མཆོད་བརྗོད།

རང་བྱུང་གདོད་ནས་གྲུབ་པའི་ཤེས་རབ་ཀྱི་མདའ་མོས། །

སྤྲོས་མཚན་འཁོར་བའི་འདམ་ཆུའི་སྣང་བ་ཉིད་བཅད་དེ། །

ཡང་དག་བདེན་པའི་གསང་བའི་རྣམ་པ་རུ་བཀྲལ་བའི། །

འདྲེན་པའི་སྟོན་པ་ལྷ་ཡི་ལྷ་མཆོག་དེར་གུས་སོ། །

བཀའ་ཡི་རྒྱ་མཚོ་དོན་དམ་རིགས་པས་བརྒྱན། །

མཐའ་ཡས་གསུང་རབ་བཅུད་ལ་རོལ་བའི་དཔལ། །

དངོས་པོའི་གཤིས་ཀྱི་ལྟ་བ་རྩལ་མཛད་པ། །

དབུ་མའི་ཤིང་རྟ་ཆེ་པོར་གུས་ཕྱག་བགྱི། །

ནང་དོན་གནད་བསྡུས། བཀའ་བར་པ་དང་རིགས་ཚོགས་ལས་བསྟན་པ་ལྟར་སྣང་སྟོང་གཉིས་ལས་སྟོང་བའི་ཆ་ནས་རང་སྟོང་ཞེས་འཇོག་པའི་རྣམ་བཞག་གི་ཚུལ་དང་། བཀའ་ཐ་མ་ནས་བསྟན་པ་ལྟར་སྣང་སྟོང་གཉིས་ལས་སྣང་བ་འོད་གསལ་བའི་ཆ་ནས་དབྱིངས་རྣམ་པར་དག་པ་འཇོག་པའི་རྣམ་བཞག་གི་ཚུལ་དང་། བཀའ་ཐ་མའི་བརྗོད་བྱ་ལས་གཞན་པ་ཞིག་ལ་གཞན་སྟོང་ཟེར་ཡོད་མེད་ཀྱི་ཚུལ་བསྟན་པ་དང་། བཀའ་བར་བ་ནས་བསྟན་པ་ལྟར་དོན་དཔྱོད་རིགས་པའི་ངོ་ལ་མི་སྟོང་བའི་ཆོས་གཅིག་ཀྱང་མེད་པ་ཡིན་ཚུལ་བསྟན་པ།

བརྡ་ཆད། རང་སྟོང་དོན་ངོས་བཟུང་ནས་རང་སྟོང་གི་རྣམ་གཞག་བསྟན་པ། གཞན་སྟོང་གི་དོན་ངོས་བཟུང་ནས་གཞན་སྟོང་གི་རྣམ་གཞག་བསྟན་པ། རང་སྟོང་དང་གཞན་སྟོང་གི་ལྟ་བ་འགལ་མེད་དུ་སྒྲུབ་ཚུལ།


ཞེས་མཆོད་པ་བརྗོད་པར་དང་བསྟོད་ཕྱག་སྔོན་དུ་བཏང་ནས། གང་གླེང་བར་བྱ་བ་ནི་འགྲོ་བ་མཐའ་ཡས་པའི་མགོན་དང་དཔུང་མཉེན་བདག་ཅག་གི་སྟོན་པ་མཉམ་མེད་བུ་རམ་ཤིང་པས་གདུལ་བྱའི་སྡུག་བསྔལ་མུ་མཐའ་མེད་པ་གཞོམ་པའི་ཕྱིར་དུ། ངོ་མཚར་རྨད་དུ་བྱུང་བ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བའི་ནང་ནས་ཟབ་ཅིང་རྒྱ་ཆེ་བའི་སྟོང་པ་ཉིད་ཀྱི་དོན་འདི་ཉིད་ནི་རྒྱལ་བ་ཀུན་གྱི་ལམ་བགྲོད་པར་བྱ་བའི་གནད་ཀྱི་ལྟ་བ་མཐར་ཐུག་ཡིན་པ་འདི་ཉིད་བཤད་པ་ལ། དེའང་དབུ་མ་འཇུག་པ་ལས།

