ནང་དོན་གནད་བསྡུས། དུས་རབས་བཅུ་བཞི་བ་ཡས་མས་སུ་འཁྲུངས་པའི་གུང་ཐང་བདེ་བའི་བློ་གྲོས་ནི་བོད་ཀྱི་རྩོམ་གཞུང་སྨྲ་བ་གལ་ཆེན་ཞིག་སྟེ། ཁོང་གིས་རྩོམ་གཞི་དང་རྩོམ་ཚུལ། རྩོམ་དོན་གསུམ་གྱི་ངོས་ནས་སྒྲིག་གཞི་རིང་ལུགས་ཀྱི་ཉམས་དང་ལྡན་པའི་རྩོམ་གཞུང་གི་སྤྱི་ཁོག་བསྟན་ལ། “ཚིག་ཉུང་དོན་མང”གི་རྩོམ་པའི་རྩ་དོན་ལྟར། ནང་དོན་དང་རྣམ་པ་གཉིས་ཆ་ནས་རྩོམ་གྱི་ཚད་གཞི་བསྟན་པ་མ་ཟད། ཚད་གཞི་འདི་ཇི་བཞིན་ཚིགས་བཅད་སྙན་ངག་མང་དུ་གསར་རྩོམ་བྱས་པས། གཞུང་ལུགས་དང་བརྩམས་ཆོས་གཉིས་ཕན་ཚུན་ངོ་འཕྲོད་པའི་ཁྱད་ཆོས་དང་ལྡན།
བརྡ་ཆད་གཙོ་བོ། གུང་ཐང་བདེ་བློ། སྒྲིག་གཞིའི་བསམ་བློ། སྡེབ་སྦྱོར།
བོད་ཀྱི་རྩོམ་གཞུང་འཕེལ་རྒྱས་ཀྱི་རྒྱུན་འདིར། རྩོམ་གཞུང་སྨྲ་བ་དང་སྙན་ངག་པ་གཅིག་ལྕོགས་ཡིན་པ་མང་དུ་བྱུང་བ་ལས། དུས་རབས་བཞི་བ་ཡས་མས་སུ་ལ་སྟོད་གུང་ཐང་ནས་འཁྲུངས་པའི་བདེ་བའི་བློ་གྲོས་ནི་ཏག་ཏག་རྩོམ་གཞུང་གསར་རྩོམ་དང་སྙན་ངག་གསར་རྩོམ་གཉིས་ཐད་ནས་ཕྱག་རྗེས་ཆེ་བའི་མཁས་པ་གལ་ཆེན་ཞིག་ཡིན། ཁོང་གིས《སྙན་ངག་གི་ཚིགས་སུ་བཅད་པ་དང་བསྟན་བཅོས་ལ་སོགས་པ་བརྩམ་པ་ལ་ཉེ་བར་འཇུག་པ་སྡེབ་སྦྱོར་པདྨ་རྒྱས་པའི་དགའ་ཚལ》སོགས་གཞུང་ལུགས་རང་བཞིན་གྱི་རྩོམ་དང་། 《བླ་མའི་སྤྱི་བསྟོད》སོགས་སྙན་ངག་བརྩམས་ཏེ་ཚིགས་བཅད་སྡེབ་སྦྱོར་གྱི་གཞུང་དང་གསར་རྩོམ་གཉིས་གའུ་ཁ་སྦུབས་ལྟ་བུར་སྦྱར་ཏེ་ཕྱག་རྗེས་ཆེན་པོ་བཞག ། མདོར་ན་གཉིས་སུ་དྲིལ་ཆོག་སྟེ། གཅིག་ནི་རྩོམ་པར་འཇུག་མཁན་གྱི་རྩོམ་པ་པོ་དང་སྡེབ་སྦྱོར་སྐོར་གྱི་རྩོམ་ཚུལ་འཐུས་ཚང་བོ་ཞིག་བཏོན་པ་དང་། གཉིས་ནི། གཞུང་ལུགས་འདི་ག་ལག་ལེན་སྒོས་ཚིགས་བཅད་སྡེབ་སྦྱོར་གྱི་རྩོམ་པ་ཆུ་ཚད་མཐོན་པོ་ཞིག་ཏུ་བསྐྱལ་བ་དེའོ།།གུང་ཐང་བདེ་བློ་ལ་རྣམ་ཐར་མི་འདུག་པས། ཁོང་གི་སྐོར་ཞིབ་པར་བཀོད་པའི་ཡིག་ཆ་ཡང་ཉུང་། དེ་ལས། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་(1523-96?)