དེ་ལ་(༡)མདོ་ལས་ཇི་ལྟར་བསྟན་ཚུལ་བཤད་པ། (༢)གཅིག་གིས་གཅིག་སྟོང་པ་ཉིད་སྟོང་ཉིད་གོ་ཆོད་དུ་འགྲོ་མིན་བཤད་པའོ། །
དང་པོ་ནི། ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་གཅིག་གིས་གཅིག་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། གང་ཅི་མེད་པ་དེ་ནི་དེས་སྟོང་ཞེས་བྱའོ། །འདི་ལྟ་སྟེ། བློ་གྲོས་ཆེན་པོ་རི་དགས་འཛིན་གྱི་མའི་ཁང་པ་ན་གླང་པོ་དང་། བ་གླང་དང་། ལུག་ལ་སྩོགས་པ་མེད་ཀྱང་དགེ་སློང་དང་། དགེ་སློང་མ་ལ་སྩོགས་པས་ནི་སྟོང་པ་ཉིད་མ་ཡིན་ནོ་ཞེས་ངས་བཤད་དེ། དེ་ནི་དེ་བདག་གིས་སྟོང་ངོ་ཞེས་བྱ་ཡང་། བློ་གྲོས་ཆེན་པོ་ཁང་པ་ཁང་པའི་དངོས་པོ་མེད་པ་མ་ཡིན། དགེ་སློང་རྣམས་ཀྱང་དགེ་སློང་གི་ངོ་བོར་མེད་པ་མ་ཡིན་ཏེ། གླང་པོ་དང་། བ་ལང་དང་། ལུག་ལ་སོགས་པའི་དངོས་པོ་དེ་དག་གུད་ན་མི་འཁོད་པའང་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ནི་གཅིག་ལ་གཅིག་མེད་དེ། དེའི་ཕྱིར་གཅིག་གིས་གཅིག་སྟོང་པ་ཉིད་ཅེས་བྱའོ། །ཞེས་གསུངས་པ་ལྟར་གང་ལ་གང་མེད་པ་ནི་གཅིག་གིས་གཅིག་སྟོང་པ་སྟེ་དཔེར་ན་ཁང་པ་མིས་སྟོང་པའམ་ཀ་བ་བུམ་པས་སྟོང་པ་ལྟ་བུ་ཞིག་ལ་བཞག་ཡོད་པར་ཤེས་པར་བྱའོ། །
གཉིས་པ་ནི། ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་འདི་ནི་སྟོང་པ་ཉིད་རྣམ་པ་བདུན་ཏེ། བློ་གྲོས་ཆེན་པོ་གཅིག་གིས་གཅིག་སྟོང་པ་ཉིད་འདི་ནི་ཀུན་གྱི་ཐ་ཤལ་ཏེ། དེ་ནི་ཁྱོད་ཀྱིས་ཡོངས་སུ་སྤང་བར་བྱའོ། །ཞེས་གསུངས་པས་ན་ལང་གཤེགས་རང་ལས་སྟོང་ཉིད་ལ་«མཚན་ཉིད་སྟོང་པ་ཉིད་དང་། དངོས་པོའི་རང་བཞིན་སྟོང་པ་ཉིད་དང་། སྲིད་པ་སྟོང་པ་ཉིད་དང་། མི་སྲིད་པ་སྟོང་པ་ཉིད་དང་། ཆོས་ཐམས་ཅད་བརྗོད་དུ་མེད་པ་སྟོང་པ་ཉིད་དང་། དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཆེན