བོད་བརྒྱུད་ནང་བསྟན་པ་ཞིག་ཡིན་པའི་ངོས་ནས་ཉེ་བའི་ལོ་ཤས་ཀྱི་ནང་དུ་ང་རང་ལ་སྤོབས་པ་ཞིག་ཡོད་པ་ནི་བླ་རྒན་ཚད་ལྡན་བསྟན་པའི་མཛེས་རྒྱན་དུ་གྱུར་པ་མི་ཉུང་བ་ཞིག་ད་དུང་བཞུགས་ཡོད་པ་དེ་ཡིན་ཅིང་། སེམས་ཁྲལ་ཞིག་ཡོད་པ་ནི་དེ་ཚོ་མང་པོ་ཞིག་དགུང་ན་མཐོ་བས་དགུང་གྲངས་བརྒྱད་ཅུའི་ནང་དུ་སོན་པ་དེ་ཡིན། སྤྱིའི་ཆ་ནས་བོད་སྤྱིའི་བླ་མར་གྱུར་པའི་མགོན་པོ་མཆོག་དང་། བྱེ་བྲག་གི་ཆ་ནས་ང་ཚོ་ཀམ་ཚང་གི་བླ་མ་དགུང་ན་མཐོ་ཤོས་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་ལྟ་བུ་རྣམས་ལོ་རེ་ནས་ལོ་རེར་དགུང་ན་ཇེ་ཆེར་འགྲོ་བཞིན་པ་ལ། དེ་རྣམས་སྐུ་ཚེ་མ་བརྟན་པའི་གཏམ་ངན་ཞིག་ནམ་ཐོས་ཡོང་ན་དྲན་མྱོང་ཡོད་ཅིང་། མཐར་ཁྲ་འགུ་རིན་པོ་ཆེ་སྐུ་ཚེ་མ་བརྟན་པའི་གཏམ་ངན་དེ་ཉིད་ད་རེས་རྣ་ལམ་དུ་སོན། འོན་ཀྱང་ཁ་སྔོན་ནས་སྐུ་གཟུགས་སྙུན་གཞི་ལྕི་བའི་ཚུལ་ཡང་ཡང་ཐོས་པས་ད་རེས་མ་མཐར་ཡང་ཧོན་ཐོར་བ་ལྟ་བུ་མ་དགོས་ཙམ་བྱུང་། ཡང་གནད་དོན་དེ་ལ་བརྟེན་ནས་སི་ཏུ་རིན་པོ་ཆེ་དང་རྒྱལ་ཚབ་རིན་པོ་ཆེ་སོགས་ལོ་ངོ་མང་པོའི་རྗེས་སུ་བལ་ཡུལ་དུ་ཕེབས་རྒྱུ་བྱུང་བ་དེ་ཡང་དགའ་དགོས་པ་ཞིག་ལོས་ཡིན།
ཚང་མས་མཁྱེན་གསལ་ལྟར། ཁྲ་འགུ་རིན་པོ་ཆེ་ནི་ཀམ་ཚང་གི་བླ་མ་གལ་ཆེན་ཞིག་ཡིན་ཀྱང་། སྔར་བླ་མ་ཞལ་བཞུགས་དུས་ནི་ང་རང་བླ་མ་ལ་དད་པ་དང་དག་སྣང་སོགས་ཆེར་མེད་ཅིང་། ཕྱིས་སུ་ང་རང་གི་ལྟ་བ་ཅུང་གུ་ཡངས་སུ་སོང་བའི་རྗེས་སུ་ནི་བླ་མ་རྣམས་དགུང་ན་མཐོ་ཞིང་། ནད་ཡམས་སོགས་ཀྱི་རྐྱེན་པས་ཞལ་མཇལ་བ་ཡང་དཀའ་བའི་ཚོད་དུ་གྱུར་པས་ང་རང་སྒེར་ངོས་ནས་ཁྲ་འགུ་རིན་པོ་ཆེ་ལ་ཐད་ཀར་ཆོས་འབྲེལ་ཆེན་པོ་མེད། དབང་ཡང་ཕལ་ཆེར་སྔོན་ཐེངས་ཤིག་ཁྲ་འགུ་རིན་པོ་ཆེ་རུམ་བཏེག་ཏུ་ཕེབས་པ་ན་ཚེ་དབང་ཡིན་ལས་ཆེ་བ་ཞིག་གནང་མྱོང་ཡོད་ས་ཡོད་ལ། སྐབས་དེ་དུས་ང་རང་ཡང་རུམ་བཏེག་བཤད་གྲྭ་ལ་ཡོད་པས་དབང་དེ་ཉིད་ཞུས་མྱོང་ཡོད་ལས་ཆེ་བ་ལས་དེ་མིན་དབང་མང་པོ་དང་དབང་ཆེན་དེ་འདྲ་ནི་ཕལ་ཆེར་ཞུ་མྱོང་ཡོད་ས་མེད་སྙམ་པ་ཡོད། དམིགས་བསལ་གྱི་ཆོས་འབྲེལ་གལ་ཆེ་བ་ནི་ཐེངས་ཤིག་བཀའ་བརྒྱུད་སྨོན་ལམ་གྱི་སྐབས་སུ་རྡོ་རྗེ་གདན་དུ་རྒྱལ་ཚབ་རིན་པོ་ཆེས་ཕྱི་དྲོ་གཟིམ་ཤག་ཏུ་ཁྲ་འགུ་རིན་པོ་ཆེ་གདན་དྲངས་ནས་ཁྲ་འགུ་རིན་པོ་ཆེའི་སྐུ་མདུན་ནས་མངོན་པ་མཛོད་སོགས་ཀྱི་ལུང་མི་ཉུང་བ་གསན་གནང་བ་ལ། སྐབས་དེར་ང་རང་ཡང་བཅར་རྒྱུ་བྱུང་བས་མངོན་པ་མཛོད། མདོ་སྡེ་རྒྱན་སོགས་རྒྱ་གཞུང་འགའ་ཤས་ཀྱི་རྩ་བའི་ལུང་ཐོབ་མྱོང་ཡོད།