སྤྲོས་དང་བཅས་པར་སྟོང་པ་ཉིད། །

བཅུ་དྲུག་བཤད་ནས་མདོར་བསྡུས་ཏེ།།

སླར་ཡང་བཞིར་བཤད་དེ་དག་ནི། །

ཐེག་ཆེན་དུ་ཡང་བཞེད་པ་ཡིན། །

ཞེས་གསུངས། ཏེ་རང་སྟོང་གཞན་སྟོང་གི་རྣམ་གཞག་བཤད་པ་ལ།

རང་སྟོང་གི་དོན་བཤད་པ་དང་། གཞན་སྟོང་གི་དོན་བཤད་པ་དང་། དེ་གཉིས་འགལ་མེད་དུ་བཤད་པ་སྟེ་གསུམ།

དང་པོ་ནི། 

གཟུགས་ནས་བདེ་གཤེགས་སྙིང་པོའི་བར་གྱི་ཆོས་ཐམས་ཅད་བཀའ་བར་པ་དང་དབུ་མ་རིགས་ཚོགས་ནས་བསྟན་པ་ལྟར་སྣང་སྟོང་གཉིས་ལས་སྟོང་བའི་ཆ་ནས་རང་སྟོང་ཞེས་འཇོག་པ་ཡིན་ལ།དཔེར་ན་དོན་དཔྱོད་རིགས་པའི་ངོ་ལ་སྟོང་བའི་ཆོས་ལྟ་བུའོ།།དེ་འདྲའི་ཆོས་རྣམས་ཆོས་ཅན། ཁྱོད་རང་སྟོང་ཡིན་ཏེ། རིགས་པ་དེའི་ངོ་ལ་གང་གི་ཚུལ་དུའང་མ་གྲུབ་པའི་ཆོས་ཡིན་པའི་ཕྱིར། ཁྱབ་སྟེ།

