ་དང་། སྡུག་བསྔལ། དལ་འབྱོར་ཆུད་ཟོས་སུ་འགྲོ་བ་བཅས་ལས་རྣམ་པར་གྲོལ་བར་མཛད་པའི་དགེ་བའི་བཤེས་གཉེན་ཁྱེད་ལ་ཕྱག་འཚལ་ལོ་ཞེས་པའོ།།
ཡོན་ཏན་མི་ཟད་མཉམ་མེད་ལྡན། །
འཇིག་རྟེན་དག་དང་དཀྱིལ་འཁོར་ནའང་། །
སྣང་ལ་ལྷ་དང་མི་རྣམས་ཀྱིས། །
རྣམ་པ་ཀུན་ཏུ་མི་མཐོང་ངོ་། །
མདོར་ན་བདག་གི་དགེ་བའི་བཤེས་གཉེན་ཁྱེད་ལ་ཡོན་ཏན་དཔག་ཏུ་མེད་པ་ཡོད་པས་རེ་རེ་བཞིན་གླེངས་ན་ཟད་པ་མེད་ཅིང་། དགེ་བའི་བཤེས་གཉེན་གཞན་དང་འདྲ་ན་ཡང་དེ་དག་ལས་ཁྱད་པར་འཕགས་པ་དང་། དགེ་བའི་བཤེས་གཉེན་གང་དེའི་ཡོན་ཏན་འགའ་ཞིག་ནི་འཇིག་རྟེན་པ་ཕལ་པ་དག་གིས་ཀྱང་རྟོགས་ནུས་ཤིང་། ཐུགས་རྒྱུད་ཀྱི་མཁྱེན་པའི་ཡོན་ཏན་འགའ་ཤས་ནི་སློབ་མའི་ཚོགས་ཡོན་ཏན་ཡོད་པ་རྣམས་ཁོ་ནས་རྟོགས་ཐུབ་པ་དང་། མཛད་པའི་བཀའ་དྲིན་ཀྱང་བཀའ་དྲིན་བསམ་ཤེས་ཡོད་པ་དེ་དག་གི་དཀྱིལ་འཁོར་ཁོ་ནས་རྟོགས་ཐུབ་པ་ལས། སྐྱེ་བོ་ཕལ་པ་རྣམས་ཀྱིས་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་དང་བཀའ་དྲིན་རྣམས་ག་ལ་རྟོགས་པར་ནུས། དེས་ན་འཇིག་རྟེན་འདིའི་གནས་སྐབས་མངོན་མཐོ་ལྷ་མིའི་གོ་འཕང་དང་། མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གི་ཡོན་ཏན་དང་ལེགས་ཚོགས་རྣམས་དགེ་བའི་བཤེས་གཉེན་གྱི་བཀའ་དྲིན་ལ་བརྟེན་ནས་བྱུང་ན་ཡང་། དེ་ཕལ་མོ་ཆེ་ནི་མི་ལྟ་ཞོག་ལྷ་རྣམས་ཀྱིས་ཀྱང་རྟོགས་པར་ནུས་པ་མ་ཡིན་ནོ་ཞེས་པའོ།།
དེ་ལྟ་ན་ཡང་དེ་ཡི་མཐུས། །
གདུལ་བྱའི་སྐལ་བ་ཇི་བཞིན་དུ། །
སྲིད་པ་ཇི་ལྟར་གནས་ཀྱི་བར། །
དེ་ཡི་མཛད་པ་རྒྱུན་མི་འཆད། །
དེ་ལྟར་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་དང་བཀའ་དྲིན་ནི་གཞན་གྱིས་རྟོགས་ཀྱང་མ་རྟོགས་གང་ཡིན་ཀྱང་དགེ་བའི་བཤེས་གཉེན་གྱི་བཀའ་དྲིན་ནི་བསམ་གྱིས་མི་ཁྱབ་པས་སློབ་མ་རྣམས་ཇི་སྲིད་འཚོ་ཡི་རིང་དེ་དག་ལ་དངོས་ཤུགས་གཉིས་ཀ་ནས་ཕན་རླབས་བསམ་གྱིས་མི་ཁྱབ་པ་ཡོད་པ་གདོན་མི་ཟ་ལ། དེ་ལྟར་ན་ཡང་ཕན་རླབས་ཅི་ཙམ་འབྱུང་མིན་ནི་དགེ་བའི་བཤེས་གཉེན་ཁོ་ན་ལ་རག་མ་ལས་པར་སློབ་མ་རང་གི་བརྩོན་འགྲུས་དང་། རྣམ་དཔྱོད། ཀུན་སྤྱོད་བཅས་ལ་ཡང་རག་ལས་པའོ།། མདོར་ན་ཕན་པ་ཆེ་ཆུང་ཙམ་ལས་ཕན་པ་མེད་པ་ནི་མི་སྲིད་ཅིང་། ཕན་པ་དེས་སློབ་མ་དེ་དག་ལ་ཕན་པ་ཙམ་མིན་པར་དེ་དག་གིས་ཀྱང་སློབ་མ་གཞན་སྐྱོང་བའམ། དེ་དག་དང་འབྲེལ་བ་ཇི་སྙེད་ཅིག་བྱུང་བ་དེ་ཐམས་ཅད་ལ་ཕན་པར་འགྱུར་བའི་སྒོ་ནས་མི་རབས