ང་རང་སྒེར་ངོས་ནས་གལ་ཆེ་བ་ཞིག་ནི། སྐབས་ཤིག་ངས་བཀའ་བརྒྱུད་སྤྱི་དང་ཡང་སྒོས་ཀམ་ཚང་གི་ལྟ་གྲུབ་སྟོན་པའི་གཞུང་ཤེས་བྱ་རབ་གསལ་ཞེས་པ་བརྩམས་ནས་པར་སྐྲུན་བྱས་པ་ལ། དེ་ཉིད་སུ་ཞིག་གི་བརྒྱུད་ནས་ཁྲ་འགུ་རིན་པོ་ཆེ་ལ་ཡང་འབུལ་རྒྱུ་བྱུང་། སྐབས་དེར་རྒྱལ་ཚབ་རིན་པོ་ཆེ་ཝཱ་ར་ཎཱ་སིར་ཕེབས་ནས་ཁྲ་འགུ་རིན་པོ་ཆེ་དང་མཇལ་འཕྲད་གནང་བ་ལ། ཕྱིས་སུ་རྒྱལ་ཚབ་རིན་པོ་ཆེ་ར་ལང་དུ་ཕེབས་རྗེས་ང་ལ་ཁོང་གིས་ཉི་མ་གཅིག་ང་ཁྲ་འགུ་རིན་པོ་ཆེའི་གཟིམ་ཆུང་དུ་སོང་ཡིན། ཁྲ་འགུ་རིན་པོ་ཆེས་ཁྱོད་ཀྱིས་བརྩམས་པའི་དཔེ་ཆ་དེ་གཟིགས་ནས་བཞུགས་འདུག དེ་ཡང་གཞན་སྟོང་དང་འབྲེལ་བའི་སྐོར་དེ་གཟིགས་ནས་བཞུགས་འདུག་ལ། ཁྲ་འགུ་རིན་པོ་ཆེས་ཁོ་རང་དཔེ་ཆའི་གོ་བ་ཡག་པོ་འདུག ཡག་པོ་བྲིས་འདུག་གསུངས་ནས་ཁྲ་འགུ་རིན་པོ་ཆེ་ཐུགས་དགྱེས་འདུག་གསུངས། ང་ལྟ་བུར་མཚོན་ན་ཆོས་བརྒྱུད་འདིར་མི་རབས་གསར་པ་ཞིག་ཡིན་པ་དང་། ཁྲ་འགུ་རིན་པོ་ཆེ་ནི་ང་ཚོའི་བརྒྱུད་པ་འདིའི་བླ་མ་རྒན་པ་ཡིན་པ། དམིགས་བསལ་ཁྲ་འགུ་རིན་པོ་ཆེ་ནི་གཞན་སྟོང་ལ་མཁས་པར་གྲགས་པ་སོགས་ཀྱིས་ང་རང་སྒེར་ལ་མཚོན་ན་གཏམ་དེ་ནི་སྤོབས་པ་ཡང་ཡང་སྐྱེ་བར་བྱེད་པ་ཞིག་དང་བརྗེད་མི་ཐུབ་པ་ཞིག་རེད།
དེ་ལྟར་ཁྲ་འགུ་རིན་པོ་ཆེ་ལ་མཚོན་ན་ང་རང་སྒེར་ངོས་ནས་འབྲེལ་བ་ཧ་ཅང་ཆུང་ཞིང་། མཁས་ཡོན་ཏན་གྱི་ཆ་ནས་བསམས་ན་རྒྱལ་ཚབ་རིན་པོ་ཆེས་ཁྲ་འགུ་རིན་པོ་ཆེ་ལྟ་བུ་འཛམ་གླིང་ལ་ཡང་ཡོད་པ་མ་རེད་ཅེས་ཡང་ཡང་གསུངས་པ་ལ། ངས་དེ་ཙམ་ནི་ཚད་མར་འཛིན་མི་ནུས་ཀྱང་། རྒྱལ་དབང་རིག་པའི་རྡོ་རྗེས་བཀའ་བརྒྱུད་པའི་མཁན་ཆེན་ཞེས་མཚན་གསོལ་བར་གྲགས་པ་ནི་ངེས་པ་དོན་གྱི་མཚན་དོན་མཚུངས་པ་ཞིག་དང་། དུས་ཕྱིས་སུ་ཀམ་ཚང་ལ་བླུན་རྨོངས་ཀྱི་མུན་པ་འཁྲིགས་སྐབས་མཁས་པའི་རྒྱལ་མཚན་འཛིན་མཁན་ནི་ཁོང་ལྟ་བུ་རེ་ཟུང་ཞིག་ཡིན་པར་མངོན། སྤྱིར་ངས་བསྟན་འཛིན་གྱི་སྐྱེས་ཆེན་ཞེས་བརྗོད་དུས་མཁས་ཡོན་ཏན་ཡོད་པ་གལ་ཆེ་བ་ལས་དེ་ཁོ་ན་གལ་ཆེན་ཡིན་པར་འཛིན་གྱི་མེད་ལ། གལ་ཆེ་ཤོས་ནི་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་ཡོད་པ་དེ་རེད་འདུག་སྙམ། དེའི་ཆ་ནས་བསམས་ན་ང་ཚོ་བཀའ་བརྒྱུད་སྤྱི་དང་ཡང་སྒོས་ཀམ་ཚང་ལ་ཁྲ་འགུ་རིན་པོ་ཆེ་ལྟ་བུ་དུས་ཕྱིས་སུ་ཕལ་ཆེར་བྱུང་མྱོང་མེད་པའི་ཚོད་རེད། རེད། ཀམ་ཚང་ལ་བླ་ཆེན་དང་། བླ་སྤྲུལ་མཛད་འཕྲིན་རྒྱས་པ་མི་ཉུང་བ་ཞིག་ཡོད་ན་ཡང་། དེ་ཚོ་འགའ་ཤས་ལ་མི་རབས་མི་དུ་མའི་རིང་བསགས་པའི་སྡིང་ཆ་ཡོད་ཅིང་། འགའ་ཤས་རྒྱལ་ཕྱི་ནང་གང་རུང་དུ་མཛད་འཕྲིན་རྒྱས་ཙམ་བྱུང་ན་ཡང་། ཅི་ཡང་མེད་པ་ནས་ཕུན་སུམ་ཚོགས་པར་གྱུར་ཅིང་། མཛད་འཕྲིན་རྒྱས་པ་ཙམ་མ་ཟད་མཛད་འཕྲིན་མཐར་ཕྱིན་པ་བྱུང་བ་ནི་ཁྲ་འགུ་རིན་པོ་ཆེ་ལྟ་བུ་ཧ་ཅང་དཀོན་པས་མ་མཐར་ཡང་ཕྱིས་སུ་ནི་དེ་ལྟ་བུ་གཞན་མེད་ཅེས་བཤད་ན་ཡང་ཐལ་དྲགས་མེད་པར་མཐོང་།