རྒྱལ་བའི་བཀའ་ལས།དངོས་རྣམས་སྟོང་པ་སྒྱུ་མ་བཞིན། །སྣང་ཡང་བདག་ལས་རང་སྟོང་པ། །ཞེས་དང་། མདོ་ལས། ཐེར་ཟུག་ཏུ་གནས་པ་དང་། འཇིག་པ་མེད་པའི་ཕྱིར་དེ་དེས་སྟོང་ངོ་།ཞེས་དང་། འཇམ་མགོན་བླ་མ་ཀུན་མཁྱེན་མི་ཕམ་པའི་འཇུག་འགྲེལ་ཟླ་བའི་ཞལ་ལུང་ལས། དེས་ན་ཆོས་ཐམས་ཅད་གཞན་སྟོང་ཡིན་གྱི། རང་སྟོང་མིན་ཞེས་རྣམ་པ་ཀུན་ཏུ་སྨྲ་བར་མི་བྱ་སྟེ། རང་སྟོང་དང་གཞན་སྟོང་ཟེར་བ། བུམ་པ་སྟོང་ཉིད་དུ་དཔྱོད་པའི་རིགས་པས། བུམ་པ་ངོ་བོ་སྟོང་མི་སྟོང་ལ་དཔྱད་ན། སྟོང་ན་རང་སྟོང་། ཞེས་གསུངས་པ་ལྟར་གྲུབ་བོ།། རང་སྟོང་དོན་དམ་ཆོས་རྣམས་ལ་ནི་འོད་གསལ་བ་ཡང་ལྡན་པ་ཡིན་ནོ།། ཁ་ཅིག་རང་སྟོང་ཟེར་སྟོང་བ་ཕྱང་ཆད་པ་ཞིག་ལ་བཤད་འདུག་མོད། འདི་ནི་སངས་རྒྱས་ཀྱི་ལྟ་བ་མཐར་ཐུག་གཅེས་སྤྲས་བྱེད་པ་རྣམས་ཀྱིས་དགག་པར་བྱ་བ་ཁོ་ན་ཡིན་པས། ཅུང་ཟད་མདོར་བསྡུས་ཏེ་སྨྲ་བར་བྱའོ།། འདི་དག་གིས་དོན་དམ་གྱི་ཆོས་རྣམས་སྐུ་དང་ཡེ་ཤེས་འདུ་འབྲེལ་མེད་པའི་ཡོན་ཏན་ཡེ་ལྡན་དུ་མི་འདོད་པར་སྟོང་བ་སྟོང་རྐྱང་ཞིག་ལ་ཁས་བླངས་པ་འདུག་ལ། དེ་ལྟར་ན་འདི་པའི་ལུགས་ལ་འཚང་རྒྱ་བར་མི་ནུས་ཏེ། སྟོང་ཉིད་འདི་ལ་ཅི་ཙམ་གོམས་ཀྱང་རྣམ་མཁྱེན་ཡེ་ཤེས་མངོན་དུ་འགྱུར་བ་མི་སྲིད་པའི་ཕྱིར་ཏེ། རྣམ་མཁྱེན་དང་ཆོས་སྐུ་འཐོབ་ཅེས་པ་དེ་ཡང་། སྟོང་ཐུན་ལས། དེ་ལྟར་རང་བཞིན་གནས་རིགས་དེ་འདུས་མ་བྱས་པ་ཡོན་ཏན་ཡེ་ལྡན་ཆོས་སྐུའི་ངོ་བོར་གྲུབ་པ་ན་འཚང་རྒྱ་རུང་བས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ན་ཡེ་ཤེས་ཆོས་སྐུ་བྲི་གང་དང་བྲལ་བར་བཞུགས་དགོས་ཏེ། ལམ་བསྒོམས་ན་འཚང་རྒྱ་རུང་བར་དངོས་སྟོབས་ཀྱིས་གྲུབ་ལ། སངས་རྒྱས་དུས་ཀྱི་ཆོས་སྐུ་དེ་འདུས་མ་བྱས་ཡིན་པས་གསར་དུ་རྒྱུ་རྐྱེན་གྱིས་འདུས་བྱས་མི་སྲིད་པའི་ཕྱིར། ད་ལྟ་ནས་སངས་རྒྱས་ཀྱི་ངོ་བོར་བཞུགས་ཞེས་གྲུབ་བོ། ། ཞེས་གསུངས་པའི་ཆོས་ཉིད་དེ་ཉིད་མངོན་དུ་གྱུར་པ་ལས་གཞན་གསར་དུ་སྐྱེ་བ་མི་སྲིད་པའི་ཕྱིར། དེས་ན་ཁྱོད་ཀྱིས་འདོད་པའི་སྟོང་ཉིད་དེ་ལ་ཡེ་ཤེས་མི་མངའ་བས། ནམ་ཡང་འབྲས་བུ་རྣམ་མཁྱེན་འཐོབ་པར་མི་སྲིད་དོ།།

གཉིས་པ་ནི།

བཀའ་ཐ་མ་ནས་བསྟན་པ་ལྟར་སྣང་སྟོང་གཉིས་ལས་སྣང་བ་འོད་གསལ་བའི་ཆ་ནས་འཇོག་པའི་དབྱིངས་རྣམ་པར་དག་པ་ལ་གཞག་པར་བྱ་བ་ཡིན་ལ།

དཔེར་ན། སྣང་བ་འོད་གསལ་བ་སེམས་ཉིད་ཡེ་ནས་དག་པ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བདེ་བར་གཤེགས་པའི་སྙིང་པོ་འབྲས་ཆོས་ཡེ་ལྡན་གྱི་ཚུལ་དུ་གནས་པ་ལྟ་བུ་ལ་འཇོག་པ་ཡིན་ནོ།། འདི་ལ་འཇོག་པའང་རིགས་ཏེ། མཀའ་མཐའ་མའི་སྐབས་ནས་བསྟན་པའི་བརྗོད་བྱ་འདི་ལས་གཞན་པ་ཞིག་མེད་ལ། འདི་ལས་གཞན་པའི་གཞན་སྟོང་ཞིག་ཀྱང་མི་སྲིད་པའི་ཕྱིར་རོ།།