་ནས་མི་རབས་བར་དེའི་རྒྱུན་གནས་སྲིད་པས་ན། དགེ་བའི་བཤེས་གཉེན་ཡང་དག་པ་རྣམས་ཀྱི་བཀའ་དྲིན་ནི་ནམ་ཡང་རྒྱུན་ཆད་མི་སྲིད་ཅེས་པའོ།། ༼མཇུག་གི་ཤོ་ལོ་ཀ་འདི་ཉིད་རྒྱལ་ཚབ་བྱམས་པ་རང་གི་གསུང་མིན་ཀྱང་རྟེན་འབྲེལ་གྱི་དབང་གིས་ལོ་ཙཱ་བ་རྣམས་ཀྱིས་བཀོད་པར་གྲགས་པ་ལྟར་ཁོ་བོས་ཀྱང་རྟེན་འབྲེལ་ལ་བསམས་ནས་འགྲེལ་པ་བྱས།༽
དེ་ལྟར་རྒྱལ་ཚབ་བྱམས་པ་མགོན་པོའི་གསུང་མདོ་སྡེ་རྒྱན་ནས་འབྱུང་བའི་སངས་རྒྱས་ཀྱི་བསྟོད་པ་འདི་ཉིད་ཉེ་ཆར་བོད་ལུགས་ས་ག་ཟླ་བའི་ནང་དུ་དབྱིན་ཡུལ་དུ་ཡོད་པའི་བཀའ་བརྒྱུད་བསམ་ཡས་གླིང་དུ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཚོགས་པའི་སར་གུས་པ་ཡང་ཞུགས་པ་ན། རྒྱལ་དབང་བཅུ་བདུན་པས་ཕྱོགས་བསྒྲིགས་མཛད་པའི་སྨོན་ལམ་གྱི་ཞལ་འདོན་དུ་སངས་རྒྱས་བྱང་སེམས་ཀྱི་བསྟོད་པ་བཀའ་དང་བསྟན་འགྱུར་ནས་བཏུས་པ་མི་ཉུང་བ་བཞུགས་པ་ལ། ཉིན་ཞིག་སེམས་ཅན་རྣམས་ལ་བརྩེ་བ་ཅན་ཞེས་པའི་བསྟོད་པ་འདི་ཉིད་འདོན་བཞིན་པ་ན་བསྟོད་པ་འདི་ནི་སངས་རྒྱས་ཙམ་མིན་པར་མཁན་པོ་དང་དགེ་བཤེས་ལྟ་བུ་རང་རེའི་དགེ་བའི་བཤེས་གཉེན་སྤྱིར་བཏང་བ་རྣམས་ལ་ཡང་སྦྱོར་དུ་ཡོད་པ་འདྲ་སྙམ་པའི་འོག་འགྱུ་ཙམ་བྱུང་ཞིང་། དེ་ནས་དེ་རིང་སྟེ་སྤྱི་ལོ་༢༠༢༣ ཟླ་༦ ཚེས་༡༤ དགོང་མོ་ཁོམ་པ་ཅུང་ཟད་ཡོད་པ་དང་སྟབས་བསྟུན་མདོ་སྡེ་རྒྱན་གྱི་འགྲེལ་པ་མི་འདྲ་བ་ཁག་ཅིག་ལ་ཅུང་ཟད་མཇལ་ནས་ཚིག་འགྲེལ་འདི་ཉིད་ཤར་མར་བྲིས་པ་ལ། དབུ་ནས་མཇུག་བར་གྲུབ་པ་ལ་ཆུ་ཚོད་གཉིས་གསུམ་ཡས་མས་འགོར་ཞིང་། མ་འོངས་པར་བྱུང་ན་འདི་ལ་ས་གཅད་ཅིག་ཀྱང་འབྲི་དགོས་པ་མིན་ནམ་སྙམ་ཡང་གནས་སྐབས་འདི་ཙམ་གྱིས་ཆོག་པར་བྱ་ཞིང་། འགྲེལ་པ་འདི་འདྲ་བརྩམས་ན་རུང་མིན་དང་འཐད་མིན་མ་འཚལ་ཡང་ང་དང་ང་ལྟ་བུ་ལ་དོན་ཟབ་ཀྱང་གོ་ཕལ་ཆེར་མི་ཐུབ་པ་ཞིག་འདོན་པ་ལས་ཀྱང་། སྐབས་རེ་གོ་བ་དང་བསམ་བློའི་ཁྱེར་སོ་འདི་འདྲ་ཞིག་ཡོད་ན་ཡིད་ལ་འཁོར་རྒྱུ་དང་ཟིན་རྒྱུ་ཞིག་ཡོད་པ་ལྟ་བུས་སེམས་ཐག་ཉེ་བ་སོགས་ཀྱི་དགེ་མཚན་ཡོད་པར་མཐོང་བས་མ་མཐར་ཡང་རང་ཉིད་ཀྱི་བློ་ལ་ཕན་པ་རྒྱ་མི་ཆུང་བ་བྱུང་ཞིང་། གཞན་ལ་ཡང་ཅུང་ཟད་ཕན་པའི་རེ་བས་སྦྱར་བ་ལ། འདི་ལ་དགེ་བ་མཆིས་ན་བདག་གི་དགེ་བའི་བཤེས་གཉེན་སྐྱོ་བྲག་མཁན་པོ་དགའ་དབང་སོགས་སྐུ་ཚེའི་ཞབས་པད་བརྟན་པའི་དོན་དུ་བསྔོ་བར་བགྱིའོ།།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3651
དཔྱད་མཆན་སྤེལ།