བོད་བརྒྱུད་ནང་བསྟན་པ་སྤྱི་དང་། ཡང་སྒོས་ཀམ་ཚང་པ་རྣམས་ནི་དེ་སྔོན་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་རང་ཉིད་ཀྱི་ཆོས་བརྒྱུད་དར་ཡོད་ས་ཞིག་ལ་འཚང་ཁ་རྒྱག་ཅི་ཐུབ་བྱེད་པ་ལས། དེ་འདྲ་མ་བྱུང་ས་ལ་བསྟན་པ་སྤེལ་ཐབས་ལྟ་ཞོག ལན་རེ་ཙམ་ཕེབས་པ་ཡང་ཧ་ཅང་དཀོན་ན་ཡང་། དེ་ལྟ་བུ་མིན་པར་ཁྲ་འགུ་རིན་པོ་ཆེ་ནི་དེ་འདྲ་ལ་ཐུགས་བསྐྱེད་ཀྱི་གོ་ཆ་གཞན་ལས་བཙན་པ་དེས་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་དེ་སྔོན་བསྟན་པ་མེད་ས་ལ་བསྟན་པ་སྤེལ་བ་དང་། དེ་སྔོན་བཀའ་བརྒྱུད་སྤྱི་དང་ཡང་སྒོས་ཀམ་ཚང་གི་དགོན་སྡེ་དང་ཆོས་ཚོགས་མེད་པ་ལ། དགོན་པ་དང་ཆོས་ཚོགས་བཙུགས་པ་མང་བར་ཐོས། བོད་ཀྱི་དགོན་སྡེ་སྤྱི་དང་ཡང་སྒོས་ངེད་ཚོ་ཀམ་ཚང་གི་དགོན་པ་མང་པོས་གྲྭ་པ་ལྷག་བསམ་ཅན་དང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ནུས་པ་ལ་མི་རིགས་བོད་པ་རང་ཡིན་དགོས་པའི་ལྟ་སྟངས་ཤུགས་ཆེ་ན་ཡང་། ཁྲ་འགུ་རིན་པོ་ཆེས་མི་རིགས་ཀྱི་ཁྱད་འབྱེད་མ་གནང་ཞིང་། ད་དུང་བོད་པ་ལས་ཀྱང་གཙོ་བོ་བལ་ཡུལ་གྱི་ས་མཚམས་ནས་ཡིན་པའི་བོད་རིགས་མང་པོ་ཞིག་གྲྭ་པར་གསོ་སྐྱོང་གནང་བ་དང་། དེའི་འབྲས་བུར་ཁྲ་འགུ་དགོན་པའི་གྲྭ་པ་ཟེར་དུས་གཟན་ཤམ་གྱོན་སྟངས་ཚུན་ཆད་ནས་ཁམས་གཙང་བ་སོགས་གཞན་དང་མི་འདྲ་ཞིང་། བསྟན་པ་དང་བླ་མ་ལ་ལྷག་བསམ་ནི་ཆེ་དྲགས་ན་མ་གཏོགས་ཆུང་དྲགས་པ་ཧ་ཅང་དཀོན་པ་སོགས་མཇལ་དུ་ཡོད་པ་དེ་ནི་ཁོང་གི་ཐབས་མཁས་ཀྱི་མཛད་པའི་འབྲས་རྟགས་རྩོད་པ་མེད་པ་ཞིག་ཡིན་པར་མཐོང་།
གོ་ཐོས་ལ་ཁྲ་འགུ་དགོན་གྱི་གྲྭ་པ་མང་པོ་ཞིག་ལ་མ་འོངས་པའི་མདུན་ལམ་གྱི་ཐད་ལ་བླ་མས་གང་གསུངས་ལས་སྒེར་གྱི་འཆར་གཞི་ཕལ་ཆེར་མེད་པ་དང་། བླ་མས་གང་གསུངས་ཡིན་པའི་རྒྱུ་མཚན་ཀྱང་བླ་མའི་བཀའ་བཙན་པའི་རྒྱུ་མཚན་གྱིས་མ་ཡིན་པར་བླ་མ་བཀའ་དྲིན་ཆེ་བ་ལ་ཐུག་པར་མཐོང་། བསྟན་པ་དང་དགོན་པ་སྐྱོང་སྟངས་ལ་ཁྲ་འགུ་རིན་པོ་ཆེ་ཐབས་ལ་མཁས་པ་ནི་ཆོས་བརྒྱུད་གཞན་ལ་བླ་མ་དེ་འདྲ་རེ་ཟུང་ཡོད་སྲིད་ཀྱང་ཀརྨ་བཀའ་བརྒྱུད་འདིར་ནི་ཕལ་ཆེར་མེད་པའམ། ཡོད་ཀྱང་འགྲན་ཟླ་བྲལ་བ་སྟེ། གོ་ཐོས་ལ་ཁྲ་འགུ་རིན་པོ་ཆེ་ཕྱི་རྒྱལ་ནས་རང་དགོན་དུ་ཕེབས་པའམ། བལ་ཡུལ་དུ་ཡོད་པའི་དགོན་པ་ནས་རྒྱ་གར་དུ་ཡོད་པའི་དགོན་པ་ལྟ་བུར་ཕེབས་པ་ན། གྲྭ་པ་རྒན་པ་རྣམས་གཟིམ་ཆུང་དུ་བོས་ནས་བཀའ་མོལ་གནང་བ་དང་། གྲྭ་པ་ཆུང་བ་རྣམས་ཀྱང་བང་བསྒྲིག་བཅུག་ནས་དེ་ཐམས་ཅད་ལ་ཤིང་ཏོག་དང་། དུག་སློག