གསུམ་པ་དེ་གཉིས་འགལ་མེད་དུ་འགྲོ་ཚུལ་ནི།

དོན་དཔྱོད་རིགས་པས་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཆོས་ཐམས་ཅད་བཀའ་བར་པ་དང་དབུ་མ་རིགས་ཚོགས་ཀྱི་སྐབས་ནས་བསྟན་པའི་རིགས་པས། གང་གི་ཚུལ་དུ་ཡང་མ་གྲུབ་པ་སྟོང་ཉིད་དུ་གཏན་ལ་འབེབས་པ་ཡིན་ལ། རིགས་པ་འདི་ཉིད་ཀྱིས་སྤྲོས་པ་བཅད་དེ་གཞི་ཐམས་ཅད་ཀྱི་སྟེང་དུ་བདེན་ཞེན་ཡོངས་སུ་རྫོགས་པ་སྤོང་བ་ཡིན་པའི་ཕྱིར། རང་སྟོང་ཡིན་ལ། རིགས་པ་འདི་ཉིད་དབུ་མའི་ལྟ་བ་གཏན་ལ་འབེབས་པ་ལ་ཤིན་ཏུ་གལ་ཆེ་བ་འདུག་གོ།

འཕགས་པ་རྣམས་ཀྱིས།

བཀའ་ཐ་མ་ནས་བསྟན་པའི་སྣང་གསལ་འགག་མེད་ཐུགས་རྗེ་ཀུན་ཁྱབ་ངོ་བོ་ཡེ་ནས་དག་པའི་རིགས་ཁམས་བདེ་བར་གཤེགས་པའི་སྙིང་པོ་མདོར་ན་དོན་དམ་གྱི་ཆོས་ཀུན། དེའི་ངོ་ལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་འདི་འཆར་བ་ཡིན་པས་གཞན་སྟོང་ཞེས་སྨྲ་བ་ཡིན་ལ།

འདི་གཉིས་འགལ་མེད་འགྲོ་བ་ཡིན་སྟེ།

དཔེར་ན་བདེ་བར་གཤེགས་པའི་སྙིང་པོ་དེ་ཉིད་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་འབྲས་ཆོས་ཡེ་ལྡན་གྱི་ཚུལ་དུ་གནས་པ་ཡིན་པས་ཕྱིར་ན་འོད་གསལ་བ་ཡིན་ལ། འདི་ཉིད་དོན་དཔྱོད་རིགས་པས་དཔྱད་པའི་ཚེ་ན་རང་གི་ངོ་བོ་སྟོང་བ་ཡིན་པས་ན་རང་སྟོང་དང་གཞན་སྟོང་གཉིས་ཀ་ཡིན་པར་མགྲིན་པ་གཟེངས་བསྟོད་ནས་སྨྲ་བ་རིགས་ཏེ།