་པོ་ཉིད་དང་། གཅིག་གིས་གཅིག་སྟོང་པ་ཉིད་»དང་བདུན་ལས་གཅིག་གིས་གཅིག་སྟོང་པ་ཉིད་ནི་སྟོང་པ་ཉིད་བདུན་གྱི་ཐ་ཤལ་ལམ་སྤང་བར་བྱ་དགོས་པར་བསྟན་པ་ལ་བལྟས་ན་གཅིག་གིས་གཅིག་སྟོང་བའམ་གཞན་གྱིས་གཞན་སྟོང་བ་ཙམ་གྱིས་སྟོང་བ་གོ་ཆོད་དུ་འགྲོ་བཞིན་མི་འདུག་པས་སོ་སྙམ་མོ། །
དེ་ཡང་བོད་གངས་ཅན་གྱི་མཁས་པ་རྣམས་ཀྱིས་འདིའི་དགོངས་པ་ལེན་ཚུལ་མི་འདྲ་བ་གཉིས་སུ་གྱེས་འདུག་སྙམ་སྟེ། ཀུན་མཁྱེན་རྒྱལ་བ་ཇོ་ནང་པ་དང་། སྔ་འགྱུར་རྙིང་མ་པའོ། །
དང་པོ་ནི། ཀུན་མཁྱེན་རྟོན་པ་བཞི་ལྡན་ནམ་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་རི་ཆོས་ངེས་དོན་རྒྱ་མཚོ་ལས་འདི་ལྟར་གསུངས་པ་སྟེ། ༼སྟོང་གཞི་དོན་དམ་གཞན་སྟོང་ལ་ལུང་འགལ་གྱི་ལོག་རྟོག་བསལ་བ།༽ འདིར་གལ་ཏེ་ལང་ཀར་གཤེགས་པའི་མདོར། སྟོང་ཉིད་བདུན་གསུངས་པ་ལས། གཅིག་གིས་གཅིག་སྟོང་བའི་སྟོང་ཉིད་ནི་བདུན་པོ་ཀུན་གྱི་ཐ་ཤལ་དུ་གསུངས་ཤིང་དེ་འདྲའི་སྟོང་ཉིད་དེ་ཡོངས་སུ་སྤང་བར་བྱའོ། །ཞེས་གསུངས་པས། ཁྱེད་ཀྱི་དོན་དམ་གཞན་སྟོང་ཡང་དེ་ལས་ཁྱད་པར་ཅི་ཞིག་ཡོད་སྙམ་དུ་སེམས་ན། དེ་ལྟ་མ་ཡིན་ཏེ། ལང་ཀར་གཤེགས་པའི་མདོར། གཅིག་གིས་གཅིག་སྟོང་བའི་སྟོང་ཉིད་ཐ་ཤལ་དུ་གསུངས་པ་དེ་ནི་ཁང་པ་མིས་སྟོང་བའམ་བུམ་པ་ཀ་བས་སྟོང་པ་ལྟར། ཀུན་རྫོབ་ཀྱི་ཆོས་རྣམས་ཉིད་ཕན་ཚུན་གཅིག་གིས་གཅིག་སྟོང་བའི་སྟོང་ཉིད་དེ་ལྟ་བུ་དེ་ལ་དགོངས་པར་མདོ་དེ་ཉིད་ལས་གསུངས་ཤིང༌།དེ་དང་དོན་དམ་རང་བཞིན་པ་དེ་ཀུན་རྫོབ་གློ་བུར་བའི་ཆོས་རྣམས་(ཐམས་ཅད་)ཀྱིས་སྟོང་པ་ནི་ཁྱད་པར་ཆེ་བ་ལས་ཀྱང་ཆེས་ཤིན་ཏུ་ཆེ་བའི་ཕྱིར་ཏེ། མདོ་དེ་ཉིད་ལས། བློ་གྲོས་ཆེན་པོ་འཕགས་པའི་ཡེ་ཤེས་སྟོང་པ་ཉིད་ཆེན་པོ་གང་ཞེ་ན་འདི་ལྟ་སྟེ། བདག་གི་སོ་སོ་རང་གིས་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