སེམས་ཙམ་ལུགས་ཀྱི་ཡོངས་གྲུབ་མེད་དགག་ཏུ་འདོད་དགོས་མིན་གྱི་སྐབས་སུ་ཀུན་མཁྱེན་མི་བསྐྱོད་པའི་བཞེད་དགོངས་གང་ཡིན་ལ་བརྟགས་པ།
སྤྱིར་སེམས་ཙམ་གྱི་ལུགས་སྟོང་ཉིད་ཡོངས་གྲུབ་དེ་གཏན་ལ་འབེབས་པའི་སྐབས་སུ། གཞན་དབང་གི་ཆོས་རྣམས་སྒྲ་རྟོག་གི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་བསྒྲུབ་པའི་རིམ་པ་གཅིག་དང་། གཟུང་འཛིན་རྫས་གཞན་དུ་མ་གྲུབ་པར་བསྒྲུབ་པའི་རིམ་པ་སྟེ་རིམ་པ་གཉིས་ཡོད་པ་ལ། རིམ་པ་གཉིས་གང་གི་སྐབས་སུ་བྱས་ནའང་བསྒྲུབ་བྱའི་སྟོང་ཉིད་ཡོངས་གྲུབ་དེ་ཉིད་མེད་དགག་ཡིན་དགོས་པ་ལྟར་སྣང་མོད། ལང་གཤེགས་ལས། སྣང་མེད་གནས་པའི་རྣལ་འབྱོར་པས། །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །ཞེས་གསུངས་པར་ཁུངས་བཅོལ་ནས། གཉིས་མེད་ཀྱི་ཡེ་ཤེས་ལ་ནི། དེའི་ངོར་དམིགས་བྱ་སྟོང་ཉིད་དང༌། དམིགས་བྱེད་ཡེ་ཤེས་གཉིས་ཐ་དད་པ་གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་ཀྱང་སྟོང་ཉིད་ཡིན་པས། སྟོང་པ་ཉིད་ཀྱི་ཡེ་ཤེས་དེ་ཉིད་ཀྱིས་དེ་ཉིད་དམིགས་པ་ལ་སྟོང་ཉིད་དམིགས་ཞེས་པའི་ཐ་སྙད་བྱས་པ་ཡིན་གྱི། གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་ལས་གཞན་པའི་སྟོང་པ་ཉིད་ནི་མི་འདོད་ཅེས་ཟེར་ཏེ་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་གྱུར་པའི་ཡོངས་གྲུབ་ལ་མེད་དགག་ཏུ་མི་འདོད་མཁན་གྱི་སེམས་ཙམ་པའི་སློབ་དཔོན་ཡང་དུ་མ་བྱུང་ཡོད། སྤྱིར་ལང་གཤེགས་ཀྱི་འགྱུར་འགར། སྣང་མེད་གནས་པའི་རྣལ་འབྱོར་པས། །དེ་ཡིས་ཐེག་པ་ཆེ་མི་མཐོང་། །ཞེས་བྱ་བ་ཡང་ཡོད་མོད། དེའི་སྐོར་གྱི་དཔྱད་པ་ནི་སྔར་བཤད་ཟིན་པས་འདིར་མི་གླེང་། སྐབས་འདིར་གླེང་བར་བྱ་བ་ནི། བརྗོད་གཞི་འདིར་ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་ཡིག་ཆ་རྣམས་ལས་ཇི་ལྟར་འབྱུང་བའི་ཚུལ་དང་། དེ་དག་གི་ཁུངས་རྒྱ་འགྲེལ་གང་དུ་གསལ་མིན་བཅས་ལ་ཞིབ་བརྟགས་ཤིག་བྱའོ། །
དེ་ལ་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོས་ཚད་མ་རིགས་གཞུང་རྒྱ་མཚོ་(1)དང་། ཀརྨའི་ཤིང་རྟ་(2)དང་། ཤེས་བྱ་ཀུན་ཁྱབ་(3)གསུམ་ཆར་ལས་འགྱུར་མེད་ཡོངས་གྲུབ་མེད་དགག་ཏུ་གསུངས་ཤིང་། ཡོངས་གྲུབ་ཀྱི་གཙོ་བོའང་འགྱུར་མེད་ཡོངས་གྲུབ་ཡིན་པར་གསུངས། མ་ཡིན་དགག་ཏུ་འཇོག་རྒྱུའི་ཡོངས་གྲུབ་ནི་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཉིད་ཡིན་པར་རིགས་གཞུང་རྒྱ་མཚོ་(4)ལས་གསུངས་ཤིང་། དེ་ཡང་གཞན་དབང་རྣམ་རིག་གི་གཉུག་མའི་ངོ་བོ་སེམས་ཀྱི་རང་བཞིན་འོད་གསལ་བ་ལ་འདོད་དགོས་པར་གསུངས། གཞུང་འདི་དག་གི་དངོས་བསྟན་སྒྲ་ཇི་བཞིན་པ་ལྟར་ན་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་གྱུར་པའི་ཡོངས་གྲུབ་ནི་འགྱུར་མེད་ཡོངས་གྲུབ་དངོས་མེད་མེད་པར་དགག་པའི་རང་བཞིན་ཉིད་ལ་འདོད་དགོས་པ་ལྟར་སྣང་མོད། དེ་ལྟ་ནའང་རྗེ་མི་བསྐྱོད་པས་མཛད་པའི་དགོངས་གཅིག་འགྲེལ་ཆེན(5)། ཕར་ཕྱིན་འགྲེལ་ཆེན་རྗེ་བཙུན་ངལ་གསོ(6)། བྱ་རྒྱུད་སྤྱིའི་དགོངས་འགྲེལ་རིག་འཛིན་གྲོལ་སྟེར(7)། རླུང་སེམས་དབྱེར་མེད་ཀྱི་སྨད(8)། རྗེ་འདན་མ་ཆེན་པོ་ལ་མི་བཟོད་པའི་གདུང་ཤུགས་སྐྱེས་པའི་གླུ་(9)ཞེས་པ་བཅས་ལས་སེམས་ཙམ་གྱི་ལུགས་ལ་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་གྱུར་པའི་དོན་དམ་བདེན་པ་ནི་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཡིན་པར་གསུངས་པ་དང་། ཁྱད་པར་དབུ་མ་དྭགས་བརྒྱུད་གྲུབ་པའི་ཤིང་རྟ་(10)ལས་ཡོངས་གྲུབ་ལ་མ་ཡིན་དགག་ཡིན་པས་ཁྱབ་པ་དང་སེམས་ཙམ་པས་འདོད་པའི་ཡོངས་གྲུབ་དངོས་མེད་མེད་དགག་ཏུ་འདོད་པ་མི་འཐད་པར་གསུངས་པ་རྣམས་དང་དངོས་བསྟན་གྱི་སྒྲས་ཟིན་འགལ་བ་ལྟག་སྤྲོད་དུ་སྣང་བས་བརྟགས་ཤིང་དཔྱད་དགོས་པའི་གནས་སུ་གྱུར་ཡོད་པ་ཡིན། འཕགས་ཡུལ་དུ་སེམས་ཙམ་པས་འདོད་པའི་ཡོངས་གྲུབ་དངོས་མེད་མེད་དགག་ཏུ་འདོད་པའི་ལུགས་དང་། དངོས་པོ་མ་ཡིན་དགག་ཏུ་འདོད་པའི་ལུགས་གཉིས་སུ་བྱུང་དགོས་པའི་རྩ་བའི་གནད་དོན་ནི། རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་