སྟོང་ཐུན་སེངྒེའི་ང་རོ་ལས། དེ་ཡང་སྟོན་པ་བདེ་བར་གཤེགས་པས། ་གསུང་གི་སྐབས་ལ་ལར་སྟོང་པ་ཉིད་བསྟན་པའི་སྒོ་ནས་བདེ་གཤེགས་སྙིང་པོའི་ངོ་བོ་གསལ་བར་མཛད། ལ་ལར་སྟོབས་སོགས་ཀྱི་ཡོན་ཏན་ཡེ་ལྡན་དུ་བསྟན་པའི་ཆ་ནས་བདེ་གཤེགས་སྙིང་པོའི་རང་བཞིན་གསལ་བར་མཛད་དེ། དེ་གཉིས་འགལ་མེད་ཟུང་དུ་འཇུག་པ་དགོས་ཀྱང་། བདེན་གཉིས་དབྱེར་མེད་པའི་གནད་ཟབ་པ་ལས་ཤིན་ཏུ་ཟབ་པ་ལ་ཡིད་ཆེས་མ་རྙེད་པའི་དབང་གིས་ལ་ལས་ནི་བདེ་གཤེགས་སྙིང་པོ་ངོ་བོས་མི་སྟོང་པའི་རྟག་པར་བལྟ། ལ་ལས་ནི་སྟོང་རྐྱང་ཙམ་ལ་བཟུང་ནས་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་འབྲལ་མེད་ཡེ་ལྡན་དུ་བཞག་ཏུ་མེད་པའི་ཆད་ལྟ་སྐུར་འདེབས་ཀྱི་ཕྱོགས་ལ་གནས་པར་གྱུར་ནས། སོ་སོའི་ཞེ་འདོད་གྲུབ་ཏུ་རེ་བའི་དགག་སྒྲུབ་ཀྱི་ཅ་ཅོ་སྣ་ཚོགས་རྒྱ་མཚོ་འཁྲུགས་པ་ལྟར་སྒྲོགས་ན་ཡང་། བླ་མའི་མན་ངག་གིས་ཟིན་པའི་སྐལ་བཟང་དག་ནི་བདུད་རྩིའི་བཅུད་བཟང་སྙིང་ལ་སིམ་པ་ལྟར་སྟོང་པའི་དབྱིངས་དང་འོད་གསལ་བའི་ཡེ་ཤེས་འགལ་མེད་ཟུང་འཇུག་གི་དོན་ལ་ཡིད་ཆེས་པའི་ངང་ནས་སྣང་སྟོང་གང་རུང་གི་མཐའ་ལ་ཕྱོགས་སུ་འཛིན་པ་རྣམ་པར་ཞི་ནས་གནས་པ་རྣམས་འདི་སྐད་དུ་སྨྲའོ། ། འདི་ཉིད་རང་ལུགས་ལ་གཞི་མཐུན་འགལ་མེད་དུ་སྒྲུབ་པ་ནི་ཤིན་ཏུ་འཐད་པ་ཡིན་ཏེ། རྒྱུད་བླ་མ་ལས། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུངས། ། ཞེས་དང་། གྲུབ་མཐའ་རིན་པོ་ཆེའི་མཛོད་ལས། བཞི་པ་རིགས་སྟོན་པའི་འཐད་པ་ལ་གཉིས་ཏེ། དོགས་པ་གཅད་པའི་སྒོ་ནས་དྲི་བ་དང་། དེའི་ལན་བཤད་པའོ། །དང་པོ་ནི། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུངས། །ཞེས་དང་། རྒྱུད་བླ་ལས། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། ཞེ་སོགས་ཀྱི་དེའི་ཐད་རྒྱུད་བླ་མའི་མཆན་འགྲེལ་མི་ཕམ་ཞལ་ལུང་ལས། དེ་གཉིས་མི་འགལ་ཏེ། སྔར་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་རྣམས་ལ་བདེན་པ་མེད་པར་གསུངས་པ་དབྱིངས་ངོ་བོ་སྟོང་པའི་ཆ་ནས་བསྟན་པ་ཡིན་ལ། འདིར་བདེ་གཤེགས་སྙིང་པོ་ཡོད་པར་གསུངས་པ་ཡང་ངོ་བོ་བདེན་པར་ཡོད་ཅེས་གསུངས་པ་མ་ཡིན་ཏེ། རིག་པ་ཡེ་ཤེས་རང་བཞིན་གསལ་བའི་ཆ་ནས་བསྟན་པས་དེ་གཉིས་མི་འགལ་བར་མ་ཟད་གཅིག་གྲོགས་སུ་གཅིག་འཆར་བས་ཟུང་དུ་འཇུག་པ་དང་། ཞེས། བཀའ་བར་པ་དང་ཐ་མ་གཉིས་འགལ་མེད་ཟུང་འཇུག་ཏུ་སྒྲུབ་པ་ནི་རྒྱལ་ཚབ་བྱམས་མགོན་དང་། ཀུན་མཁྱེན་ཀློང་ཆེན་པ་དང་། ཀུན་མཁྱེན་མི་ཕམ་རྒྱ་མཚོ་འདི་དག་གིས་འགལ་མེད་བསྒྲུབས་པ་ནི་ཟབ་གནད་ཀྱི་ཚུལ་དུ་བཤད་པ་ཡིན་ལ། དེ་སྐད་བཤད་པ་ཙམ་གྱིས་རང་སྟོང་གཞན་སྟོང་འགལ་མེད་དུ་ཅིས་གོ་སྙམ་ན། འདི་ལ་བརྟེན་ནས་ཤིན་ཏུའང་སྟེ། རང་ལུགས་ཡིག་ཆ་འཛིན་པ་སུས་ཀྱང་སྔར་མ་བཤད་པ་སྟེ་འདི་ལ་གོ་བ་ལྷག་པོ་ཞིག་བཤད་པ་ཡིན་ནོ།།