དངུལ་ལྟ་བུ་བརྔན་པ་ཆེ་ཆུང་ཅི་རིགས་རེ་གནང་ནས་ཐད་ཀར་བླ་སློབ་ཀྱི་འབྲེལ་བ་གསོན་པོ་རྒྱུན་སྐྱོང་གནང་བ་ཁོ་ན་ལས་གྲྭ་པས་བླ་མ་དང་བཀའ་མོལ་ཞུ་བའི་གོ་སྐབས་མེད་ཅིང་། བླ་མས་རང་གི་གྲྭ་པ་ངོ་མི་ཤེེས་པ་དེ་འདྲ་གཏན་ནས་ཡིན་སྐད་མི་འདུག དེ་ཁོ་ན་ལ་བསམས་ན་ཡང་ཀམ་ཚང་གི་བླ་མ་རྣམས་ཀྱིས་ཁོང་ཉིད་སྤྱན་ལྟོས་སུ་མཛད་ན་རེ་ཅི་འདྲ་ལེགས་པ་ལ་སྙམ་སྟེ། ད་ལྟ་གྲྭ་པ་ཏོག་ཙམ་འཁོར་མཁན་ཡོད་པའི་སྐབས་སུ་སྤྱན་གྱིས་གཟིགས་ཀྱང་མི་འདོད་ན་ནམ་ཞིག་སྤྱན་གྱིས་གཟིགས་འདོད་ན་ཡང་གྲྭ་པ་མཐོང་རྒྱུ་མེད་པའི་དུས་ཚོད་ཅིག་ཚེས་སྲིད་པའོ།།
ངས་མཐོང་ཚོད་ལྟར་ན། ཁྲ་འགུ་རིན་པོ་ཆེས་གྲྭ་པ་གཟིགས་སྐྱོང་གནང་སྟངས་ནི། ཁྲ་འགུ་དགོན་གྱི་གྲྭ་པ་ལོ་ན་ཉི་ཤུ་ཡས་མས་ལ་སླེབས་ན་ཡང་ཕར་བལྟས་ཚོད་ལ་ཤེས་ཡོན་དང་འཇོན་ཐང་འགྲིག་ཙམ་རེ་ཡོད་པས། དགོན་པ་གཞན་ལ་ཡོད་ན་དེ་དག་ལ་རབ་བྱུང་ན་དབུ་ཆུང་གི་གོ་གནས་ཙམ་ལས་ཐོབ་མི་སྲིད་པ་ལྟ་བུ་དག་ལ་ཡང་། ཁྲ་འགུ་རིན་པོ་ཆེའི་དགོན་པས་དེ་དག་ལ་དགོན་པའི་མགྲོན་ཁང་དང་ཚོང་ཁང་། གཉེར་ཚང་སོགས་ལ་ལྟ་བའི་ལས་ཀ་འདྲ་མིན་གྱི་འགན་ཁུར་ཆེ་ཐག་ཆོད་རེ་གནང་བ་དེས་དེ་ཚོ་མང་པོ་ཞིག་ལ་མཚོན་ན་སྔར་ཡོད་པའི་ཤེེས་འཇོན་བེད་སྤྱོད་ཡོད་པ་དང་། སྔར་མེད་པའི་ཉམས་མྱོང་དང་ཡོན་ཏན་མང་པོ་གསར་དུ་འཐོབ་བཅུག་པས་དགོན་པ་གཞན་ལ་ཡོད་ཀྱང་བེད་སྤྱོད་བྱེད་མི་ཤེེས་པ་མང་བ་ལ། ཁྲ་འགུ་རིན་པོ་ཆེ་ལ་ནི་ཡོད་ཕྱིན་ཆད་བེད་སྤྱོད་མེད་པ་ནི་མི་སྲིད་པ་ལྟ་བུ་ཡིན་པར་མཐོང་། ཁྲ་འགུ་དགོན་གྱི་གྲྭ་པ་ཕལ་མོ་ཆེ་ནི་བརྒྱུད་རིམ་ཆ་ཚང་བ་འགྲོ་མྱོང་བ་ཤ་སྟག་སྟེ། དགོན་པ་མང་པོ་ཞིག་ལ་བཤད་གྲྭ་བ་ཡིན་ན་གྲྭ་ཚང་པ་མིན་པ། གྲྭ་ཚང་པ་ཡིན་ན་བཤད་གྲྭ་པ་མིན་པ། སྒྲུབ་ཁང་མཐར་ཕྱིན་ན་ད་ལྟ་འཛིན་སྐྱོང་གི་ལས་ཀ་མེད་པ་ལྟ་བུ་སོགས་ཡིན་ན་ཡང་། ཁྲ་འགུ་རྣམ་ཚང་གི་གྲྭ་པ་དག་ནི་བརྒྱུད་རིམ་དེ་ཆ་ཚང་འགྲོ་མྱོང་བས་བཤད་གྲྭ་དང་གྲྭ་ཚང་གི་ས་མཚམས་ཕལ་ཆེར་མེད་ཅིང་། ལས་ཀ་བྱེད་མཁན་དང་མི་བྱེད་མཁན་གྱི་རྣམ་དབྱེ་ཡང་དེ་བས་ཀྱང་མེད་པར་མཐོང་།