《བསྟན་རྩིས་གསལ་བའི་ཉིན་བྱེད》སོགས་ཡིག་ཆ་འགའ་ཤས་ལྟར་ན། དཔང་ལོ་ཙཱ་བས་དགུང་ལོ་“སོ་གཉིས་པ་ལ་གུང་ཐང་གནས་པོ་ཆེར་ཆོས་གཞི་བཙུགས། གུང་ཐང་བདེ་བློ་སོགས་སློབ་བུ་མང་དུ་བྱོན་”ཞེས་བཀོད་པ་ལྟ་བུ་ལས། གུང་ཐང་བདེ་བློ་ནི་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི(1276-1342)མདུན་ནས་སྙན་ངག་གི་ཁྲིད་གསན་མཁན་གྱི་སློབ་མ་ཐོག་མའི་གྲས་ཡིན་པར་བསྟན། འོན་ཀྱང་། གུང་ཐང་བདེ་བློ་ཁོ་རང་གི་བརྩམས་ཆོས་དག་ལྟར་ན། ཁོང་གི་སྙན་ངག་ཕྱོགས་ཀྱི་དགེ་རྒན་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན(1240-?)ཡིན་པ་གསལ། དཔེར་ན། 《སྙན་ངག་པདྨ་དཀར་པོའི་ཕྲེང་བ》ཡི་མཛད་བྱང་དུ། “ཤོང་སྟོན་གྱི་བཀའ་དྲིན་གྱི། སྙན་ངག་གི་ཆ་རིག་པ་གུང་ཐང་གི་བཙུན་པ་བདེ་བའི་བློ་གྲོས་”ཞེས་པ་ལྟ་བུ་དང་། 《བླ་མའི་སྤྱི་བསྟོད་》དུ། “དེད་དཔོན་ལྷ་ཡི་དབང་པོ་དད།། བླ་མའི་ཞབས་རྡུལ་སྤྱི་བོས་བརྟེན།།”ཞེས་པ། ཡང་དེའི་མཇུག་རྩོམ་དུ་“ཤོང་སྟོན་ལོ་ཙཱ་བ་ལ། སྙན་ངག་པ་བདེ་བའི་བློ་གྲོས་ཀྱིས་བསྟོད་པའོ།།”སོགས་ལས་ཤེས། ཞེས་ཁོང་གི་རྩོམ་མང་པོར་ཤོང་སྟོན་རྩོམ་གྱི་བརྗོད་གཞི་གལ་ཆེན་ཞིག་ཏུ་དྲངས་པ་མ་ཟད། སྙན་ངག་གི་ཕྱོགས་ནས་མཁས་པའི་ཏོག་ལྟ་བུར་བསྔགས་འདུག། དེ་ལྟ་ན་ཡང་། ཤོང་སྟོན་གྱི་སྐུ་ཚེ་སྨད་ཀྱི་མཛད་རྣམ་མི་གསལ་བ་དང་། གུང་ཐང་བདེ་བློའི་འཁྲུངས་འདས་ལོ་དང་བཅས་པའི་སྐུ་ཚེའི་བྱུང་བ་མི་གསལ་བ་སོགས་ཀྱིས་མཐའ་གཅིག་ཏུ་ཐག་གཅོད་རྒྱུ་དཀའ་ཙམ་གདའ། ཡང་ཁོང་གིས་འགྲོ་མགོན་ཆོས་རྒྱལ་འཕགས་པར(1235-1280)སྤྲིངས་པའི་འཕྲིན་ཀྱང་ཡོད་པ་མ་ཟད། ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོ(1507-65?)