བཀའ་མཐའ་མའི་བརྗོད་བྱ་ལས་གཞན་པ་ཞིག་གཞན་སྟོང་ཟེར་ཡོད་དམ་མེད། གལ་ཏེ་ཡོད་ན་རྒྱ་བོད་སུས་ཀྱང་མ་བཤད་པའི་གཞན་སྟོང་ཞིག་ཡོད་པར་འགྱུར་མོད་ཀྱི་དེ་ནི་མ་ཡིན་ནོ། ། མེད་ན་གཞན་སྟོང་ཞེས་པའང་སྟོང་གསལ་འགག་མེད་ཀུན་ཁྱབ་བདེ་བར་གཤེགས་པའི་སྙིང་པོ་འདི་ཉིད་ལས་གཞན་མེད་ལ། དེ་ལྟར་ཡང་བཀའ་བར་པ་ནས་བསྟན་པའི་བརྗོད་བྱ་ལས་གཞན་པ་ཞིག་རང་སྟོང་ཞེས་པ་མེད་ཅིང་། བཀའ་བར་མཐའ་དགོངས་པ་འགལ་མེད་དུ་འགྲོ་ཟེར་བ་དེ་ཡང་། བརྗོད་བྱ་འདི་གཉིས་འགལ་མེད་དུ་འགྲོ་ཟེར་བ་ལས་གཞན་པ་ཞིག་མེད་པའི་ཕྱིར་ན། རང་སྟོང་གཞན་སྟོང་ཞེས་བཀའ་བར་མཐའི་བརྗོད་བྱ་འདི་གཉིས་ལས་གཞན་པ་མེད་པས། འདིས་གཉིས་འགལ་བར་མེད་པར་ཤེས་པ་གྱིས་ཤིག ཇི་སྲིད་དུ་བཀའ་བར་མཐའ་འགལ་མེད་དུ་བསྒྲུབ་རིགས་པ་དེ་སྲིད་དུ། འདི་གཉིས་འགལ་མེད་ཁོ་ནར་བསྒྲུབ་རིགས་པ་ཡོན་ནོ།།

འོ་ན་དོན་དམ་གྱི་ཆོས་བདེ་གཤེགས་སྙིང་འདི་ཉིད་ནི་རང་གི་ངོ་བོ་སྟོང་བ་ཡིན་ནམ་སྙམ་ན། ཡིན་ཏེ། སྤྱི་དོན་འོད་གསལ་སྙིང་པོ་ལས། དང་པོ་འཁོར་འདས་ཀྱི་ཆོས་རྣམས་ལ་གཅིག་དུ་བྲལ་ལ་སོགས་པ་དབུ་མའི་གཏན་ཚིགས་རྣམས་ཀྱིས་ཚུལ་བཞིན་དཔྱད་པས། མ་དག་འཁོར་བའི་ཆོས་དང་། དག་པ་སྐུ་དང་ཡེ་ཤེས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་བདེན་པར་གྲུབ་པའི་དངོས་པོ་རྡུལ་ཕྲ་བ་ཙམ་ཡང་མེད་པར་ངེས་པར་བྱའོ། ། སྟོང་ཐུན་སེངྒེའི་ང་རོ་ལས། རིགས་པས་དཔྱད་ན་ཡང་བདེ་གཤེགས་སྙིང་པོ་ངོ་བོ་སྟོང་པ་ཡིན་པའི་གནད་ཀྱིས་སེམས་ཀྱི་ཆོས་ཉིད་དུ་རུང་བ། ཡུལ་ཐམས་ཅད་ལ་ཁྱབ་པ། དུས་ཇི་སྲིད་དུ་རྟག་པ། བསམ་གྱིས་མི་ཁྱབ་པ། ཡོན་ཏན་རྣམ་པ་ཐམས་ཅད་པར་རིས་མེད་དུ་འཆར་བ་ཡིན་གྱི། རང་གི་ངོ་བོ་མི་སྟོང་པར་བདེན་པར་གྲུབ་པ་ལ་ཆོས་གཞན་གྱི་ཆོས་ཉིད་དུ་རུང་བ་སོགས་རྣམ་པ་ཀུན་ཏུ་མི་སྲིད་ཅིང་དོན་དམ་དཔྱོད་པའི་ཚད་མས་གཏན་ལ་ཕབ་པའི་གྲུབ་འབྲས་སུ་ཡང་མི་བཏུབ་སྟེ་ཆོས་ཐམས་ཅད་བདེན་མེད་དུ་དཔྱོད་པའི་ལག་རྗེས་ལ་བདེན་གྲུབ་གཅིག་འགྲུབ་པ་ནི་སྣང་བ་ལས་མུན་པ་ལྟར་གནས་མ་ཡིན་པའི་ཕྱིར་རོ། །ཐ་སྙད་དཔྱོད་པའི་ཚད་མས་ཀྱང་བདེན་གྲུབ་མི་འགྲུབ་སྟེ། དེའི་ངོར་བདེན་པར་གྲུབ་ཀྱང་དེ་ཙམ་གྱིས་ཆོས་དེ་མི་སྟོང་པར་རྣམ་པ་ཀུན་ཏུ་འགྲུབ་མི་ནུས་པའི་ཕྱིར་རོ། །ཚད་མ་གཉིས་ཀྱིས་སྒྲུབ་མ་ནུས་པར་གྱུར་པ་ལ་སྒྲུབ་བྱེད་ནམ་མཁའི་མེ་ཏོག་གི་རྗེས་སུ་འགྲོ་བས་དེ་སྒྲུབ་པ་དོན་མེད་ཀྱི་ངལ་བར་ཟད་དོ། ། ཞེས་དང་། ཤེས་བྱའི་ཁོངས་ན་བདེན་གྲུབ་གཅིག་ཡོད་ན། ། ཤེས་བྱ་འདི་ཀུན་གཏན་ནས་མི་སྣང་འགྱུར། །ཤེས་བྱ་གཅིག་ཀྱང་བདེན་པ་མ་གྲུབ་པས། ། མཐའ་མེད་ཤེས་བྱའི་ཆོས་ཚུལ་རྣམ་པར་བཀྲ། །

ཞེས་པ་ལྟར་བཀའ་བར་བ་ནས་བསྟན་པ་ལྟར་དོན་དཔྱོད་རིགས་པའི་ངོ་ལ་མི་སྟོང་བའི་ཆོས་གཅིག་ཀྱང་མེད་པ་ཡིན་ནོ།།

ཁ་ཅིག་གིས། རྒྱུད་བླ་ལས། རྣམ་དབྱེ་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གིས། རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱི་སྟོང་མ་ཡིན། ཞེས་དང་། ངེས་སྒྲོན་ལས། གདོད་ནས་ལྷ་རུ་དག་པ་ལ། །གནས་ལུགས་དཔྱད་པས་ཀྱང་མི་གནོད། ། ད་དུང་ཆོས་དབྱིངས་སྟོད་པ་དང་། བསྟན་རྒྱས་སྨོན་ལམ་སོགས་ལས་རིག་སྟོང་མི་ཤིགས་པ་རྡོ་རྗེ་ལྟ་བུ་རང་གི་ངོ་བོ་མི་སྟོང་པར་བཤད་པ་དང་འགལ་ལོ་སྙམ་ན། མི་འགལ་ཏེ། དེ་དག་གི་དོན་ནི་མཉམ་བཞག་ཡེ་ཤེས་ཀྱི་གཞལ་དོན་མཐར་ཐུག་ཡིན་པ་དང་དེས་སྤྲོས་པ་མེད་པའི་ཚུལ་གྱིས་འཇལ་བ་ལ་དགོངས་པ་ཡིན་གྱི། དོན་དཔྱོད་རིགས་པས་མི་སྟོང་བ་ཞིག་ཡོད་ཞེས་པའི་གོ་བ་ནི་མ་ཡིན་ནོ།།

མདོར་ན་རང་ལུགས་ནི། སངས་རྒྱས་ཀྱི་བསྟན་པ་རྨ་མེད་པ་གཟུང་བར་བྱ་བའི་ཕྱིར། རྟག་ཆད་གཉིས་དང་བྲལ་བའི་དབུ་མ་ཆེན་པོ་སྨྲ་བ་ཡིན་ཏེ། ད་ནི་ཁམས་ཀྱི་རང་བཞིན་ལ་ལོག་པར་རྟོག་པའི་ཕྱོགས་འགའ་ཞིག་བཟློག་པ་ལ། མི་སྟོང་པར་བདེན་གྲུབ་ཏུ་ལྟ་བ་བཟློག་པ། སྟོང་པ་ཕྱང་ཆད་དུ་ལྟ་བ་བཟློག་པ། མི་རྟག་པར་འདུས་བྱས་སུ་འཛིན་པ་བཟློག་པའོ། །ཞེས་གསུངས་པ་ལྟར་སྟོང་བ་ཕྱང་ཆད་དང་། མི་སྟོང་བདེན་གྲུབ་འདོད་པ་གྲུབ་མཐའ་ངན་པའི་ལྟ་བ་གཉིས་ཀའི་ཕྱོགས་སུ་མ་ལྷུང་བ་གཏན་ལ་ཕབ་པ་ཡིན་ཏེ།

ངེས་སྒྲོན་ལས།

དགག་སྒྲུབ་གཉིས་དང་བྲལ་བ་ཡི། ། བློ་འདས་གདོད་མའི་ཆོས་ཉིད་ཡིན། ། ཞེས་པ་ལྟར་དུ་གཟུང་བ་ཡིན་ནོ།།


དཔྱད་གཞིའི་ཡིག་ཆ།

རྒྱལ་བའི་མདོ། རྒྱལ་ཚབ་བྱམས་མགོན་པོ། རྒྱུད་བླ་མ། ལྔ་རིག་དཔེ་ཚོགས། ཀྲུང་གོའི་བོད་རིག་དཔེ་སྐྲུན་ཁང་།

ཀློང་ཆེན་རབ་འབྱམ། གྲུབ་མཐའ་མཛོད། བོད་ལྗོངས་མི་དམངས་མི་དཔེ་སྐྲུན་ཁང་།

འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ། ངེས་ཤེས་སྒྲོན་མེ། མཚོ་སྔོན་ཞིང་ཆེན་ཞིན་ཧྭ་དཔེ་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ།འཇུག་འབྲེལ་ཟླ་བའི་ཞལ་ལུང་། འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ། མཚོ་སྔོན་ཞིང་ཆེན་ཞིན་ཧྭ་དཔེ་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྟོང་མཐུན་སེང་གེ་ང་རོ། མཚོ་སྔོན་ཞིང་ཆེན་ཞིན་ཧྭ་དཔེ་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

སླར་སྨྲས་པ།

མཐའ་བྲལ་དབུ་མ་ཆེན་པོའི་གཤིས་ལུགས་ལ། །

བདག་བློའི་མིག་གིས་ཅུང་ཟད་དཔྱད་པའི་འབྲས། །

རྣམ་དཀར་དགེ་བའི་ལེགས་ཚོགས་ཅི་འགྱུར་དག །

ཡང་དག་བདེ་བ་ཆེན་པའི་རྒྱུ་རུ་བསྔོ། །


 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3641