པ་ནི། ལྟ་བ་དང་ཉེས་པའི་བག་ཆགས་ཐམས་ཅད་ཀྱིས་སྟོང་སྟེ་དེའི་ཕྱིར་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཆེན་པོ་ཉིད་ཅེས་བྱའོ། །ཞེས་སྟོང་ཉིད་བདུན་གྱི་ནང་ནས་དོན་དམ་པ་འཕགས་པའི་ཡེ་ཤེས་དེ་ལྟ་བ་དང་ཉེས་པའི་བག་ཆགས་ཐམས་ཅད་ཀྱིས་སྟོང་བའི་གཞན་སྟོང་ལ་སྟོང་པ་ཆེན་པོ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཁང་པ་རྟ་གླང་གིས་སྟོང་བ་ལ་སོགས་པ་ནི་དོན་དམ་གཞན་སྟོང་གི་དཔེར་གསུངས་ཀྱི་སྟོང་ཉིད་ཀྱི་དོན་དུ་མ་གསུངས་ཏེ། དེ་ནི་ཀུན་རྫོབ་སྟོང་ཉིད་ཀྱང་མ་ཡིན་ལ་དོན་དམ་སྟོང་ཉིད་ཀྱང་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་རང་སྟོང་གིས་དོན་དམ་སྟོང་ཉིད་ཀྱི་གོ་མི་ཆོད་པ་ཇི་ལྟ་བ་དེ་བཞིན་དུ། གཞན་སྟོང་གིས་ཀྱང་ཀུན་རྫོབ་སྟོང་ཉིད་ཀྱི་གོ་མི་ཆོད་དོ། ། དེའི་ཕྱིར་ཀུན་རྫོབ་སྟོང་ཉིད་ལ་དགོངས་ནས་གཅིག་གིས་གཅིག་སྟོང་བ་དེ་སྟོང་ཉིད་ཀྱི་ཐ་ཤལ་ཡིན་པས་སྤང་བར་གསུངས་ལ། དེ་ནི་དེ་ཁོ་ན་ལྟར་ཁོ་བོ་ཅག་ཀྱང་འདོད་པ་ཡིན་ནོ། །དེའི་ཕྱིར་ལུང་དང་འགལ་བའི་སྐྱོན་མེད་དོ། །ཞེས་གསུངས་པ་ལྟར་རོ། །འདི་ནི་གཞན་སྟོང་དབུ་མ་ཆེན་པོའི་ལུགས་ལ་མདོ་འདིའི་དགོངས་པ་ལེན་ཚུལ་ཡག་ཤོས་ཤིག་ཏུ་སྙམ་པའོ། །འོན་ཏེ་ལང་ཀར་གཤེགས་པ་རང་གི་སྒྲས་ཟིན་ལྟར་དུ་ཚིག་གོང་འོག་བསྒྲིགས་ནས་ལུང་དོན་དུ་འབྱོར་མིན་ལ་དཔྱད་པར་བྱ་སྟེ། མདོ་ཚིག་གོང་གི་འོག་ཏུ་ལང་གཤེགས་རང་ལས་དེ་བཞིན་གཤེགས་པའི་སྙིང་པོ་མུ་སྟེགས་པའི་བདག་དང་མི་མཚུངས་པའི་ཚུལ་གསུངས་པའི་སྐབས་དེ་བཞིན་གཤེགས་པའི་སྙིང་པོ་རྣམ་ཐར་སྒོ་གསུམ་གྱི་སྒོ་ནས་ངོ་བོ་སྟོང་པར་བསྟན་འདུག་པས་སོ། ། དེས་ན་གོང་ནས་ལང་གཤེགས་རང་ལས་གཅིག་གིས་གཅིག་སྟོང་པ་ཙམ་གྱིས་སྟོང་པའི་གོ་མི་ཆོད་པར་བསྟན་པ་དང་། འོག་ནས་འདི་ལྟར་དུ་འབྱུང་བས་བསམ་གཞིག་བྱ་དགོས་སྙམ་པའོ། །མདོ་དེ་ཉིད་ལས།(བློ་གྲོས་ཆེན་པོ་དང་བདག་ཅག་གི་སྟོན་པ་རྣམ་གཉིས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་མུ་སྟེགས་པའི་བདག་དང་མཚུངས་མི་མཚུངས་གསུངས་པའི་མཇུག་ཏུ།)བློ་གྲོས་ཆེན་པོ་དེ་ལྟ་བས་ན་མུ་སྟེགས་བྱེད་ཀྱི་ལྟ་བ་རྣམ་པར་བཟློག་པའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་བདག་མེད་པའི་རྗེས་སུ་འཇུག་པར་བྱའོ། །ཞེས་གསུངས་པས་དེ་བཞིན་གཤེགས་པའི་སྙིང་པོ་བདག་མེད་དུ་ཞལ་གྱིས་བཞེས་དགོས་ལ། དེ་ལྟར་ན་རིགས་པའི་ལག་རྗེས་ལ་བརྟེན་ནས་བདག་མེད་དུ་གཏན་ལ་ཕབ་པ་ལས་གཞན་མི་སྲིད་པས་དེ་ལ་རིགས་པས་དཔྱད་པ་མི་འཇུག་པའི་དམ་བཅའ་པྲ་ཡས་པ་ལྟར་མི་འགྱུར་རམ་ཞེས་པ་ལགས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་བདག་མེད་དུ་ཞལ་གྱིས་བཞེས་ནས་དོན་དམ་པའི་བདག་མེད་དུ་ཁས་བླངས་ན། དེ་བཞིན་གཤེགས་པའི་སྙིང་པོ་དོན་དམ་པའི་བདེན་གྲུབ་ཏུ་ཞལ་གྱིས་བཞེས་ནས་བདེན་མེད་དུ་ཁས་བླངས་མི་ཆོག་པར་ཅི་ཡིན་སོམས་ཤིག །གཞན་ཡང་གོང་དེ་དོན་དམ་གཞན་སྟོང་གི་དཔེ་རུ་གསུངས་པ་རེད་ཅེས་ལབ་མོད། མདོ་རང་ལས་སྟོང་ཉིད་ལ་བདུན་དུ་གསུངས་ཤིང་བདུན་པོ་སོ་སོའི་དོན་གསུངས་པ་ལས་དོན་དམ་གཞན་སྟོང་གི་དཔེ་རུ་གསུངས་འདུག་བསམ་པ་ཞིག་ཡེ་ནས་མི་འདུག་པས་སོ། །མདོར་ན་གོང་དུ་མདོའི་དགོངས་པ་ལེན་ཚུལ་ནི། ཀུན་རྫོབ་ལ་གཅིག་གིས་གཅིག་གིས་སྟོང་པའམ་གཞན་གྱིས་གཞན་སྟོང་པ་ཙམ་གྱིས་སྟོང་པའི་གོ་མི་ཆོད་ལ་དོན་དམ་ལ་དེ་ལྟར་མིན་པའི་ཞིབ་ཆ་ཕྱེས་ཡོད་པར་ཤེས་གསལ་རེད་འདུག་པས་སོ། །འདིའི་གནད་ནི། ཀུན་རྫོབ་རྣམས་རང་རང་གི་ངོ་བོས་སྟོང་པར་གཏན་ལ་འབེབས་ནུས་ལ། དོན་དམ་རྣམས་རང་རང་གི་ངོ་བོས་སྟོང་པར་གཏན་ལ་འབེབས་མི་ནུས་པས་ཡིན་པའོ། །