ད་དུང་ངས་འདི་འདྲ་ཞིག་གོ་མྱོང་སྟེ། ཁོང་གིས་རང་གི་སློབ་མ་གྲྭ་པ་རྣམས་ལ་ཐོག་མར་སྲོལ་རྒྱུན་གྱི་ཤེེས་ཡོན་ཆ་ཚང་བ་ཞིག་སྤྲད་ནས་ཤེེས་ཡོན་དེ་དག་བེད་སྤྱོད་ཡོད་པ་དང་ཉམས་མྱོང་གསོག་པའི་ཕྱིར་དགོན་པའི་ལས་ཀ་རེ་ལ་བསྐོ་བར་མཛད། དེ་ཡང་རྒྱ་གར་གྱི་རྒྱལ་ས་དིལླི་ལྟ་བུ་གྲོང་ཁྱེར་ཆེ་ཁག་ལ་ཡོད་པའི་ཁྲ་འགུ་དགོན་གྱི་མགྲོན་ཁང་ལྟ་བུར་ལྟ་མཁན་ལ་བསྐོས་པ་ཡིན་ན། ལོ་ཤས་སོང་རྗེས་ད་ནི་ཁྱོད་རང་གྲོང་ཁྱེར་དུ་སྡོད་རྒྱུ་མང་དྲགས་སོང་གསུངས་ནས་ཐད་ཀར་སྒྲུབ་ཁང་ལ་བཅུག་པ་དང་། འགའ་ཤས་བལ་ཡུལ་གྱི་ས་མཚམས་སུ་ཡོད་པའི་ལུང་ཁུག་ལྟ་བུར་ཡོད་པའི་དགོན་ཆུང་ཞིག་ལ་ལྟ་རྟོག་བྱེད་དུ་བཏང་བ་ན། ལོ་ཤས་སོང་རྗེས་ད་ནི་ཁྱོད་རང་ས་ཁུག་ལ་སྡོད་རྒྱུ་མང་དྲགས་པ་དེས་དངུལ་མེད་པའི་དཀའ་ངལ་ཡོད་སྲིད་པས་གནས་སྐབས་ཕྱི་རྒྱལ་ལ་སོང་ནས་ལོ་ཤས་སྡོད་གསུངས་ཏེ་ཕྱི་རྒྱལ་གྱི་ཆོས་ཚོགས་ཡོང་སྒོ་ཆེ་བ་འགར་མངགས་གཏོང་གནང་བ་དང་། ཕྱི་རྒྱལ་གྱི་ཆོས་ཚོགས་ཁག་ལ་ཡུན་རིང་སྡོད་མྱོང་བ་རྣམས་ཡང་བོས་ནས་ཐད་ཀར་ལུང་ཁུག་གི་དགོན་པ་དག་ལ་གཏོང་བ་སོགས་ཀྱིས་སློབ་མ་གྲྭ་པ་ཚོའི་མདུན་ལམ་དང་། དེ་དག་སྒེར་གྱི་གནས་སྟངས། དེ་དག་གི་ཆོས་ཕྱོགས་ཀྱི་ཀུན་སྤྱོད་དང་ཉམས་ལེན་བཅས་ཕྱོགས་ཡོངས་ནས་འགན་ཁུར་ཞིང་། གཟིགས་རྟོག་གནང་གི་ཡོད་པར་ཐོས་ཤིང་། ཁྲ་འགུ་རིན་པོ་ཆེའི་དགོན་པའི་གྲྭ་པ་ཕལ་མོ་ཆེས་ཁྲ་འགུ་རིན་པོ་ཆེའི་བཀའ་ལས་འདའ་མི་ནུས་པ་ཡང་བཀའ་དྲིན་འདི་འདྲ་ཞིག་གིས་བསྐྱངས་པའི་རྒྱུ་མཚན་གྱིས་ཡིན་པར་མཐོང་།
ཁོང་གིས་རང་དགོན་གྱི་གྲྭ་པ་རྒན་པ་ཕལ་མོ་ཆེའི་སྤྱི་ཚོགས་ཀྱི་དྲ་རྒྱའི་འབྲེལ་ལམ་ཉར་ཡོད་པར་ཐོས་ཤིང་། དེའི་རྐྱེན་པས་དེ་དག་གིས་དྲ་ལམ་ཁག་ལྟ་བུར་གང་ཟག་གཞན་ལ་སྐྱོན་བརྗོད་དང་། བསྟན་པ་དང་བླ་མ་ལ་སྐུར་འདེབས། གྲུབ་མཐའ་དང་དཔེ་ཆའི་དཀའ་གནད་སྐོར་ནོར་བ་སོགས། དགོས་པ་ལས་དགག་བྱ་ཆེ་བའི་རྩོམ་ཡིག་དང་གཏམ་བཤད་སོགས་སྤེལ་བ་གཟིགས་ན་ཐད་ཀར་འབྲེལ་བ་གནང་སྟེ་བཀའ་བཀྱོན་གནང་བ་སོགས་ཀྱིས་སྟངས་འཛིན་ནན་པོ་གནང་གི་ཡོད་པ་དེས་དེ་དག་གིས་ཐ་ན་སྤྱི་ཚོགས་དྲ་ལམ་དུ་ཡང་འགན་མ་ཁུར་བའི་ལས་ཀ་བྱེད་ཐབས་མེད་པ་བཟོས་གནང་ཡོད་པར་ཐོས། ད་དུང་གྲྭ་པ་གང་རུང་ཞིག་གི་ལས་ཀ་བྱེད་སྟངས་འགྲིག་མིན་ཐད་ལ། སྔོན་དུ་དེ་དང་འབྲེལ་ཡོད་ཀྱི་མི་གཞན་ལ་ཁ་པར་བཏང་བ་སོགས་ཀྱིས་དེའི་སྐོར་འདྲི་རྩད་གནང་བ་དང་། དེ་རྗེས་མི་དེ་ཉིད་ཐད་ཀར་སྐུ་མདུན་དུ་བོས་ནས་དེའི་བསམ་ཚུལ་དང་འགྲེལ་བཤད་གསན་གནང་བ་སོགས་ཀྱིས་ཕྱོགས་ཡོངས་ནས་དཔྱད་ཞིབ་གནང་བ་དང་། གལ་ཏེ་སུ་ཞིག་གི་ལས་ཀ་བྱེད་སྟངས་མ་འགྲིག་ན་དེ་ལ་ཐད་ཀར་མི་དམངས་ཀྱི་མདུན་དུ་བཀའ་བཀྱོན་གནང་སྟེ། དགོན་པ་དང་ལས་ཀ་ནས་གནས་དབྱུངས་གཏོང་བ་སོགས་མི་མཛད་པར། ཐབས་ལ་མཁས་པོས་སྔར་བྱས་པའི་བཟང་ཕྱོགས་ལ་བསྟོད་བསྔགས་དང་བྱ་དགའ་ཆེན་པོ་རེ་གནང་སྟེ། ལས་ཀའི་ངོ་བོ་གཞན་ཞིག་ལ་བསྒྱུར་བ་དང་། དེ་ལ་བརྟེན་ནས་མི་དེའི་ལས་ཀ་བྱེད་སྟངས་ལ་མི་དགའ་མཁན་ཚོ་ཡང་འདོད་པ་ཚིམས་ཤིང་། ལས་བྱེད་རང་ཡང་ངོ་ཚ་མི་དགོས་པ་སོགས་ཧ་ཅང་ཐབས་ལ་མཁས་པོ་ཁོ་ནས་སྐྱོང་གནང་སྲོལ་ཡོད་འདུག