གྱུར་པའི་དོན་དམ་པའི་བདེན་པ་ལ་ཡོངས་གྲུབ་འཇོག་དགོས་པ་གཞིར་བྱས། ཡོངས་གྲུབ་གཉིས་ཀྱི་ནང་ནས་གང་ཞིག་ངོས་འཛིན་དགོས་མིན་ལས་འཕྲོས་པའི་དོགས་གཞི་ཞིག་ཡིན་པར་སྣང་སྟེ། ཡོངས་གྲུབ་གཉིས་ལས་འགྱུར་མེད་ཡོངས་གྲུབ་ཡོངས་གྲུབ་ཀྱི་གཙོ་བོར་འདོད་པའི་སེམས་ཙམ་པ་རྣམས་ཀྱིས་མེད་དགག་ཏུ་གསུངས་པ་དང་། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཡོངས་གྲུབ་ཀྱི་གཙོ་བོར་འདོད་པའི་སེམས་ཙམ་པ་རྣམས་ཀྱིས་མ་ཡིན་དགག་ཏུ་འཆད་པར་སྣང་། དེ་ལྟ་ནའང་རྗེ་བདུན་པའི་ཡིག་ཆ་དང་ཀརྨའི་དགོངས་གསལ་དང་ཤེས་བྱ་ཀུན་ལ་ཁྱབ་པའི་མཛོད་བཅས་ལས་འགྱུར་མེད་ཡོངས་གྲུབ་དེ་ཡོངས་གྲུབ་ཀྱི་གཙོ་བོར་གསུངས་ཏེ་སེམས་ཙམ་གྱི་གཞུང་གྲགས་ཆེ་བ་རྣམས་དང་མཐུན་པར་གསུངས་པ་དང་། ཀུན་མཁྱེན་མི་བསྐྱོད་པའི་ཡིག་ཆ་ལ་ལར་ཡང་སེམས་ཙམ་ལུགས་ཀྱི་ཡོངས་གྲུབ་དེ་དངོས་མེད་མེད་དགག་ཅིག་ཡིན་དགོས་པ་ལྟར་གསུངས་པ་སྟེ། དཔེར་ན་རྗེ་ཉིད་ཀྱིས་མཛད་པའི་ཐུབ་བསྟན་གསེར་མདོག་ཅན་ནས་སློབ་དཔོན་དཔལ་མཆོག་གི་དྲིས་ལན་དང༌སླར་དྲི་བ་སྩལ་བ་(11)ཞེས་པ་ལས་གསུངས་པ་ལྟར་རོ། །གཞན་ཡང་དཔར་ཁང་ལོ་ཙཱ་བས་མཛད་པའི་ཀརྨའི་དགོངས་གསལ་ནས་བཤད་པའི་སེམས་ཙམ་ལུགས་ཀྱི་མཚན་ཉིད་གསུམ་གྱི་རྣམ་བཞག་འདི་རྗེ་མི་བསྐྱོད་པའི་ཡིག་ཆ་རྣམས་ལས་གཙོ་བོར་རླུང་སེམས་དབྱེར་མེད་ལས་འབྱུང་བའི་སེམས་ཙམ་ལུགས་ཀྱི་མཚན་ཉིད་གསུམ་གྱི་རྣམ་བཞག་དེ་སོར་བཞག་བྱས་འདུག་ཅིང་། རྗེ་མི་བསྐྱོད་པའི་རླུང་སེམས་གཉིས་མེད་ལས་ཀྱང་(12)སེམས་ཙམ་ལུགས་ཀྱི་ཡོངས་གྲུབ་བཤད་པའི་སྐབས་སུ་སུམ་ཅུ་པའི་ལུང་གི་རྗེས་སུ་འབྲངས་ཏེ་ཡོངས་གྲུབ་དངོས་མེད་མེད་དགག་ཏུ་གསུངས་པའི་སྐབས་ཀྱང་སྣང་བའི་ཕྱིར། ཅི་སྟེ་རྣམ་དག་ལམ་གྱི་དམིགས་པར་གྱུར་པའི་ཡོངས་གྲུབ་དེ་གཉུག་མའི་འོད་གསལ་མ་ཡིན་དགག་ཅིག་ཏུ་འདོད་དགོས་ཚེ། དེ་ལྟ་བུའི་ཡོངས་གྲུབ་དེ་རྟག་བརྟན་འགྱུར་མེད་ཀྱི་གནས་ལུགས་སུ་འདོད་དགོས་པས། རྗེ་མི་བསྐྱོད་པས་མཛད་པའི་དགོངས་གཅིག་འགྲེལ་ཆེན་(13)དང་། འགྲེལ་ཆེན་རྗེ་བཙུན་ངལ་གསོ(14)། བྱ་རྒྱུད་སྤྱིའི་དགོངས་འགྲེལ་རིག་འཛིན་གྲོལ་སྟེར(15)། རྒན་པོ་རླུང་སྨན་ནམ་བདུད་རྩིའི་དྲི་མཆོག(16) རྗེ་འདན་མ་ཆེན་པོ་ལ་མི་བཟོད་པའི་གདུང་ཤུགས་སྐྱེས་པའི་གླུ་(17)བཅས་ཡིག་ཆ་མང་ཆེ་བར་སེམས་ཙམ་པས་གཉིས་མེད་ཀྱི་ཡེ་ཤེས་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དེ་ཉིད་རྣམ་དག་ལམ་གྱི་དམིགས་པར་གྱུར་པའི་དོན་དམ་པའི་དངོས་པོ་རྟག་བརྟན་འགྱུར་མེད་དུ་འདོད་པར་ཡང་གསུངས་མོད། སེམས་ཙམ་པ་རྣམས་ཀྱིས་དཔལ་འཕྲེང་སེང་གེའི་ང་རོས་ཞུས་པའི་མདོའི་(18)རྗེས་སུ་འབྲངས་ཏེ་ལམ་བདེན་མཐའ་དག་མི་རྟག་པར་འདོད་པ་དང་འགལ་ཞིང་། གཞན་ཡང་རྗེ་མི་བསྐྱོད་པ་རང་གིས་མཛད་པའི་པཎ་ཆེན་དྲིས་ལན་(19)དུ་ཡང་སེམས་ཙམ་པས་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་སྐད་ཅིག་མར་འདོད་པར་གསུངས་པ་དང་། ཡོངས་གྲུབ་མཐར་ཐུག་མ་ཡིན་དགག་ཏུ་གསུངས་མཁན་གྱི་པཎྜི་ཏ་ཆེན་པོ་ཤཱནྟི་པས་ཀྱང་གཉུག་མའི་འོད་གསལ་སྐད་ཅིག་མར་གསུངས་པས་བརྟགས་ཤིང་དཔྱད་དགོས་པའི་གནས་སུ་གྱུར་ཡོད། སྤྱིར་རྒྱ་འགྲེལ་རྣམས་སུ་ཡང་ཡོངས་གྲུབ་དངོས་མེད་མེད་དགག་ཏུ་འདོད་དགོས་པར་གསུངས་པའི་ཕྱོགས་དང་། དངོས་པོ་མ་ཡིན་དགག་ཏུ་འདོད་དགོས་པར་གསུངས་པའི་ཕྱོགས་གཉིས་ཀ་འབྱུང་བས། རང་ལུགས་ཡིག་ཆར་བཤད་སྲོལ་གཉིས་ཀ་འབྱུང་བ་ལ་ཧ་ལས་དགོས་པ་གང་ཡང་མེད། དེ་ཡང་དབུས་མཐའ་དང་དེའི་འགྲེལ་བཤད་བློ་གྲོས་བརྟན་པས་མཛད་པ་ལས་(20)དངོས་མེད་མེད་དགག་ཏུ་གསུངས་པ་དང་། སུམ་ཅུ་པ་ལས་ཀྱང་(21)དངོས་མེད་མེད་དགག་ཏུ་གསུངས་པ་དང་། བྲམ་ཟེ་ཤང་ཀ་ར་ནནྡས་མཛད་པའི་སེལ་བ་གྲུབ་པ་ལས་ཀྱང་(22)མེད་དགག་ཏུ་གསུངས། རྒྱའི་མཁན་པོ་ཡེ་ཤེས་རྡོ་རྗེའམ་ཛྙཱ་ན་བཛྲས་མཛད་པའི་ལང་གཤེགས་ཀྱི་འགྲེལ་པ་སྙིང་པོའི་རྒྱན་ལས་ཀྱང་(23)ཡོངས་སུ་གྲགས་པའི་སེམས་ཙམ་རྣམ་བདེན་རྫུན་གྱི་ལུགས་ལ་ཡོངས་གྲུབ་དངོས་མེད་མེད་དགག་ཏུ་འདོད་དགོས་པར་གསུངས་ཤིང་། ཁོ་རང་ཉིད་ཀྱི་ལུགས་ལ་མ་ཡིན་དགག་གི་སྐྱོང་ལུགས་གསུངས་སོ། །ཡོངས་གྲུབ་མ་ཡིན་དགག་ཏུ་འདོད་དགོས་པར་གསུངས་པ་ནི། སློབ་དཔོན་ཤཱནྟི་པས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ལས་(24)འབྱུང་བ་འདི་ཙམ་ལགས་ཤིང་། འདིས་ཀྱང་སེམས་ཙམ་པའི་རང་རྐང་གི་འདོད་པ་མཚོན་ཐུབ་མིན་བཤད་དཀའ་སྟེ། སློབ་དཔོན་ཤཱནྟི་པས་དབུ་སེམས་འདྲེས་མའི་ལྟ་གྲུབ་སྐྱོང་བ་ཞེས་རྗེ་མི་བསྐྱོད་པས་གསུངས་ཤིང་གསུངས་པ་ལྟར་དོན་ལ་ཡང་གནས་འདུག་པའི་ཕྱིར་རོ། །འདི་ལྟར་ཞིབ་ཏུ་དཔྱད་ན། བདག་གིས་སྔར་ཤེར་ཕྱིན་མངོན་རྟོགས་རྒྱན་ཕྱག་ཆེན་གྱི་མན་ངག་དང་སྦྱར་བའི་འགྲེལ་པ་ལུང་རིགས་མན་ངག་གི་གཏེར་མཛོད་དང་དཔྱད་རྩོམ་འགའ་འགའི་ནང་དུ་ཡོངས་སུ་གྲགས་པའི་སེམས་ཙམ་པ་བདེན་རྫུན་གྱི་བཞག་དང་། པཎ་ཆེན་ཤཱནྟི་པའི་རང་ལུགས་དབང་བཙན་དུ་བྱས་པའི་སེམས་ཙམ་པའི་རྣམ་བཞག་གཉིས་ཡོད་ཅེས་བཤད་པ་དེ་ལ་ངེས་པ་ཇེ་བརྟན་དུ་འགྲོ་བར་འདུག་གོ། །
འོ་ན་རྗེ་མི་བསྐྱོད་པའི་ཡིག་ཆ་དེ་དག་གི་དགོངས་པ་འགལ་མེད་དུ་ཇི་ལྟར་གོ་དགོས་སམ་ཞེ་ན། ཅུང་གསལ་ཁ་ཅན་ཞིག་འཆད་དཀའ་བར་འདུག་མོད། རྗེ་ཉིད་ཀྱིས་མཛད་པའི་མཛོད་འགྲེལ་གྲུབ་བདེའི་དཔྱིད་འཇོ་ལས་(25)སེམས་ཙམ་པ་རང་ལའང་ལུགས་གཉིས་ཡོད་པའི་ཞིབ་ཆ་ཞིག་གསུངས་པ་དང་། འགྲེལ་ཆེན་རྗེ་བཙུན་ངལ་གསོར་ཡང་(26)རྣམ་བདེན་པས་མེད་དགག་སྟོང་པ་ལ་འདོད་པ་དང་རྣམ་རྫུན་པས་མ་ཡིན་དགག་གཉིས་མེད་ཀྱི་ཤེས་པ་ལ་འདོད་པའི་ཞིབ་ཆ་ཞིག་ཀྱང་གསུངས་པས་རེ་ཞིག་དེ་དང་མཐུན་པར་དགོངས་པ་བླངས་ནའང་མི་འགྲིག་རྒྱུ་མེད་དོ་སྙམ། འོན་ཀྱང་འགྲེལ་ཆེན་རྗེ་བཙུན་ངལ་གསོ་ནས་འབྱུང་བའི་རྣམ་རྫུན་པ་ནི་གཙོ་བོར་ཤཱནྟི་པ་རང་ལུགས་ཀྱི་རྣམ་རྫུན་པ་ཡིན་པ་འདི་ཡང་མཁྱེན་དགོས་པ་ནི་གལ་གནད་ཅིག་ཡིན། ཤཱནྟི་པའི་རང་ལུགས་ཀྱི་སེམས་ཙམ་རྣམ་རྫུན་འདི་ལྟར་བྱས་ན་ཡོངས་གྲགས་ཀྱི་རྣམ་རྫུན་པ་ཡང་རྣམ་བདེན་པའི་གྲས་སུ་བཞག་དགོས་པར་གྱུར་ཡོད། ཛྙཱ་ན་བཛྲས་བཤད་པའི་སེམས་ཙམ་གྱི་གྲུབ་པའི་མཐའ་དེ་ཤཱནྟི་པའི་དགོངས་པ་དང་མཐུན་པར་ཧ་ཅང་གསལ་ཞིང་། དེ་ལྟར་ན་དེས་མཛད་པའི་ལང་གཤེགས་ཀྱི་འགྲེལ་པ་ལས་ཡོངས་སུ་གྲགས་པའི་སེམས་ཙམ་རྣམ་བདེན་རྫུན་ཐམས་ཅད་ཀྱིས་ཡོངས་གྲུབ་དངོས་མེད་མེད་དགག་ཏུ་འདོད་པར་གསུངས་ནས་ཁོ་རང་རང་ལུགས་ལ་ཡོངས་གྲུབ་དངོས་པོ་མ་ཡིན་དགག་ཏུ་འདོད་དགོས་པར་གསུངས་པས། དེ་དང་མཐུན་པར་དགོངས་པ་བླངས་ཚེ། རྗེ་མི་བསྐྱོད་པའི་ཡིག་ཆ་འགའ་འགར་ཡོངས་གྲུབ་དངོས་མེད་མེད་དགག་ཏུ་འདོད་དགོས་པ་ལྟར་གསུངས་ནས་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་སྐད་ཅིག་མར་འདོད་དགོས་པར་གསུངས་པ་རྣམས་དང་། དེ་དང་མཐུན་པར་འབྱུང་བའི་རང་ལུགས་ཡིག་ཆ་ཁག་གི་དགོངས་པའི་གཏད་སོ་ནི་ཡོངས་གྲགས་ཀྱི་སེམས་ཙམ་རྣམ་བདེན་རྫུན་གྱི་འདོད་པ་གཞིར་བྱས་པའི་རྣམ་བཞག་ལ་དགོངས་པར་ཧ་ཅང་གསལ་བ་དང་། དེ་ལས་གཞན་དུ་རྗེ་མི་བསྐྱོད་པའི་ཡིག་ཆ་མང་ཆེ་བ་ཞིག་ལས་རྣམ་རྫུན་པའི་ལུགས་ཀྱི་ཡོངས་གྲུབ་དངོས་པོ་མ་ཡིན་དགག་ཏུ་འདོད་དགོས་པར་གསུངས་པ་རྣམས་ནི་ཐུན་མོང་མ་ཡིན་པ་གྲུབ་ཆེན་ཤཱནྟི་པའི་ལུགས་ཀྱི་འདོད་པ་དབང་བཙན་དུ་བྱས་པའི་སེམས་ཙམ་རྣམ་མེད་པའི་རྣམ་བཞག་ལྟར་ཡིན་པར་མཁྱེན་དགོས། དེ་ལྟར་བྱས་ན་གཟོད་རྗེ་མི་བསྐྱོད་པའི་ཡིག་ཆ་ཁག་འགལ་མེད་དུ་མཁྱེན་ནུས་པ་ཡིན། འོན་ཀྱང་ད་དུང་དཀའ་གནད་ཅིག་ལྷག་ཡོད་པ་ནི། ཤཱནྟི་པས་དེ་ཉིད་སྐད་ཅིག་མར་གསུངས་པ་དང་། རྗེ་མི་བསྐྱོད་པས་རྟག་བརྟན་དུ་འདོད་དགོས་པར་གསུངས་པ་གཉིས་གཏན་ནས་མི་མཐུན་པས། རྗེ་མི་བསྐྱོད་པས་ཁུངས་བཅོལ་ས་གཞན་ཞིག་ཡིན་མིན་ཐད་ལ་དཔྱད་དགོས་པར་གྱུར་ཡོད་པ་འདི་རེད། འོན་ཀྱང་བདག་གིས་ཀུན་མཁྱེན་བླ་མའི་ཡིག་ཆ་ཁག་ལ་ཞིབ་མོར་བལྟས་པའི་གོ་ཚོད་ལྟར་བྱས་ན། དངོས་པོ་མ་ཡིན་དགག་ཏུ་འདོད་དགོས་པར་གསུངས་པ་ནི་གྲུབ་ཆེན་ཤཱནྟི་པའི་ལུགས་ལྟར་དུ་གསུངས་མོད། དེ་ཉིད་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཏུ་གྱུར་པའི་དོན་དམ་དུ་འདོད་ཕྱིན། སྐད་ཅིག་མར་འདོད་པ་ནི་སེམས་ཙམ་པའི་སྤྱི་ལུགས་དང་མི་མཐུན་པས། དེ་བས་རྣམ་བཞག་འདི་ནི་ཀུན་མཁྱེན་བླ་མ་རང་གིས་བཞག་པའི་རིགས་པས་འདེད་མཚམས་ཀྱི་རྣམ་བཞག་ཅིག་ཡིན་འདུག་སྙམ་ཡང་མུ་མཐུད་ནས་དཔྱད་དགོས་པ་ལས་ཐག་ཆོད་ཟིན་པ་ཞིག་ནི་མ་ཡིན་ནོ། །སྤྱིར་བདག་གིས་བརྩམས་པའི་ཤེར་ཕྱིན་མངོན་རྟོགས་རྒྱན་ཕྱག་ཆེན་གྱི་མན་ངག་དང་སྦྱར་བའི་འགྲེལ་ཆེན་དུ་དོགས་སློང་འདི་དག་དང་ཞིབ་ཆ་འདི་དག་བཤད་ཟིན་མོད། གསལ་ཁ་ཆེར་བྱས་མེད་པས་འདིར་ཟུར་བཀོད་ཀྱི་ཚུལ་དུ་ཅུང་ཙམ་བྲིས་པ་ལགས།