གཉིས་པ་ནི། འཇུ་མི་ཕམ་པའི་བདེ་གཤེགས་སྙིང་པོའི་སྟོང་ཐུན་སེངྒེའི་ང་རོར་འདི་ལྟར་གསུངས་པ་སྟེ། ༼ད་ནི་ཁམས་ཀྱི་རང་བཞིན་ལ་ལོག་པར་རྟོག་པའི་ཕྱོགས་འགའ་ཞིག་བཟློག་པ་ལ་གསུམ་ལས། དང་པོ་མི་སྟོང་པར་བདེན་གྲུབ་ཏུ་ལྟ་བ་བཟློག་པར་བཤད་པའི་སྐབས་སུ།༽རང་གི་ངོ་བོ་མ་སྟོང་ན་ཆོས་གཞན་གྱིས་སྟོང་པ་ཡོད་ཀྱང་སྟོང་གོ་མི་ཆོད་དེ། སྟོང་པ་བདུན་གྱི་ནང་ནས་ཐ་ཤལ་བ་གཅིག་གཅིག་གིས་སྟོང་པ་སྟེ། དེ་སྤང་བར་བྱ་ཞེས་སོགས་མཐའ་ཡས་པ་དང་། ཞེས་གསུངས་པ་ལྟར་རྒྱབ་རྟེན་གྱི་ཁུངས་སུ་ལང་ཀར་གཤེགས་པ་སོགས་དྲངས་ནས་དེ་བཞིན་གཤེགས་པའི་སྙིང་པོ་མུ་སྟེགས་པའི་བདག་དང་མི་འདྲ་བའི་ཚུལ་ལ་རྣམ་ཐར་སྒོ་གསུམ་གྱི་སྒོ་ནས་ངོ་བོ་སྟོང་པར་བསྟན་འདུག་པས་སོ། །དེ་བཞིན་དུ་སྟོང་པ་ལ་རང་རང་གི་ངོ་བོས་མ་སྟོང་ན། སྟོང་པའི་གོ་མི་ཆོད་པར་ཐད་ཀར་ཀུན་རྫོབ་དང་དོན་དམ་ལ་ཁྱད་མ་ཕྱེས་པར་གསུངས་ཀྱིན་འདུག་སྙམ་པ་སྟེ། བདེ་གཤེགས་སྙིང་པོའི་སྟོང་ཐུན་སེངྒེའི་ང་རོ་རུ། ༼གོང་གི་ལང་གཤེགས་སོགས་ཀྱི་ལུང་དྲངས་ཟིན་པའི་རྗེས་སུ་མཇུག་སྡོམ་མཛད་པའི་སྐབས་སུ།༽ཞེས་པ་ལ་སོགས་པའི་ལུང་གི་དོན་དེ་བཞིན་དུ། རིགས་པས་དཔྱད་ན་ཡང་བདེ་གཤེགས་སྙིང་པོ་ངོ་བོ་སྟོང་པ་ཡིན་པའི་གནད་ཀྱིས་སེམས་ཀྱི་ཆོས་ཉིད་དུ་རུང་བ། ཡུལ་ཐམས་ཅད་ཁྱབ་པ། དུས་ཇི་སྲིད་དུ་རྟག་པ། བསམ་གྱིས་མི་ཁྱབ་པ། ཡོན་ཏན་རྣམ་པ་ཐམས་ཅད་པར་རིས་མེད་དུ་འཆར་བ་ཡིན་གྱི། རང་གི་ངོ་བོ་མི་སྟོང་པར་བདེན་པར་གྲུབ་པ་ལ་ཆོས་གཞན་གྱི་ཆོས་ཉིད་དུ་རུང་བ་སོགས་རྣམ་པ་ཀུན་ཏུ་མི་སྲིད་ཅིང་དོན་དམ་དཔྱོད་པའི་ཚད་མས་གཏན་ལ་ཕབ་པའི་གྲུབ་འབྲས་སུ་ཡང་མི་བཏུབ་སྟེ་ཆོས་ཐམས་ཅད་བདེན་མེད་དུ་དཔྱོད་པའི་ལག་རྗེས་ལ་བདེན་གྲུབ་གཅིག་འགྲུབ་པ་ནི་སྣང་བ་ལས་མུན་པ་ལྟར་གནས་མ་ཡིན་པའི་ཕྱིར་རོ། །ཐ་སྙད་དཔྱོད་པའི་ཚད་མས་ཀྱང་བདེན་གྲུབ་མི་འགྲུབ་སྟེ། དེའི་ངོར་བདེན་པར་གྲུབ་ཀྱང་དེ་ཙམ་གྱིས་ཆོས་དེ་མི་སྟོང་པར་རྣམ་པ་ཀུན་ཏུ་འགྲུབ་མི་ནུས་པའི་ཕྱིར་རོ། །ཚད་མ་གཉིས་ཀྱིས་སྒྲུབ་མ་ནུས་པར་གྱུར་པ་ལ་སྒྲུབ་བྱེད་ནམ་མཁའི་མེ་ཏོག་གི་རྗེས་སུ་འགྲོ་བས་དེ་སྒྲུབ་པ་དོན་མེད་ཀྱི་ངལ་བར་ཟད་དོ། །ཞེས་གསུངས་པ་ལྟར་དོན་དཔྱོད་རིགས་པ་ལ་བརྟེན་ནས་བདེ་གཤེགས་སྙིང་པོ་ངོ་བོ་སྟོང་པར་འཇོག་དགོས་པར་གསུངས་པ་འདི་དང་། ཚད་མ་གཉིས་པོ་གང་གི་དབང་དུ་བྱས་ན་བདེན་གྲུབ་མི་འགྲུབ་པའམ་མི་སྟོང་པར་མི་འགྲུབ་པར་གསུངས་པའི་ཚུལ་འདི་གཉིས་ལ་བསམ་ན་བདེ་གཤེགས་སྙིང་པོ་རང་སྟོང་དུ་འཇོག་གིན་མི་འདུག་གམ་སྙམ་པ་ཞིག་བྱུང་བས་གཟུར་གནས་ཀྱི་བློ་དང་ལྡན་པ་རྣམས་ཀྱིས་གང་ཡིན་དཔྱད་པ་མཛད་པར་ཞུ་བ་ལགས་སོ། ། ༼གོང་གི་རྒྱབ་རྟེན་གྱི་ཁུངས་སུ་དྲངས་པའི་ལུང་དག་ལ་ཞིབ་མོར་གཟིགས་འདོད་ན་བདེ་གཤེགས་སྙིང་པོའི་སྟོང་ཐུན་ཆེན་མོ་སེངྒེའི་ང་རོ་འཇལ་བར་བྱའོ། །༽གལ་ཏེ་བདེ་གཤེགས་སྙིང་པོ་བདེ་གཤེགས་སྙིང་པོས་མི་སྟོང་པར་ཁས་བླངས་ན། བདེ་གཤེགས་སྙིང་པོ་ངོ་བོ་སྟོང་པར་གསུངས་པ་དང་། ལང་གཤེགས་རང་ལས་བདེ་གཤེགས་སྙིང་པོ་མུ་སྟེགས་པའི་བདག་དང་མི་འདྲ་བའི་ཚུལ་རྗེས་སུ་གསུངས་ནས་སྟོང་ཉིད་བདུན་སྔོན་དུ་གསུངས་ཡོད་ཀྱང་། སྟོང་ཐུན་སེངྒེའི་ང་རོ་རུ་ལང་གཤེགས་ལས་བདེ་གཤེགས་སྙིང་པོ་མུ་སྟེགས་པའི་བདག་དང་མི་འདྲ་བའི་ཚུལ་གསུངས་པ་སྔོན་དུ་གསུངས་ནས་དེ་ཉིད་ལས་གཅིག་གིས་གཅིག་སྟོང་པ་ཉིད་གསུངས་པ་རྗེས་སུ་གསུངས་ནས་དེ་ཉིད་བདེ་གཤེགས་སྙིང་པོ་མུ་སྟེགས་པའི་བདག་དང་མི་འདྲ་བའི་སྒྲུབ་བྱེད་དུ་དྲངས་འདུག་པས་གཅིག་གིས་གཅིག་སྟོང་པའམ་གཞན་གྱིས་གཞན་སྟོང་པ་ཙམ་གྱིས་ཀུན་རྫོབ་དང་དོན་དམ་གང་ཡིན་ན་སྟོང་པའི་གོ་མི་ཆོད་པར་དངོས་སུ་གསུངས་པ་འདི་དག་གི་དགོངས་པ་ཇི་ལྟར་ལེན་དགོས་པ་ཡིན་ནམ་སྙམ་མོ། །དེ་བཞིན་དུ་ངེས་ཤེས་སྒྲོན་མེ་རུ། ཀ་བ་ཀ་བས་མི་སྟོང་དང་། །ཆོས་ཉིད་ཀ་བས་སྟོང་ངོ་ཞེས། །སྟོང་གཞི་བཞག་ནས་གཞན་སྟོང་པ། །ཚིག་དང་དོན་གྱི་གཞན་སྟོང་གཉིས། །ཨེ་མ་དེས་དེ་མ་སྟོངས་ན། །སྟོང་གཞི་མི་སྟོང་ལྷག་མར་ལུས། །གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས། །ལུང་དོན་རིགས་པར་བཅས་ལས་འགལ། །ཀ་བ་ཀ་བའི་བདེན་གྲུབ་གཉིས། །གཅིག་ན་གཅིག་ཁེག་གཅིག་ཀྱང་ཁེག །གཞན་ན་ཀ་བ་མ་ཡིན་པའི། །བདེན་གྲུབ་ཁེག་ཀྱང་ཀ་བ་ནི། །གང་གིས་མི་སྟོང་དཔྱད་བཟོད་འགྱུར། །ཞེས་གསུངས་པ་ལྟར་འདིའི་ཕྱོགས་སྔ་ལ་(ཚིག་གི་གཞན་སྟོང་པས་)ཀ་བ་ཀ་བས་མི་སྟོང་ཀ་བ་བདེན་གྲུབ་ཀྱིས་སྟོང་པར་ཁས་ལེན་པ་དང་། (དོན་གྱི་གཞན་སྟོང་པས་)ཀ་བ་ཀ་བས་སྟོང་ལ་ཆོས་ཉིད་ཀ་བས་སྟོང་ཡང་ཆོས་ཉིད་ཆོས་ཉིད་ཀྱིས་མི་སྟོང་པར་ཁས་ལེན་པ་གཉིས་ལ་དགག་པར་མཛད་འདུག་སྙམ་པས་མཐའ་གཅིག་ཏུ་ཆོས་ཉིད་ཆོས་ཉིད་ཀྱིས་མི་སྟོང་པར་ཁས་ལེན་མི་རིགས་སམ་སྙམ་མོ། །«འདིའི་དོན་འགྲེལ་ཚུལ་གཞན་ཞིག་ཡོད་ཀྱང་འདིར་མ་སྨྲས་སོ། །»ཡང་ངེས་ཤེས་སྒྲོན་མེ་རུ། སྤྱིར་ན་གཞན་གྱིས་སྟོང་པ་དེས། །སྟོང་གོ་ངེས་པར་མི་ཆོད་དེ། །རྟ་ལ་བ་ལང་མ་གྲུབ་ཀྱང་། །རྟ་དེ་སྟོང་བར་ག་ལ་ངེས། །རྟ་མཐོང་དེ་ཡིས་བ་ལང་ལ། །ཅི་ཞིག་ཕན་ཏེ་ཅི་ཞིག་གནོད། །དེ་ཕྱིར་མི་སྟོང་མྱང་འདས་དང་། །འཁོར་བའང་ཆོས་དང་ཆོས་ཉིད་དུ། །མི་རུང་སྣང་སྟོང་ཟུང་འཇུག་དང་། །སྲིད་ཞི་མཉམ་ཉིད་འདི་ལ་མེད། །ཅེས་གསུངས་པ་ལྟར་དུ་གཅིག་གིས་གཅིག་སྟོང་པའམ་གཞན་གྱིས་གཞན་སྟོང་པ་ཙམ་གྱིས་སྟོང་པའི་གོ་མི་ཆོད་པར་སྲིད་ཞི་གཉིས་ལ་ཁྱད་མ་ཕྱེས་པར་བསྟན་འདུག་པས་སོ། །
ཞེས་དངོས་ཉིས་བུ་སྟོན་གྱི་བདེ་གཤེགས་སྙིང་པོ་གསལ་བའི་རྒྱན་འཇལ་ཞོར་དུ་ཤར་མར་བྲིས་པའོ། །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3638
དཔྱད་མཆན་སྤེལ།