མདོར་ན་འདི་དག་ནི་ངས་ཐག་རིང་པོ་ནས་གོ་མྱོང་བ་འགའ་ཞིག་སྟེ། འདི་དང་འདི་ལྟ་བུ་ཁོང་གིས་སློབ་མ་སྐྱོང་སྟངས། གྲྭ་པ་གསོ་སྟངས། བསྟན་པ་དང་དགོན་པའི་ཆེད་དུ་མཛད་པ་འཕྲིན་ལས་སྐྱོང་ཚུལ་སོགས་ཀྱི་རྣམ་ཐར་གྲངས་མེད་པ་ཞིག་ཡོད་ངེས་ལ། ཀམ་ཚང་གི་དགོན་པ་རྣམས་ལས་ཁྲ་འགུ་རྣམ་ཚང་ནི་སྔོན་ཐོན་ལས་རྗེས་ལུས་ཕལ་ཆེར་མེད་པ་ཞིག་ཡིན་པ་ལྟར། ཁྲ་འགུ་རྣམ་ཚང་གིས་ཁྲ་འགུ་རིན་པོ་ཆེའི་རྣམ་ཐར་རྒྱས་པ་ཡང་ལོ་ཤས་སྔོན་ནས་ཕལ་ཆེར་བྲིས་ཟིན་ཡོད་པར་ཐོས་པས་ང་ཚོས་ཞིབ་ཕྲའི་གནས་ཚུལ་རྗེས་སོར་དེ་ལས་ཤེས་ཐུབ་སྙམ། ངས་སྐབས་རེ་སྔར་ཀརྨའི་སྒར་ཆེན་དུ་རྒྱལ་དབང་ཀརྨ་པའི་འོག་ལ་གུའི་གུང་པ་ཞེས་པ་ཀམ་ཚང་སྤྱིའི་འཛིན་སྐྱོང་ལ་གཟིག་རྟོག་གནང་མཁན་ཞིག་ཡོད་རབས་འདུག་པས། ཁྲ་འགུ་རིན་པོ་ཆེ་ཡང་དེ་ལྟར་འཛིན་སྐྱོང་གི་ཆ་ནས་བཀའ་བརྒྱུད་དམ་ཀམ་ཚང་སྤྱི་ལ་ལམ་སྟོན་དང་བཀོད་ཇུས་གནང་མཁན་ཞིག་ལ་བསྐོས་ནས་ཀམ་ཚང་གི་དགོན་སྡེ་རྣམས་ཀྱིས་ཁོང་གི་དབུ་ཁྲིད་འོག་ཕྱག་ལས་གནང་ན་ཁོང་གི་དགོན་པ་ཙམ་མིན་པར་ཀམ་ཚང་སྤྱི་ཡོངས་གོང་འཕེལ་སོང་སྟེ། བླ་སྤྲུལ་རྣམས་དགོན་པ་དང་གྲྭ་པ་ལ་ཐུགས་བརྩེ་བ་འདི་ལས་ཆེ་ཙམ་དང་། གྲྭ་པ་རྣམས་བསྟན་པ་དང་དགོན་པ་ལ་ལྷག་བསམ་འདི་ལས་ཆེ་ཙམ་ཡོང་བའི་རེ་བ་རེ་མེད་དམ་སྙམ་ན་ཡང་། སྐད་ཆ་འདིའི་རིགས་ལག་ལེན་ལྟ་ཞོག་བཤད་པ་ཙམ་གྱིས་ཀྱང་མང་པོ་ཞིག་གི་ཐུགས་ལ་ཕོག་བྱེད་ཙམ་དུ་འགྱུར་ལས་ཆེ།
གང་ལྟར་ཡང་ཁྲ་འགུ་རིན་པོ་ཆེ་མཆོག་དགུང་གྲངས་དགུ་བཅུའི་ནང་བར་དུ་བཞུགས་ཤིང་། དེའི་བར་དུ་ཟླ་བ་དང་བདུན་ཕྲག་ལྟ་ཞོག ཐ་ན་ཞག་པོ་གཅིག་ཙམ་ཡང་སྐུ་ངལ་མ་གསོས་པར་བསྟན་པ་དང་སེམས་ཅན་གྱི་དོན་ཁོ་ན་མཛད་པ་ནི་རང་ཅག་ཡོངས་ལ་ཅི་འདྲའི་བཀའ་དྲིན་ཆེ་བ་ཞིག་རེད་སྙམ་ལ། བླ་རྒན་འདི་དག་ཆུང་དུས་ནས་ཐུགས་ལ་ཆོས་མ་གཏོགས་དགོངས་རྒྱུ་མེད། མཁས་པའི་ཆ་ནས་མཁས་དབང་གི་མཚན་གནས་བཞེས་ཤིང་། མཁས་པ་མང་པོ་བསྐྱེད་བསྲིང་གནང་། བཙུན་པའི་ཆ་ནས་གླེང་སློང་ངན་པ་རེ་ཙམ་ཡང་ཐོས་རྒྱུ་མེད། བཟང་པོའི་ཆ་ནས་སྐྱེ་བོ་སྟོང་ཕྲག་དང་ཁྲི་ཕྲག་ཙམ་གྱི་མི་ཚེ་དོན་དང་ལྡན་པ་བཟོས་གནང་། ལུང་གི་བསྟན་པ་ལ་ཕན་ཕྱིར་བཤད་གྲྭ་དང་། དཔེ་མཛོད་ཁང་། དཔེ་ཆ་པར་སྐྲུན་ཁང་སོགས་རྒྱ་བལ་བོད་གསུམ་གང་སར་བཞེངས་སྐྲུན་གནང་ཞིང་། རྟོགས་པའི་བསྟན་པ་ལ་ཕན་ཕྱིར་རྒྱལ་ཕྱི་ནང་གང་སར་སྒྲུབ་ཁང་ཆེ་ཆུང་གྲངས་མེད་པ་བཞེངས་གནང་བ་དང་། དེ་དག་ཏུ་སྒྲུབ་པ་ཉམས་ལེན་སྤྱི་དང་། རྒྱུད་སྡེ་བྱེ་བྲག་པའི་བསྙེན་སྒྲུབ་གནང་ས་སོགས་དགོས་ངེས་ཀྱི་ཆ་རྐྱེན་གང་དགོས་བསྐྲུན་པ། བསྟན་པ་སྤྱི་ལ་ཕན་ཕྱིར་ཤར་ནུབ་གང་སར་དགོན་པ་དང་ཆོས་ཚོགས་གྲངས་མེད་པ་ཞིག་བཙུགས་གནང་། མི་དམངས་ཀྱི་དོན་དུ་སློབ་གྲྭ་ཚད་ལྡན་འབུར་དུ་ཐོན་པ་ཡང་མི་ཉུང་བ་བསྐྲུན་ཡོད་པས་ན། ཞལ་བཞུགས་དུས་སྐུ་ཚེའི་ཞབས་པད་བརྟན་པའི་དོན་དུ་གསོལ་བ་རེ་འདེབས་ན་ཡང་འདི་འདྲའི་དོན་དུ་འདེབས་དགོས་པར་མངོན་ལ། ཞི་བར་གཤེགས་པས་སེམས་སྐྱོ་ན་ཡང་འདི་འདྲ་ལ་སྐྱོ་དགོས་པ་འདྲ།
སྔར་ཐེངས་ཤིག་ཁྲ་འགུ་རིན་པོ་ཆེ་འབྲས་ལྗོངས་ལ་ཕེབས་སྐབས་རྒྱལ་ཚབ་རིན་པོ་ཆེས་ར་ལང་དཔལ་ཆེན་ཆོས་གླིང་དུ་ཡང་གདན་དྲངས་པ་ན། སྐབས་དེར་ཁྲ་འགུ་རིན་པོ་ཆེ་དགོན་པ་ནས་ཐོན་ཁར་ཁོང་གིས་རྒྱལ་ཚབ་རིན་པོ་ཆེ་ལ། ད་དུང་བསྟན་པ་དང་སེམས་ཅན་གྱི་དོན་དུ་བསྒྲུབ་བསམ་པའི་ལས་ཀ་ཁ་ཤས་ཤིག་ལྷག་ཡོད་པས་ཁྱེད་ཀྱིས་བླ་རྒན་ང་ད་དུང་ལོ་ཤས་ཤི་མི་འགྲོ་བའི་སྐྱབས་འཇུག་གནང་རོགས་ཞེས་གསུངས་པ་ལ། རྒྱལ་ཚབ་རིན་པོ་ཆེས་ལན་དུ་ཁྱེད་ད་དུང་ལོ་ཤས་བཞུགས་ངེས་པས་ཐུགས་ཁྲལ་རྩ་བ་ནས་མི་དགོས་ལ། ངས་ཀྱང་སྐྱབས་འཇུག་ཞུ་ཡོང་ཞེས་གསུངས་པ་ཡིན་ཅེས་ཕྱིས་སུ་རྒྱལ་ཚབ་རིན་པོ་ཆེས་གསུངས་མྱོང་། ངས་ཀྱང་ནམ་རྒྱུན་བོད་ཀྱི་བླ་ཆེན་སྤྱི་དང་ཡང་སྒོས་ཀམ་ཚང་གི་བླ་སྤྲུལ་མང་པོ་ཞིག་ལ་ལེ་ལོ་དང་ཕྱིར་འགྱངས་ཀྱི་སྙུན་གཞི་དེ་ཅུང་ཚབབས་ཆེ་བ་ལ། སྤྱན་རས་གཟིགས་རིན་པོ་ཆེ་དང་། ཁྲ་འགུ་རིན་པོ་ཆེ་ལྟ་བུ་ནི་ཉིན་གཅིག་ལྷག་མ་བཞུགས་ན་ཡང་བསྟན་འགྲོའི་དོན་དུ་མཛད་འཕྲིན་དོན་སྙིང་ལྡན་པ་གསར་པ་རེ་སྐྱོང་ངེས་པ་ཡིན་དུས་བླ་མ་འདི་དག་ལྟ་བུ་ནི་ངོ་མ་ཉིན་གཅིག་ད་དུང་བཞུགས་ན་ཡང་ཆེས་བཞུགས་གོ་ཆོད་པ་ཞིག་རེད་སྙམ་གྱིན་ཡོད།
ད་ནི་རིན་པོ་ཆེ་ཉིད་སྐུ་གཤེགས་ཟིན་པས། མང་དུ་བཤད་ཀྱང་སྙིང་པོ་མི་མཐོང་སྲིད་ལ། ང་ངོས་ནས་དེ་ལ་དགའ་དགོས་པ་ཞིག་དང་སྐྱོ་དགོས་པ་གཉིས་མཐོང་སྟེ། དགའ་དགོས་པ་ནི་བསྟན་འགྲོའི་དོན་དུ་སྐུ་ལས་འོ་བརྒྱལ་དེ་ཙམ་མཛད་ནུས་ཤིང་། ཐབས་མཁས་ལ་ཐུགས་རྗེ་ཆེ་བ་ཞིག་གི་སྐུ་ཚེ་དང་མཛད་འཕྲིན་མཐར་ཕྱིན་པས་རེ་བ་དང་སྨོན་ལམ་ལས་ལྷག་པ་ཞིག་བྱུང་བ་དེས་ཡིན་ལ། སྐྱོ་དགོས་པ་ཞིག་ནི་མ་འོངས་པར་བླ་མ་འདི་འདྲ་ནི་སྤྱིར་བོད་བརྒྱུད་ནང་བསྟན་དང་། ལྷག་པར་བསོད་ནམས་ཤིན་ཏུ་ཆུང་བའི་ཀམ་ཚང་གི་ཆོས་བརྒྱུད་འདི་ལ་ཕལ་ཆེར་འབྱུང་དཀའ་ཚོད་དུ་སྣང་བས་ཡིན། བསྟན་པ་སྤྱི་དང་བྱེ་བྲག