ཞེས་པ་འདི་ནི་ཀུན་མཁྱེན་མི་བསྐྱོད་པའི་ཡིག་ཆའི་དགོངས་པ་ཚུལ་བཞིན་རྟོགས་པའི་བློ་གྲོས་ཀྱི་ནོར་ཅན་ཤེས་རབ་མཆོག་ལྡན་གྱིས་བྲིས་པ་དགེའོ། །
ཞར་བྱུང་ཟིན་བྲིས།
(1)(4)ཚད་མ་རིགས་གཞུང་རྒྱ་མཚོ་ལས། དེ་ལྟ་བུའི་ཡོངས་སུ་གྲུབ་པ་དེའང་རྣམ་པ་གཉིས་ཏེ། དངོས་པོ་མེད་པའི་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དང་པོ་ནི། གཞན་གྱི་དབང་ལ་གང་ཟག་ཆོས་ཀྱི་བདག་དོན་གཞན་གྱིས་དབེན་པའི་སྟོང་པ་ཉིད་མེད་པར་དགག་པའི་རང་བཞིན་ནོ། །གཉིས་པ་ནི་གཞན་དབང་དེ་ཉིད་བདག་གཉིས་ཀྱི་ངོ་བོར་མ་གྲུབ་པའི་སྟོང་པ་ཉིད་མ་ཡིན་དགག་གི་རང་བཞིན་ཏེ། གཞན་དབང་རྣམ་རིག་གི་གཉུག་མའི་ངོ་བོ་སེམས་རང་བཞིན་གྱི་འོད་གསལ་བ་ཞེས་བརྗོད་པ་གང་ཡིན་པའོ། །ཇི་སྐད་དུ་དབུས་མཐའ་ལས། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན། །ཞེས་གསུངས་སོ། །ཞེས་སོ། །
(2)ཀརྨའི་དགོངས་གསལ་ལས། ཡོངས་གྲུབ་ལ་འགྱུར་མེད་ཡོངས་གྲུབ་ནི། འཁྲུལ་གཞི་གཞན་དབང་དང་འཁྲུལ་བ་ཀུན་བརྟགས་གཉིས་ཀས་སྟོང་པའི་ཆོས་ཉིད་མེད་དགག་དེ་བཞིན་ཉིད་འདུས་མ་བྱས་ཏེ་འདི་ནི་ཡོངས་གྲུབ་ཀྱི་གཙོ་བོའོ། །ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ནི། གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཤུལ་ན་གཉིས་མེད་ཀྱི་ཤེས་པ་རང་རིག་བདེན་པ་རྫས་སུ་གྲུབ་པ་ཞིག་གོ །འཁོར་དང་བཅས་པའི་དབང་དུ་ན་ལམ་དང་ལམ་གྱི་དམིགས་པ་ཐམས་ཅད་འདིའི་ཁོངས་སུ་འདུའོ། །ཞེས་སོ། །
(3)ཤེས་བྱ་ཀུན་ལ་ཁྱབ་པའི་མཛོད་ལས། ཡོངས་གྲུབ་ལ་འགྱུར་མེད་ཡོངས་གྲུབ་འཁྲུལ་གཞི་གཞན་དབང་དང་འཁྲུལ་བ་ཀུན་བརྟགས་གཉིས་ཀས་སྟོང་པའི་ཆོས་ཉིད་མེད་དགག་དེ་བཞིན་ཉིད་འདུས་མ་བྱས། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཤུལ་ན་གཉིས་མེད་ཀྱི་ཤེས་པ་རང་རིག་བདེན་པ་རྫས་སུ་གྲུབ་པ་ཞིག་གོ །འཁོར་དང་བཅས་པའི་དབང་དུ་ན་ལམ་དང་ལམ་གྱི་དམིགས་པ་ཐམས་ཅད་འདིའི་ཁོངས་སུ་འདུའོ། །ཞེས་སོ། །
(5) དགོངས་གཅིག་འགྲེལ་ཆེན་ལས། སྤྲོས་པ་དང་བྲལ་བ་ན་མྱ་ངན་ལས་འདས་པའོ་ཞེས་མྱང་འདས་ནི་དེ་ཙམ་ལ་སྒྲ་རྟོག་གིས་བརྗོད་ཀྱི་དེ་ལས་གཞན་པའི་མྱང་འདས་ཀྱི་ཆོས་འདི་ཞེས་ཐ་སྙད་ཀྱི་ཡུལ་དུ་དབྱེར་མེད་པས་འདིར་སྡེ་པ་མྱང་འདས་བྲལ་རྫས་དང་། མེད་དགག་ལ་འདོད་པ་དང་། སེམས་ཙམ་པ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཀྱི་དངོས་པོར་འདོད་པ་སོགས་དང་། ཞེས་དང་། ཡང་དེ་ཉིད་ལས། སེམས་ཙམ་པ་ནི་དེ་བཞིན་ཉིད་ཀུན་བཏགས་ཀྱི་སྟོང་པའི་ཡོངས་གྲུབ་ཉིད་ལ་འདོད་ཅིང་དེ་ཉིད་དོན་དམ་བདེན་པའི་དངོས་པོ་དང་རྫས་སུའང་ཁས་ལེན་ཅིང་དེ་ལ་ཆོས་དབྱིངས་སུའང་བརྗོད་ཅིང་དེ་ལ་མཉམ་པར་བཞག་པས་དམིགས་པ་དག་པའི་རྒྱུ་ཡང་ཁས་ལེན་ལ། ཞེས་སོགས་དང་། དོན་དམ་བདེན་པ་ཞེས་པ་དང་། ཡོངས་གྲུབ་ཞེས་པའང་ཟབ་མོ་སྟོང་པ་ཉིད་བརྗོད་པའི་མིང་གི་རྣམ་གྲངས་ཙམ་དུ་ཟད་ཀྱི། སེམས་ཙམ་པའི་འདོད་པ་ལྟར། ཡོངས་གྲུབ་ཞེས་པའི་དངོས་པོ་གཞི་གྲུབ་ཞིག་ལ་དོན་དམ་བདེན་པར་བརྗོད་པ་དང་། དེའི་རང་བཞིན་ཡེ་ཤེས་སུ་འདོད་པ། ཞེས་སོགས་རྒྱ་ཆེར་གསུངས།
(6) (14)འགྲེལ་ཆེན་ངལ་གསོ་ལས། དེ་ལྟ་བུའི་མྱང་འདས་ཀྱི་ངོ་བོ་འགོག་བདེན་ལ་བྱེ་སྨྲས་རྟག་དངོས་སུ་འདོད་པ་དང༌། མདོ་སྡེ་པས་མེད་དགག་ཏུ་འདོད་པ་དང༌། སེམས་ཙམ་པས་གཉིས་སྟོང་གི་ཤེས་པར་འདོད་པ་དང༌། དབུ་མ་པ་སྤྱི་བདག་ཕྱོགས་གཅིག་པར་ཞི་བ་ཆད་སྟོང་དུ་འདོད་པ་རྣམས་ཡོད་ལ། ཞེས་དང་། དེ་ལ་ལན་འདེབས་པར་འདོད་ནས་རྣམ་བརྫུན་སྨྲ་བའི་སེམས་ཙམ་པ་ན་རེ། གཉིས་མེད་ཀྱི་ཡེ་ཤེས་ལ་ནི། དེའི་ངོར་དམིགས་བྱ་སྟོང་ཉིད་དང༌། དམིགས་བྱེད་ཡེ་ཤེས་གཉིས་ཐ་དད་པ་གཉིས་མེད་ཀྱི། ཡེ་ཤེས་དེ་ཉིད་ཀྱང་སྟོང་ཉིད་ཡིན་པས། སྟོང་པ་ཉིད་ཀྱི་ཡེ་ཤེས་དེ་ཉིད་ཀྱིས་དེ་ཉིད་དམིགས་པ་ལ་སྟོང་ཉིད་དམིགས་ཞེས་པའི་ཐ་སྙད་བྱས་པ་ཡིན་གྱི། གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་ལས་གཞན་པའི་སྟོང་པ་ཉིད་ནི་མི་འདོད་པས་ཉེས་པ་དེས་མི་གནོད་དོ་ཞེས་ཟེར་ཏེ། ཇི་སྐད་དུ། དམིགས་པ་ཐམས་ཅད་དང་བྲལ་བའི་ཕྱིར། འདི་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཙམ་ ཡིན་ཏེ། སྟོང་པ་ཉིད་ཅེས་བྱ་བ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་ཁ་ཅིག་ཟེར་རོ། །ཞེས་གསུངས་སོ། །རྣམ་༼༡༨༠བ༽བདེན་པས་ནི་ལན་འདི་སྐད་དུ་འདེབས་ཏེ། གཟུང་བ་དང་འཛིན་པའི་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་མེད་དགག་དེ་མེད་དགག་ཉིད་དུ་དམིགས་པ་དང༌། དེ་འཇལ་བྱེད་ཀྱི་འཛིན་རྣམ་ལ་ནི་མི་རྟོག་ཡེ་ཤེས་སུ་འཇོག་ལ། དེ་ལྟར་བཞག་པས་མངོན་སུམ་ཡུལ་མེད་དུ་མི་འགྱུར་རོ་ཞེས། ཇི་སྐད་དུ། ཁ་ཅིག་ཏུ་ནི་གཟུང་བ་དང་འཛིན་པའི་ཆ་གཉིས་ལ་གནས་པ་གཉིས་ཀྱིས་ན། ཆ་གཅིག་ལ་དམིགས་པ་ནི་མ་ཡིན་ནོ་ཞེས་འདོད་དོ། །ཞེས་གསུངས་སོ། །ལན་དེ་གཉིས་ཀྱང་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དག་གིས་མི་འཐད་པར་བསྟན་པས། ཞེས་སོ། །
(7) (15)བྱ་རྒྱུད་སྤྱིའི་དགོངས་འགྲེལ་རིག་འཛིན་གྲོལ་སྟེར་ལས། ཡང་དོལ་བུ་པ་ཆེན་པོས་གསང་སྔགས་རྒྱུད་སྡེ་འོག་མ་ལས་ཀྱང་ཡེ་ཤེས་སྣང་བ་དང༌། གོང་མ་བླ་མེད་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དང༌། ཀུན་གཞི་རྒྱུ་རྒྱུད་གསུངས་པ་རྣམས་སེམས་ཙམ་པའི་ལུགས་ལྟར་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་བདེན་པར་གྲུབ་པ་རྟག་པ། བརྟན་པ། ཐེར་ཟུག་པར་གནས་པ་དེ་བདེ་གཤེགས་སྙིང་པོ་ཡིན་ཞེས་དང༌། རྣམ་རྫུན་པའི་ལུགས་ཀྱི་བདེན་གྲུབ་ཏུ་ཁས་ལེན་པ་དབུ་མ་མཆོག་ཡིན་ཞེས་འཆད་པ་ནི་རྡོ་རྗེ་ཐེག་པ་ལ་སྐུར་པ་བླ་ན་མེད་ པ་སྟེ། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་པས་མདོ་སྡེ་པ་སེམས་ཙམ་པ་དབུ་མ་པ་རྣམས་གོང་མ་གོང་མའི་རིགས་པས་འོག་མ་འོག་མ་ཕམ་པར་བྱེད་ནུས་པར་གསུངས་པས། དབུ་མ་ལས་ཀྱང་གསང་སྔགས་ཆེས་ཁྱད་པར་དུ་འཕགས་ན་མཐར་ཐུག་གི་བཞེད་དོན་སེམས་ཙམ་པ་དང་གཅིག་པས། དབུ་མ་ལས་དམན་པར་སོང་བའི་ཕྱིར་ཏེ། དབུ་མ་པས་བདེན་པར་གྲུབ་པའི་ཆོས་ཁས་མི་ལེན་པའི་ཕྱིར། ཞེས་སོ། །
(8)རླུང་སེམས་དབྱེར་མེད་ཀྱི་ཡིག་ཆའི་སྨད་ལས། དང་པོ་ནི་སེམས་ཙམ་དུ་སྨྲ་བ་རྣམས་གཟུང་འཛིན་གློ་བུར་བ་སེམས་ལ་རང་བཞིན་གྱིས་མ་ཞུགས་པ་དང༌། སེམས་དེ་རང་བཞིན་རྣམ་པར་དག་པའི་འོད་གསལ་བ་ཡང་ཡིན། དེ་ཉིད་འགྱུར་བའི་འཇིགས་པ་དང་བྲལ་བའི་མི་བསླུ་བའི་ཡེ་ཤེས་སུ་གྱུར་པའི་དོན་དམ་བདེན་པའང་ཡིན། དེས་རང་གིས་རང་གཞལ་བ་དང་ཉམས་སུ་མྱོང་བ་ན་ཡུལ་དང་ཡུལ་ཅན་གྱི་འོད་གསལ་བ་དབྱེར་མེད་པ་སོ་སོ་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་བའི་དོན་ཀྱང་དེ་ལ་བརྗོད་ཟེར་རོ། །ཞེས་སོ། །
(9) (17)རྗེ་འདན་མ་ཆེན་པོ་ལ་མི་བཟོད་པའི་གདུང་ཤུགས་སྐྱེས་པའི་གླུ་ཞེས་པ་ལས། གསལ་རིག་རྒྱུན་ཆགས་ངང་གིས་འབྱུང་བ་འདི། །སེམས་ཙམ་ཁ་ཤས་དོན་དམ་བདེན་པར་འདོད། །བོད་ཀྱི་བླ་མ་ཇོ་ནང་ཤཱཀ་མཆོག་སོགས་ཤིན་ཏུ་མང་ངོ་། །རུལ་པ་འགའ་ཞིག་ཀྱང༌། །འདི་ཡི་ངོ་བོ་རྟག་བརྟན་འགྱུར་མེད་ཟེར། །འདི་ནི་སེམས་ཀྱི་ཆེན་པོ་ཀུན་རྫོབ་བདེན། །འཁྲུལ་རྒྱུན་བརྟན་པའི་ཆ་ཞིག་ཡིན་མོད་ཀྱི། །སེམས་ཀྱི་རང་བཞིན་ཆོས་དབྱིངས་དོན་དམ་བདེན། །ཕྱག་རྒྱ་ཆེན་པོའི་ཆ་ནི་གཏན་མ་ཡིན། །ཞེས་སོ། །
(10) དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ལས། དེས་ན་རྩ་འགྲེལ་འདི་དག་གི་དགོངས་པ་ལྟར་ན་ཡོངས་གྲུབ་ཁོ་ན་ཡེ་ཤེས་དང་མྱང་འདས་སུ་འཆད་དགོས་པ་དང༌། གཞན་དབང་ཡིན་ན་འཁོར་བའི་རྣམ་རིག་ཡིན་དགོས་ཀྱི། དོན་དམ་བདེན་པ་མིན་པས་ཁྱབ་པ་དང༌། ཡོངས་གྲུབ་ ལ་མ་ཡིན་༼༢༥བ༽དགག་ཡིན་པས་ཁྱབ་པ་དང༌། དོན་དེ་ལ་དགོངས་ནས་རྗེ་བཙུན་གྱིས་བདེན་གཉིས་ལས་འཁོར་འདས་འཇོག་གོ་ཞེས་དང༌། མཚན་ཉིད་དང་པོ་གཉིས་ལས་ཀུན་རྫོབ་བདེན་པ་དང༌། མཚན་ཉིད་ཕྱི་མ་ལས་དོན་དམ་བདེན་པ་རྣམ་པར་འཇོག་གོ་ཞེས་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་དང༌། དབུས་དང་མཐའ་རྣམ་པར་འབྱེད་པའི་བསྟན་བཅོས་གཉིས་གསུངས་པ་ཡིན་ནོ། ། ཞེས་སོགས་དང་། བོད་ཁ་ཅིག་དངོས་སྨྲས་ངེས་དོན་དུ་འདོད་པའི་ལུང་འདི་ངེས་དོན་དུ་ཁས་བླངས་ནས་ཆོས་ཉིད་ཀྱི་དངོས་པོ་ལ་ཆོས་ཅན་ཐམས་ཅད་ཀྱིས་སྟོང་པར་འདོད་པ་དང༌། སེམས་ཙམ་པ་འདོད་པའི་ཡོངས་གྲུབ་དངོས་མེད་མེད་དགག་ཏུ་འདོད་པ་ནི་དངོས་སྨྲ་བ་དང་དབུ་མ་པ་གང་གིའང་གྲུབ་མཐའ་མ་ཡིན་ནོ། །ཞེས་སོ། །