ལྷག་པར་ཀམ་ཚང་གི་བསྟན་པ་ལ་བཀའ་དྲིན་ཚད་མེད་པས་རྗེས་འཇུག་ཡོངས་ཀྱིས་འདི་འདྲའི་སྐྱེས་ཆེན་དམ་པ་རེ་འབྱུང་དུས་བྱས་ཤེས་དྲིན་བཟོ་དང་། བཀའ་དྲིན་བསམ་ཤེས་ཡོད་པའི་ཐོག་ནས་དགོན་ཁག་ཡོངས་ལྷན་འཛོམས་ཀྱིས་ཐུགས་རྗེ་ཆེ་ཞུ་བའི་མཎྜལ་ཙམ་རེ་འབུལ་རྒྱུ་བྱུང་ན་ངོ་མ་འོས་ཤིང་འཚམས་པ་ཞིག་ཡིན་ས་ཡོད་ཀྱང་། ཕལ་མོ་ཆེ་རང་རང་གི་དགོན་པ་དང་བླ་བྲང་ཙམ་ལ་དབུ་འཁོར་བས་བསྟན་པ་སྤྱི་ཟེར་བ་ཐུགས་ལ་འཁོར་མཁན་དང་། བསྟན་པ་སྤྱིའི་དོན་དུ་བཀའ་དྲིན་ཆེ་བ་ལ་ཆེ་བར་ངོས་ཤེས་མཁན་དང་། དེ་ལ་ཚིག་ཙམ་མིན་པར་ལག་ལེན་དངོས་ཀྱི་ཐོག་ནས་དགའ་གུས་ཞུ་མཁན་ནི་སྲིད་པ་ཙམ་ཡིན་དུས་འདི་ལྟ་བུ་ད་མ་དགོས་སྔར་བཤད་ཀྱང་ཆུ་ནང་དུ་རྡོ་གཡུགས་པའི་དཔེ་རུ་འགྱུར་ལས་ཆེ།
གང་ལྟར་ཡང་རྩོམ་ཡིག་རིང་པོ་འདི་ཉིད་ང་རང་སྤྱི་ཚོགས་ཀྱི་མི་སྣ་དམིགས་བསལ་བ་ཞིག་མིན་ཀྱང་། བསྟན་པ་སྤྱི་དང་བྱེ་བྲག་ལ་རྒྱུ་མཚན་ཤེས་པའི་ལྷག་བསམ་ཞིག་ནི་ཡོད་ཅིང་། ཁྱད་པར་བཀའ་བརྒྱུད་སྤྱི་དང་ཡང་སྒོས་ཀམ་ཚང་ལ་ཞེན་ཆགས་ཆེ་བ་དེས་ང་རང་སྒེར་ངོས་ཀྱི་སེམས་ཚོར་འགའ་ཞིག་གླེང་སློང་བྱ་འདོད་བྱུང་བ་དེས་རེ་ཞིག་ཡིད་ལ་གང་ཤར་ཡིག་ཐོག་ཏུ་ཕབ་པ་ཙམ་ཡིན། དེས་ན་འདི་ནི་རྩོམ་ཡིག་དང་དཔྱད་རྩོམ་ལྟ་བུ་ཡང་མིན་པས་ན། འགའ་ཤས་ལ་བསྟོད་པས་གཞན་ལ་དམའ་ཕབ་བྱེད་ལྟ་བུར་གྱུར་ཏེ་མང་པོ་ཞིག་གི་ཐུགས་ལ་ཕོག་པ་དེ་འདྲར་གྱུར་མེད་པའི་རེ་བ་ཡང་ཡོད། ད་ནི་མང་པོ་ཞིག་གི་རེ་བ་ཆེ་ཤོས་ནི་རིན་པོ་ཆེའི་ཡང་སྲིད་མགྱོགས་ནས་མྱུར་དུ་ཕེབས་རྒྱུ་དེ་ཡིན་སྲིད་ཀྱང་། ངས་ནི་ཡང་སྲིད་ཅི་ཙམ་བཟང་ཡང་གོང་མ་ལྟ་བུ་ཡོང་བའི་རེ་བ་ནི་ཕལ་ཆེར་མེད་པས། རེ་ཞིག་གལ་ཆེ་ཤོས་ཁྲ་འགུ་རིན་པོ་ཆེའི་མཛད་འཕྲིན་རྣམས་སློབ་མ་རྣམས་དམ་ཚིག་རྡོག་རྩ་གཅིག་སྒྲིལ་དང་། ཕྱར་བ་གྲུ་འདེགས་ཀྱི་ཐོག་ནས་སྔར་ལས་ལྷག་པ་གནང་མ་ཐུབ་ཀྱང་། སྔར་ཡོད་པ་རྣམས་ཉམས་རྒུད་དུ་མི་འགྲོ་བ་ཞིག་གནང་ཐུབ་པའི་རེ་སྨོན་ཡོད། མཐའ་སྡོམ་དུ། ཐེངས་ཤིག་རྡོར་གདན་ནས་རྒྱལ་ཚབ་རིན་པོ་ཆེ་ཕེབས་ཁར། གཏེར་སྒར་དགོན་པའི་ཕྱི་རོལ་དུ་ཁྲ་འགུ་རིན་པོ་ཆེ་ཡང་ཞབས་སྐོར་ལ་ཕེབས་ཞོར་བསྒུགས་ནས་བཞུགས་འདུག་པ་ལ། རིན་པོ་ཆེ་རྣམ་པ་གཉིས་ཀྱིས་ཕལ་ཆེར་ཚིག་གང་ཡང་མ་གསུངས་པར་དབུ་ཐོད་གཏུགས་ནས་ཡུན་རིང་ཙམ་བཞེངས་པ་ལ། རང་དབང་མེད་པར་ངའི་མིག་མཐར་མིག་ཆུ་འཁོར་བ་ཞིག་བྱུང་བས་སྐབས་དེའི་རྣམ་པ་དེ་སླར་ཡང་དྲན་བཞིན་དུ་རྩོམ་ཡིག་འདི་ཡང་འདིར་མཇུག་བསྡུ་བར་འདོད་ཅེས་ལེགས་མཐོང་གིས་སྤྱི་ལོ་༢༠༢༣ ཟླ་༦ ཚེས་༨ ཉིན་མོར་སྦྱར་བའོ།།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3609
དཔྱད་མཆན་སྤེལ།