(11) ཐུབ་བསྟན་གསེར་མདོག་ཅན་ནས་སློབ་དཔོན་དཔལ་མཆོག་གི་དྲིས་ལན་དང༌སླར་དྲི་བ་སྩལ་བ་ཞེས་པ་ལས། སེམས་ཙམ་པས་བདག་མེད་ཆོས་ཅན་གཞན་དབང་གི་སྟེང་དུ་གཟུང་འཛིན་ཀུན་བརྟགས་ཀྱིས་སྟོང་པའི་སྟོང་ཉིད་འདོད་པ་ལ་སྟོང་ཉིད་ལ་ལྟ་བུ་དེ་ལུགས་དེ་པས་མེད་དགག་ཏུ་འདོད་ཅེས་རེ་མདའ་བས་གསུང་ལ། ལུགས་དེ་པས་མ་ཡིན་དགག་ཏུ་འདོད་ཅེས་པཎ་ཆེན་ཤཀ་མཆོག་པས་གསུང་བར་འདུག་ཀྱང་མི་འཐད་དེ། གཟུང་འཛིན་གཉིས་ཀྱིས་སྟོང་པའི་སྟོང་ཉིད་བདག་གཉིས་ཀྱིས་སྟོང་པའི་བདག་མེད་མེད་པ་ལས་ཡོད་པར་མི་རུང་བའི་ཕྱིར། ཞེས་སོ། །
(12)རླུང་སེམས་དབྱེར་མེད་ཀྱི་ཁྲིད་མཚན་ཉིད་གསུམ་བཤད་པའི་སྐབས་སུ། མཚན་ཉིད་སྔ་མ་གཉིས་ཀྱིས་སྟོང་པ་ལ་ཡོངས་གྲུབ་ཏུ་བསྟན་པ་ནི། ཇི་སྐད་དུ། གྲུབ་ནི་དེ་ལ་སྔ་མའོ། །རྟག་ཏུ་མེད་པར་གྲུབ་པ་ཡིན། །ཅེས་འབྱུང་བས་སོ། །ཞེས་སོ། །
(13)དགོངས་གཅིག་འགྲེལ་ཆེན་ལས། དོགས་པ་གཉིས་པ་རྒྱུ་བདེར་གཤེགས་སྙིང་པོ་ཆོས་ཀྱི་དབྱིངས་དགེ་བ་ཡིན་པར་ནི། རྒྱུད་ལས། དེ་བཞིན་གཤེགས་པའི་སྙིང་པོ་དགེ །ཆོས་ཀྱི་དབྱིངས་ཀྱི་ཚུལ་ཅན་ཏེ། །ཉོན་མོངས་འདམ་གྱིས་མ་གོས་པ། །རྡོ་རྗེ་སེམས་པའི་དབང་བསྐུར་ཡིན། །ཞེས་དང་། དེར་མ་ཟད། ཕ་རོལ་ཕྱིན་པས་མདོའི་ཕྱོགས་ལས་རྒྱན་ལྟུག་པོར། དེ་བཞིན་གཤེགས་པའི་སྙིང་པོ་དགེ །ཆོས་ཀྱི་དབྱིངས་ཀྱི་ཚུལ་ཆེན་པོ། །ཞེས་མཐུན་པར་འབྱུང་ན་དེ་བསྔོ་རྒྱུའི་རྩ་ཡིན་ནམ་མིན། ཡིན་ན་བྱང་སྡོམ་གྱི་ཚོམས་སུ་མིན་པར་བཤད་པ་དང་འགལ། མིན་ན་གསང་སྔགས་ནས་རྒྱུ་ལྷན་ཅིག་སྐྱེས་པའི་ལུས་སེམས་ཤིན་ཏུ་ཕྲ་བ་ལྷ་སྔགས་བདེར་གཤེགས་སྙིང་པོ་ཆོས་དབྱིངས་སུ་བཤད་པ་དེ་ཉིད་ངོ་བོ་ཉིད་ཀྱིས་དགེ་ཞིང་རྒྱུ་རྒྱུད་ལམ་རྒྱུད་ཐ་མི་དད་པར་སྨིན་བྱེད་དབང་དང་གྲོལ་བྱེད་བསྐྱེད་རྫོགས་ངོ་བོར་སྦྱངས་པ་རབ་ཏུ་གོམས་པའི་ཁྱད་པར་དུ་བྱས་པའི་དགེ་རྩ་དེ་ལེགས་པར་བསྔོ་བ་ཉིད་དུ་མཐོང་བའི་ཕྱིར་ཆོས་དབྱིངས་བསྔོ་རྒྱུའི་དགེ་བར་ཅིས་ཀྱང་འགྲུབ་བོ་ཞེ་ན། མི་འགལ་ཏེ། ཆོས་དབྱིངས་དེ་བཞིན་ཉིད་འདུས་མ་བྱས་ཀྱི་རྫས་སུ་འདོད་པ་སེམས་ཙམ་པ་དང་། ཆོས་དབྱིངས་དེ་ལ་རྒྱུ་འབྲས་ཡེ་མི་རུང་བ་འདུས་མ་བྱས་མེད་དགག་གི་ཆ་ལ་འདོད་པའི་དབུ་མ་པ་ཁ་ཅིག་བསམ་པ་དང་བསྟུན་ནས་གོང་དུ་དེ་སྐད་བརྗོད་པ་ཡིན་གྱི། གསང་ཆེན་རྡོ་རྗེ་ཐེག་པ་ལྟར་ན། ཞེས་དང་། དེ་ལ་སེམས་ཙམ་པ་ནི་དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་དེ་བཞིན་ཉིད་འགྱུར་མེད་ཡོངས་གྲུབ་སྟོང་པ་ཉིད་གཞན་དབང་གི་དངོས་པོ་ལས་ཐ་མི་དད་པ་ཞིག་ལ། ཆོས་དབྱིངས་སུ་བརྗོད་ནས་དེ་ལས་དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་ཟླས་ཕྱེ་བའི་ལུང་མ་བསྟན་ཡིན་ཀྱང་། དོན་དམ་པའི་དགེ་བ་ནི་ཡིན་ཏེ། ཀུན་ལས་བཏུས་པར་དོན་དམ་པའི་དགེ་བ་གང་ཞེ་ན་དེ་བཞིན་ཉིད་དོ་ཞེས་འབྱུང་ངོ་། །ཡང་དེ་བཞིན་ཉིད་དེ་སེམས་ཀྱི་རང་བཞིན་འོད་གསལ་གྱི་གསལ་ཆ་ལས་གཞན་མིན་པས་དེ་ཉིད་རང་མྱོང་གི་མངོན་སུམ་དུ་རྟོགས་པས་ཁྱད་པར་དུ་བྱས་པ་ན་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དང་གཉིས་མེད་ཀྱི་ཡེ་ཤེས་གཞི་གཅིག་ཏུ་གྲུབ་པས་དེ་དགེ་བ་ཡིན་པར་མ་ཟད་བསྔོ་རྒྱུའི་དགེ་བར་ཡང་དོན་གྱིས་སོང་སྟེ། དེ་ལྟ་བུ་དེ་མཐོང་སྒོམ་གྱི་མཉམ་གཞག་ཡེ་ཤེས་སུ་དམིགས་པར་གྲུབ་ལ། དེར་གྲུབ་པ་ན། དམིགས་བྱ་དང་དམིགས་བྱེད་སོ་སོ་རང་གི་རང་རིག་པའི་ཡེ་ཤེས་ཉིད་ལས་རྫས་ཐ་དད་པར་མ་གྲུབ་ལ་མཉམ་གཞག་ཡེ་ཤེས་ཆོས་སྐུའི་རྒྱུར་བསྔོ་བ་ལ་ནི་རྩོད་པ་འགར་ཡང་མེད་པའི་ཕྱིར། ཞེས་དང་། ཤེས་པ་དང་དོན་དམ་བདེན་པའི་གཞི་མཐུན་སེམས་ཙམ་པ་འདོད་མོད་ཀྱང་། ཞེས་དང་། སེམས་ཙམ་པས་དེ་བཞིན་ཉིད་གནས་ལུགས་ལ་ཡོད་པའི་ཆོས་ཤིག་ཡིན་པ་ལ་བསམས་ནས་དེ་དངོས་པོ་ལ་གཞན་དངོས་མེད་དུ་མི་འདོད་དེ་འཕགས་པའི་ཤེས་མཐོང་གི་ཡུལ་དང་། དེ་སྔོན་དུ་བྱས་པས་གློ་བུར་གྱི་དྲི་མ་རྣམས་སྦྱོར་བའི་ཆེད་དུ་དོན་བྱེད་ནུས་ཀྱི་དངོས་པོ་འདོད་པའི་ཕྱིར། དེ་ལྟ་ནའང་འདུས་མ་བྱས་པ་ནི་དེ་ཐོག་མ་མེད་པ་ནས་ཡོད་ཀྱི་གསར་དུ་བྱས་པར་མི་འཇོག་པ་ལ་བསམ་པའོ། །ཞེས་སོགས་སོ། །
(16)བདུད་རྩིའི་དྲི་མཆོག་ལས། སྣང་ཆ་དེ་སེམས་སུ་ཁས་ལེན་པ་ལ་སེམས་ཙམ་རྣམ་བདེན་པ་ཟེར། སེམས་ཙམ་དུ་མི་བདེན་ཀྱང༌། སེམས་དེ་འོད་གསལ་ཡོངས་གྲུབ་རྟག་བརྟན་དང་གཡུང་དྲུང་ཡིན་པར་འདོད་པ་སེམས་ཙམ་རྣམ་རྫུན་པ་དང༌། དེའི་ཚེ་སྣང་ཆ་རྣམ་པར་རིག་པའི་ངོ་བོ་དེ་གཞན་དབང་ཡིན་པས་དོན་དམ་པ་མཉམ་པར་འཇོག་པ་ན་སྣང་ཆའི་རྣམ་རིག་ཁས་མི་ལེན་ཀྱང་སེམས་ཀྱི་ངོ་བོ་སྣང་ཆ་དང་བྲལ་བའི་རང་རིག་པ་འགྱུར་མེད་ཡོངས་གྲུབ་དོན་དམ་བདེན་པར་འདོད་པས་གཞན་དབང་དོན་དམ་དུ་འདོད་པའི་རྣམ་བདེན་པ་ལས་ཁྱད་པར་དུ་འཕགས་སོ་ཞེས་སྨྲ་ལ། ད་ལྟ་གངས་ཅན་གྱི་ཁྲོད་ནའང་ལུགས་འདི་ལ་མོས་པ་ཇོ་ཤཀ་སོགས་ཤིན་ཏུ་མང༌། ཞེས་གསུངས།
(18)དཀོན་བརྩེགས། ༼ཆ༽ ༢༧༢ འཕགས་པ་ལྷ་མོ་དཔལ་ཕྲེང་གི་སེང་གེའི་སྒྲ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། བཅོམ་ལྡན་འདས་འཕགས་པའི་བདེན་པ་བཞི་པོ་འདི་དག་ལ་བདེན་པ་གསུམ་ནི་མི་རྟག་པ་ལགས་སོ། །བདེན་པ་གཅིག་ནི་རྟག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདེན་པ་གསུམ་ནི་འདུས་བྱས་ཀྱི་མཚན་ཉིད་དུ་གཏོགས་པའི་སླད་དུ་སྟེ། བཅོམ་ལྡན་འདས་གང་འདུས་བྱས་ཀྱི་མཚན་ཉིད་དུ་གཏོགས་པ་དེ་ནི་མི་རྟག་པ་ལགས་སོ། །གང་མི་རྟག་པ་དེ་ནི་བརྫུན་པ་སླུ་བའི་ཆོས་ཅན་ལགས་སོ། །བཅོམ་ལྡན་འདས་གང་བརྫུན་པ་སླུ་བའི་ཆོས་ཅན་དེ་ནི་མི་བདེན་པ་དང་མི་རྟག་པ་ལགས་ཏེ་སྐྱབས་མ་ལགས་སོ། །བཅོམ་ལྡན་འདས་དེ་ལྟ་ལགས་པས་འཕགས་པའི་སྡུག་བསྔལ་བདེན་པ་དང་། སྡུག་བསྔལ་ཀུན་འབྱུང་བ་བདེན་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཡང་ཡང་དག་པར་ན་མི་བདེན་པ་དང་མི་རྟག་པ་ལགས་ཏེ། སྐྱབས་མ་ལགས་སོ། །ཞེས་སོགས་སོ། །
(19)པཎ་ཆེན་དྲིས་ལན་ལས། སེམས་ཙམ་རྣམ་རྫུན་འདོད་པའི་མཐར་ཐུག་ནི། །འཕགས་པ་ཟླ་བས་འཇུག་པའི་འགྲེལ་པ་རུ། །བཀག་པའི་ཕྱོགས་སྔར་བཏགས་སྟོང་གཞན་དབང་གིས། །རྣམ་རིག་ཡོངས་གྲུབ་དོན་དམ་བདེན་པར་འཆད། །དེ་ཡི་ཚེ་ཡང་དེ་ཉིད་སྐད་ཅིག་དམར། །བཤད་ཀྱི་ཁྱོད་ལྟར་དུས་དང་ཆ་བྲལ་བའི། །རྟག་པ་དོན་བྱེད་ཅན་དུ་དེས་མི་འདོད། །བོད་དུ་བཟོས་པའི་རྣམ་རྫུན་དབུ་མའི་ལུགས། །འཕགས་ཡུལ་ཐོགས་མེད་མཆེད་ཀྱི་ལུགས་ཡིན་ཅེས། །ཀླག་ཅོར་བྱེད་ལ་ལེགས་པར་བསམ་པར་གྱིས། །ཞེས་སོ། །
(20)སྡེ་བསྟན། སེམས་ཙམ། ༼ བི༽༢༡༡ དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་བཤད་ལས། མཚན་ཉིད་དང་ནི་རྣམ་གྲངས་དང་། །ཞེས་རྒྱ་ཆེར་རོ། །དེ་ལ་མཚན་ཉིད་ནི་དངོས་པོ་དང་དངོས་པོ་མེད་པ་དགག་པའི་བདག་ཉིད་དེ། སྟོང་པ་ཉིད་ཀྱིས་རབ་ཏུ་དབྱེ་བ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །མིང་གཞན་ནི་རྣམ་གྲངས་སོ། །ཞེས་དང་། སྡེ་བསྟན། སེམས་ཙམ། ༼བི༽ ༢༡༢ ཡང་དེ་ཉིད་ལས། དེའི་ཕྱིར་དེ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དོ་ཞེས་བྱ་བ་སྨོས་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་ཁོ་ནའོ། །ཡང་ན་དངོས་པོ་ཁོ་ན་དངོས་པོ་མེད་པ་དགག་པའི་བདག་ཉིད་ཁོ་ནའོ། །ཞེས་སོ། །
(21)སུམ་ཅུ་པ་ལས། རྟག་ཏུ་མེད་པར་གྱུར་པ་གང་། །ཞེས་དངོས་པོར་མེད་པ་ཉིད་དུ་གསུངས་པས་སོ། །
(22)སྡེ་བསྟན། ཚད་མ། ༼ ཞེ ༽ 299 སེལ་བ་གྲུབ་པ་ལས། ཕྱི་རོལ་མེད་པར་དགག་པའི་མཐར་ཐུག་པ་མེད་པར་དགག་པའི་ཁྱད་པར་ཅན། ཞེས་སོ། །
(23)སྡེ་བསྟན། མདོ་སྡེ། ༼པི༽༥༩ ལང་གཤེགས་འགྲེལ་པ་སྙིང་པོའི་རྒྱན་ལས། ཡང་གཞན་དག་སྐབས་འདིར་དགག་བྱ་ནི་རིགས་པས་དཔྱད་པའི་དོན་རྙེད་པའི་ཤེས་བྱའམ་དངོས་པོ་ཉིད་ཡིན་ལ། དེ་འདྲ་བའི་དངོས་པོ་རྣམ་པར་བཀག་པ་ཙམ་གྱི་མེད་པར་དགག་པ་ནི་བསྒྲུབ་པར་བྱ་བ་ཉིད་ཡིན་ཏེ། དེས་ན་ཉེས་པ་སྔ་མ་རྣམས་ལས་གྲོལ་ལོ་ཞེ་ན། འདི་ནི་སྔ་མ་ལ་ལྟོས་ན་ཆེས་བཟང་མོད་ཀྱི། འོན་ཀྱང་རྣམ་པར་གཅད་པ་ཙམ་གྱི་མེད་དགག་ནི་ཉམས་སུ་མྱོང་བའི་ཆོས་ཅན་ཡང་དག་པའི་ཀུན་རྫོབ་ཏུ་ཡོད་པ་འདིའི་ཆོས་མ་ཡིན་ཏེ། ཀུན་རྫོབ་ཏུ་ཡོད་པ་དང་མེད་པ་ནི་འགལ་བར་འགྱུར་བའི་ཕྱིར་རོ། །དོན་འདི་ཡང་རྒྱས་པར་ནི་ཚད་མ་རྣམ་འགྲེལ་ལས་བསྟན་ཏོ། །གཞན་ཡང་དེ་ལྟར་ན་གཏན་ཚིགས་ཀྱང་གཅིག་དང་དུ་མ་ལ་སོགས་པ་རྣམ་པར་བཀག་པ་ཙམ་གྱི་མེད་དགག་ཡིན་ལ། དེའི་ཕྱིར་ཇི་ལྟར་རི་བོང་གི་རྭ་མེད་པ་དང་། མོ་གཤམ་གྱི་བུ་མེད་པ་ལས། ཞེས་སོགས་དང་། ༦༤ ཡང་དེ་ཉིད་ལས། དབང་པོ་དོན་དང་རྣམ་བྲལ་ཞིང་། །སྣང་མེད་དེ་ཡི་གཟིགས་པ་བས། །ཞེས་པ་སྟེ། གཟུང་འཛིན་གཉིས་སུ་སྣང་བ་དང་བྲལ་ཞིང་སྣང་བ་མེད་པའི་ཡེ་ཤེས་སོ་སོ་རང་རིག་གི་ཚུལ་དུ་མངོན་དུ་བྱས་པས་སྤྲོས་པ་དང་བྲལ་བ་མེད་དགག་ཙམ་མ་ཡིན་ཞེས་པའོ། །ཞེས་སོགས་དང་། ཡང་ཁྱད་པར་དུ་རྣམ་པ་བརྫུན་པ་རྣམས་ཀྱི་དབང་དུ་བྱས་ན་གཟུགས་ལ་སོགས་པའི་རྣམ་པ་སེམས་ལས་གཞན་པ་བཀག་པའི་མེད་པར་དགག་པ་ཉིད་བསྒྲུབ་བྱར་འདོད་ལ། དེ་ལྟ་ན་ལྷན་ཅིག་དམིགས་པ་ངེས་པ་ནི་ཇི་ལྟར་གཟུང་བའི་རྣམ་པ་སེམས་དང་ལྷན་ཅིག་དམིགས་པའང་ངེས་པ་བཞིན་དུ་སེམས་ཀྱང་གཟུང་བའི་རྣམ་པ་དང་ལྷན་ཅིག་དམིགས་པ་ངེས་པར་འགྱུར་ཏེ། སྔར་བསྟན་པ་བཞིན་ནོ། །དེའི་ཕྱིར་སེམས་ཀྱང་གཟུང་བའི་རྣམ་པ་ལས་གཞན་བཀག་པ་ཙམ་གྱི་མེད་པར་དགག་པ་ཉིད་དུ་འགྱུར་བས། སེམས་ཙམ་དངོས་པོར་མི་འཐད་དོ། །ཞེས་སོགས་དང་། ཚིག་གི་དོན་བཤད་པ་ལ། དོན་དམ་དུ་ནི་རང་བཞིན་མེད། །ཅེས་པ་རང་བཞིན་བཀག་པ་ཙམ་གྱི་མེད་པར་དགག་པ་ན་རི་བོང་གི་རྭ་དང་ཁྱད་པར་མེད་པར་འགྱུར་བས་ཤེས་བྱ་ཇི་ལྟར་སྣང་བའི་ཆོས་ཉིད་དོན་དམ་པའི་བདེན་པ་མ་ཡིན་ཏེ། དེས་ན་དོན་དམ་པའི་དངོས་པོར་མ་གྲུབ་ཅིང་། སྣང་ཞིང་རིག་པ་མ་འགགས་པ་སྟེ་ཟུང་འཇུག་སྒྱུ་མ་ལྟ་བུའོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །
(24)སྡེ་བསྟན། སེམས་ཙམ། ༼ ཧི༽ ༡༤༩ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ལས། གཉིས་པོ་དེ་ཉིད་ཀྱིས་དེ་སྟོང་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །དེ་ཡང་དངོས་པོ་སྟོང་པས་དངོས་པོ་མ་ཡིན་ལ། གཉིས་སུ་མེད་པའི་མཚན་ཉིད་ཡིན་པས་དངོས་པོ་མེད་པ་ཡང་མ་ཡིན་ནོ། །གང་གི་ཕྱིར་འདི་གཉིས་པོ་མེད་ཅིང་གཉིས་ཀྱིས་སྟོང་པའི་རྣམ་པར་རིག་པ་ཙམ་ཡིན་པ་ཉིད་ཀྱིས་ན་མ་ཡིན་པར་དགག་པ་ཡིན་ནོ། །ཅི་སྟེ་མེད་པ་དགག་པ་ཡིན་ན་ནི་གཅིག་ཁོ་ནར་མེད་པ་མ་ཡིན་ཏེ། དེ་ལྟར་ན་ཀུན་བརྟགས་པར་འགྱུར་ལ། གཞན་དུ་མ་ཡིན་པར་དགག་པར་འགྱུར་རོ། །དེ་བས་ན་དོན་དམ་པ་ནི་ཇི་ལྟར་བསྟན་པ་བཞིན་དུ་མ་ཡིན་པར་དགག་པ་ཉིད་དོ། ། ཞེས་སོ། །
(25)གྲུབ་དཔྱིད་ལས། དེའི་ལྷག་མ་ཡོད་མེད་ཀྱི་མྱ་ངན་ལས་འདས་པ་ནི་སྡེ་པའི་འདོད་པ་དང་འདྲ་ལ། འགོག་པ་ནི་དབུས་མཐའ་ལས། གཉིས་དངོས་མེད་པ་དངོས་མེད་པའི། །དངོས་པོ་སྟོང་པའི་མཚན་ཉིད་དོ། །ཞེས་མ་ཡིན་དགག་ཏུའང་གསལ་ཏེ། ཁ་ཅིག་ནི་དེ་ལྟར་ན་ཆོས་ཅན་དུ་འགྱུར་བས་མེད་དགག་གོ་ཞེས་འདོད་དོ། །ཞེས་སོ། །
(26)འགྲེལ་ཆེན་རྗེ་བཙུན་ངལ་གསོ་ལས། དེ་ལ་ལན་འདེབས་པར་འདོད་ནས་རྣམ་བརྫུན་སྨྲ་བའི་སེམས་ཙམ་པ་ན་རེ། གཉིས་མེད་ཀྱི་ཡེ་ཤེས་ལ་ནི། དེའི་ངོར་དམིགས་བྱ་སྟོང་ཉིད་དང༌། དམིགས་བྱེད་ཡེ་ཤེས་གཉིས་ཐ་དད་པ་གཉིས་མེད་ཀྱི། ཡེ་ཤེས་དེ་ཉིད་ཀྱང་སྟོང་ཉིད་ཡིན་པས། ཞེས་སོགས་ནས། རྣམ་༼༡༨༠བ༽བདེན་པས་ནི་ལན་འདི་སྐད་དུ་འདེབས་ཏེ། གཟུང་བ་དང་འཛིན་པའི་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་མེད་དགག་དེ་མེད་དགག་ཉིད་དུ་དམིགས་པ་དང༌། དེ་འཇལ་བྱེད་ཀྱི་འཛིན་རྣམ་ལ་ནི་མི་རྟོག་ཡེ་ཤེས་སུ་འཇོག་ལ། དེ་ལྟར་བཞག་པས་མངོན་སུམ་ཡུལ་མེད་དུ་མི་འགྱུར་རོ་ཞེས། ཇི་སྐད་དུ། ཁ་ཅིག་ཏུ་ནི་གཟུང་བ་དང་འཛིན་པའི་ཆ་གཉིས་ལ་གནས་པ་གཉིས་ཀྱིས་ན། ཆ་གཅིག་ལ་དམིགས་པ་ནི་མ་ཡིན་ནོ་ཞེས་འདོད་དོ། །ཞེས་གསུངས་སོ། །ཞེས་སོགས་སོ། །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3627
དཔྱད་མཆན་སྤེལ།