ཡི《དམ་པའི་ཆོས་ཀྱི་ཐོབ་ཡིག་བསྟན་པའི་ནོར་རྫས་བཞུགས་སོ།།》རུ། “མངོན་བརྗོད་ཚིག་གཏེར་གྱི་འགྲེལ་པ། བོ་དོང་བློ་བརྟན་གྱི་མཛད་པ་རྣམས་ཐོབ་པའི་བརྒྱུད་པ་ནི། ས་པཎ། འཕགས་པ། གུང་ཐང་པ་བདེ་བློ།”ཞེས་འཁོད་པ་ལ་གཞིགས་ན། ཁོང་གིས་ཤོང་སྟོན་དང་དཔང་ལོ་ཙམ་མ་ཟད། འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཞལ་ཡང་ཟིན་ཡོད་པར་འདོད།རྩོམ་རིག་ཡིག་ཆ་དག་ལྟར་ན། གུང་ཐང་བདེ་བློས་སྙན་འགྲེལ་ཞིག་ཀྱང་བརྩམས་ཡོད་པ་ཤེས་ཐུབ། སྣར་ཐང་ལོ་ཙཱ་བ་སངྒྷ་ཤྲཱིས“འདིར་མཁས་པ་བདེ་བའི་བློ་གྲོས་ཀྱིས་ནི་ཤོ་ལོ་ཀ་གཅིག་གིས་བརྗོད་བྱ་དུ་མ་སྟོན་པ་ལ་མཛོད་དང་། འདུས་པ་ནི་དེ་དག་སྤེལ་བ་འམ། འདྲེས་ཏེ་བྱུང་པ་ལ་གསུངས་སོ།།”ཞེས་ལུང་དྲངས་པ་དང་། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ(1456-1532)ཀྱིས་“བདེ་བའི་བློ་གྲོས་ན་རེ། འདི་ཁྱད་པར་གསུམ་གྱི་གཟུགས་ཅན་ཡིན་ཏེ། ཁྱབ་འཇུག་གི་རྐང་པ་ཡུབ། གངྒཱ་བླུགས་པ་གོས། ལྷ་མིན་གྱི་འཇིགས་མེད་ལྷ་དགའ་བའོ་གསུང་ངོ”ཞེས་དང་། སྨོན་འགྲོ་ལོ་ཙཱ་བས་“བློ་ནས་ཅུང་ཟད་མི་གསལ་བ་རྣམས་ལ་པང་ལོ། གུང་ཐང་བདེ་བློའི་འགྲེལ་པ་སོགས་ཚད་ཐུབ”ཅེས་པས་མཚོན་ལ། བོད་མཁས་པས(1618–86)“གུང་ཐང་ལོ་ཙཱ་བའི་འགྲེལ་པར། དཔེ་ཉིད་ཡིན་ལ་དཔེར་སྣང་བ་དང་། དཔེ་ཉིད་ཡིན་ལ་དཔེ་སྣང་བ་མ་ཡིན་པ་ཞེས་བཤད་པའང་དོན་ལ་གནས་ཏེ་”ཞེས་དང་། ཡང་“ཁོང་གིས་དཀའ་འགྲེལ་མཛད་པ་དེའི་མཇུག་ཏུ། འགྲེལ་པ་ལ་བརྟེན་དུ་མེད་ཅིང་བློ་ཡི་མཐུ་ཆུང་བས་གཞུང་གི་དོན་ལོག་པར་བཤད་པ་སྣང་ནའང་མཁས་པ་རྣམས་ཀྱིས་བཟོད་པར་རིགས་སོ་”ཞེས་པ་ལྟ་བུ། འབྲུག་ཁམས་སྤྲུལ(1730-78?)གྱིས་“གུང་ཐང་པ་བདེ་བའི་བློ་གྲོས་ཀྱིས། མཚན་ཉིད་བཟང་ལྡན་བུད་མེད་འདིས།། ཁྱིམ་གཉིས་སུ་ནི་དཔལ་སྟེར་བྱེད། །འདབ་ཆགས་ལྕེ་གཉིས་པ་ཡིས་ནི།། མཛའ་བོའི་དོན་མཐུན་གཉིས་སུ་འབྱེད་”ཅེས་པ་སོགས་སོགས་ལས། འགྲེལ་པ་གང་དེའི་ཚུལ་རེ་འགའ་རྒྱ་ཤུག་གི་ཚེར་མ་ནང་བཞིན་མཐོང་ཡོང་། དེ་ལྟ་ན་ཡང་། འགྲེལ་པ་འདི་ད་སྔ་དཔར་སྐྲུན་བྱས་པ་སོགས་མེད་པས། མིག་གི་སྤྱོད་ཡུལ་དུ་མ་གྱུར་ལ། དེ་རྐྱེན་བྱས། འདིར་གོང་འཁོད་མཁས་པ་དག་གི་བརྩམས་ཆོས་སུ་དེའི་སྐོར་ལུང་དྲངས་པ་བཀོད་པས་ཀྱང་གང་དེའི་ངང་ཚུལ་ཅུང་ཙམ་གསལ་བར་ཕན་ཐོགས་པས་ཡིག་ཚོགས་ལ་མ་མཛེམ་པར་ཇི་བཞིན་བཀོད་པ་ཡིན་ལ། ལྷག་པར། ཀུན་ཁྱབ་ཀྱི་དོན་གཞན་བཀོད་པའི་རྒྱན་གྱི་སྔ་ཆའི་བསྒྲུབ་བྱ་དང་ཕྱི་ཆའི་སྒྲུབ་བྱེད་གཉིས་ཀྱི་འགོད་སྟངས་ཐད། སྔར་གྱི་མཁས་པས་རྩ་བ་ཕན་ཚུན་གོ་བསྒྱུར་ཏེ་འཆད་པའི་སྲོལ་ཞིག་ཀྱང་ཡོད་པ་ལས། “སྔ་ཕྱི་གོ་བསྒྱུར་བ་པོའི་ཐོག་མ་གུང་ཐང་པ་བདེ་བའི་བློ་གྲོས་ཡིན་”པ་དང་། སྨོན་འགྲོ་ཡབ་སྲས་དང་རྒྱལ་དབང་ལྔ་པས(1617-82)ཀྱང་དེའི་ལུགས་ཇི་བཞིན་བྱས་པ་སོགས། གུང་ཐང་བདེ་བློའི་འགྲེལ་པ་འདིར་གསར་བཤད་ཀྱི་ཆ་མང་ལ། ཕྱིས་ཀྱིས་འགྲེལ་པ་དག་གིས་ཀྱང་ཁུངས་གཏུག་ས་ཞིག་ཏུ་ངོས་འཛིན་པ་སོགས་ཤུགས་རྐྱེན་ཆེ་ཙམ་ཐེབས་འདུག་པ་རྟོགས། འོན་ཀྱང་། བོར་བརླག་ཐེབས་པ་ཡིན་ནམ། གང་ལྟར་ད་ལྟ་ཕལ་མོ་ཆེའི་མིག་གི་སྤྱོད་ཡུལ་དུ་མ་གྱུར་པ་ནི་ཕངས་པའི་གནས་སོ།།
གཅིག སྒྲིག་གཞི་ལུགས་ཀྱི་རྩོམ་གཞུང་བསམ་བློ།
གུང་ཐང་བདེ་བློས་མང་ཡུལ་སྐྱིད་གྲོང་གི་འཇིག་རྟེན་མགོན་པོའི་འཕགས་པ་ཝ་རི་ཕོ་བྲང་དུ《སྙན་ངག་གི་ཚིགས་སུ་བཅད་པ་དང་བསྟན་བཅོས་ལ་སོགས་པ་བརྩམ་པ་ལ་ཉེ་བར་འཇུག་པ་སྡེབ་སྦྱོར་པདྨ་རྒྱས་པའི་དགའ་ཚལ》ཞེས་པའི་རྩོམ་གཞུང་ཐུང་ངུ་ཞིག་བརྩམས། བསྡུས་མིང་ལ《རྩོམ་པ་ལ་འཇུག་པ་སྡེབ་སྦྱོར་པདྨ་རྒྱས་པའི་དགའ་ཚལ》ཞེས་བཏགས་འདུག། རྩོམ་འདི་“བསྟན་བཅོས་དང་འགྲེལ་ཊིཀ སྙན་ངག་གི་ཚིགས་བཅད་”སོགས་རྩོམ་པའི་སྐོར་ཡོད་ཚད་ལ་དམིགས་པ་ཞིག་སྟེ། རྩོམ་པའི་ལས་སྤྱི་ལ་དམིགས་པའི་རྩོམ་གཞུང་ཞིག་ཏུ་འདོད་ཆོག། བརྩམས་ཆོས་འདི་རྩོམ་གཞི་དང་རྩོམ་ཚུལ། རྩོམ་དོན་འགོད་ཚུལ་ཁག་གསུམ་གྱིས་གྲུབ། དང་པོར་རྩོམ་རྒྱུ། རྩོམ་རྐྱེན། རྩོམ་ཚུལ་གསུམ་སྟེ་རྩོམ་པ་པོ་དང་རྩོམ་ཚུལ་གྱི་སྐོར་གཙོ་བོར་བརྗོད་འདུག། གཉིས་པར་ཆོས་མཚུངས་སྦྱོར་ལུགས། རྩོམ་གྱི་སྒྲིག་གཞི་སོགས་བསྟན། གསུམ་པར་རྩོམ་ལ་མཁས་པའི་རྟགས་སམ་ཚད་གཞི་བཀོད་པ་སྟེ། རྩོམ་གཞུང་སྨྲ་བ་ཨེ་བྷི་རམ་ཟི(M.H.Abrams)ལྟར་ན། རྩོམ་གཞུང་འདིར་གཙོ་བོ་རྩོམ་པ་པོ(artist)དང་བརྩམས་ཆོས(works)གཉིས་ཀྱི་འབྲེལ་བའི་སྐོར་གཙོ་ཆེར་བརྗོད་ཡོད།རྩོམ་གང་ཞིག་རྩོམ་པའི་ཚེ་ཡང་། ཐོག་མར་རྩོམ་རྒྱུ་སྐོར་ལ་དཔྱད་ཞིབ་བྱ་བ་དང་། བར་དུ་རྩོམ་པ་པོར་ཆགས་པའི་རྐྱེན་ལ་སློབ་པ། མཐའ་མར་རྩོམ་ལེགས་པའི་ཚད་གཞི་ལྟར་རྩོམ་པའི་ཚུལ་ལ་འཇུག་དགོས་པ་ནི་གུང་ཐང་བདེ་བློས་བཏོན་པའི་ལྟ་བ་གལ་ཆེན་ཞིག་ཡིན། དེ་ཡང་རྩོམ་པའི་ལས་ལ་འཇུག་མཁན་ཞིག་ཡིན་ན་ངེས་པར་དུ་ཆ་རྐྱེན་གསུམ་ཚང་དགོས་པར་འདོད་དེ། བདག་རྐྱེན་ཀློག་དང་ཡི་གེ། སྒྲའི་སྡེབ་སྦྱོར། འཕུལ་འདོགས། སྒྲ་འཇུག་མི་འཇུག་དང་ཐོབ་མི་ཐོབ། ཡང་ལྕི་སོགས་སྒྲ་གནས་བྱང་བར་སློབ་པ། གཞན་རྐྱེན་མཁས་པ་རྣམས་ཀྱི་བརྩམས་ཆོས་ཡག་ཤོས་དག་གི་དཔེ་དང་དོན་འཇོག་ལུགས་སོགས་བསྒྱུར་བའི་ཐབས་ཀྱིས་ཡུན་རིང་དུ་སློབ་པ(ལད་མོ།)ལ་བརྟེན་ནས་རང་ལ་ཡང་དེ་མཚུངས་ཀྱི་རྟོག་པ་ཞིག་བསྐྱེད་པར་འབད་པ་སྟེ་མཁས་པའི་ཚུལ་ལ་ལྟ་བ། གཞན་ཚེག་བར་ལྔ་བ་ནས་ཉེར་གཅིག་བར་གྱི་ཚིགས་བཅད་ཀྱི་སྡེབ་སྟངས་དང་། བར་སྐབས་ཀྱི་ཚིགས་བཅད་འབྲི་ཚུལ་སོགས་ངེས་དགོས་པ་སྟེ་རྩོམ་ཚུལ་ཚིག་གི་སྡེབ་སྦྱོར་ཤེས་དགོས་པ་གསུམ་ཚང་དགོས་པར་བསྟན། དེ་ལྟ་བུའི་སྔོན་འགྲོའི་ཆ་རྐྱེན་དག་ཡོངས་སུ་ཚང་ཚེ་རྩོམ་ལ་མཁས་པའི་རྟགས“སྙན་ངག་དངགས་ཆེ་ཞིང་ཀུན་ལ་སྙན་པ་འབྱུང་བ”དང་། རྩོམ་ལ་གོམས་ཤིང་བྱང་བའི་རྟགས“མྱུར་དུ་རྩོམ་པ་དང་ཚེག་བར་གང་ལ་ཡང་དཀའ་ཚེགས་མེད་པ”འབྱུང་སྲིད་པ་བསྟན། ཚུལ་འདི་ལྟ་བུ་དབྱུག་པ་ཅན་(དུས་རབས་བདུན་པ།)གྱི《སྙན་ངག་མེ་ལོང》དང་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན(1182-1251)གྱི《སྙན་ངག་མཁས་པའི་ཁ་རྒྱན》གང་དུ་ཡང་སྒྲིག་གཞིའི་རྣམ་པས་བསྟན་མེད་པས། བོད་ཀྱི་རྩོམ་གཞུང་གི་ངོས་ནས་བཤད་ཚེ། རྩོམ་པ་པོའམ་རྩོམ་མཁན་སྐོར་གྱི་གཞུང་དོན་ཅུང་ཟད་འཐུས་ཚང་བོ་ཞིག་བཏོན་པ་ཐོག་མར་ཆགས། འདི་ཙམ་ནས་རྩོམ་པ་པོའི་སྐོར་གྱི་རྣམ་གཞག་འདི་དག་ལུས་དང་རྒྱན། ཉམས། “རྩོམ་གཞི—རྩོམ་ཚུལ་”སོགས་དང་འདྲ་བར། བོད་ཀྱི་རྩོམ་གཞུང་གི་སྤྱི་ཁོག་གྲུབ་བྱེད་དམ། གཞུང་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར།རྩོམ་པ་པོར་གོང་གི་ཆ་རྐྱེན་དེ་དག་ཡོངས་སུ་ཚང་ན་ཡང་། དེ་མ་ཐག་ཏུ་རྩོམ་ལ་ཞུགས་ཆོག་པ་ཞིག་མ་ཡིན་པར། ཐོག་མར་རྩོམ་དུ་འདྲེན་རྒྱུའི་རྒྱུ་ཆའམ། རྩོམ་གྱི་དམིགས་གཞི་སོགས་ཀྱི་ངོ་བོ་དང་རིགས། རྣམ་གྲངས་དང་དབྱེ་བ། བྱེད་ལས་དང་མཚན་ཉིད། ཁྱད་པར་གྱི་དོན་གནས་སྟངས་སོགས་ངེས་པར་ཁོང་དུ་ཆུད་དགོས་པར་བསྟན། འདི་དག་ལ་རྩོམ་གཞི་ཞེས་བཏགས་ཤིང་། རྩོམ་གྲུབ་བྱེད་ཀྱི་རྒྱུ་ཡང་འདི་ཡིན་པར་བརྗོད་པ་སྟེ། རྩོམ་པའི་གཞི་གཏན་དུ་ཁེལ་བ་དང་། རྩོམ་པའི་ཚུལ་ལ་འཇུག་དགོས་ཚུལ་འདི་ལས། ས་པཎ་གྱི་རྩོམ་གཞི—རྩོམ་ཚུལ་”གྱི་ལྟ་བ་དང་འདྲ་བའི་ཆ་ཞིག་ཀྱང་མཐོང་ཡོད་མོད། གཉིས་ཀའི་བྱེ་བྲག་གི་གཞུང་དོན་འགོད་ལུགས་སོགས་རྦད་དེ་མི་འདྲ། 《རྩོམ་པ་ལ་འཇུག་པ་སྡེབ་སྦྱོར་པདྨ་རྒྱས་པའི་དགའ་ཚལ》འདིར་མཁས་པ་གཞན་གྱི་ཚིག་ལུང་དྲངས་པ་མེད་པས། རྩོམ་འདི་རྩོམ་ཁ་མར་དཔྱད་གཞི་གང་དག་ལ་ཟུར་ལྟ་བྱས་ཡོད་མིན་ཤེས་ཐབས་བྲལ། དེ་ལྟ་ན་ཡང་། ས་པཎ་གྱི་རྩོམ་གཞུང་སྐོར་ལ་གཟིགས་ཡོད་སྙམ། འདི་ག་རྩོམ་འདིར་རྩོམ་གཞི—རྩོམ་ཚུལ”གྱི་སྒྲིག་གཞི་བཏོན་པ་དང་། རྩོམ་པ་ལ“ཆོས་སྐད”དང“འཕྲལ་སྐད”གང་ཞིག་སྤྱོད་དགོས་མིན་སྐོར་གླེང་བ། རྒྱུན་ཆགས་ཀྱི་ལུས་དྲངས་པ་སོགས་ལས་རགས་ཙམ་ཤེས་ཡོང་།རྩོམ་ཚུལ་ལ་བྱེ་བྲག་གི་དོན་གསུམ་ཡོད། མཚུངས་ཆོས་དཔེ་ལ་སྦྱོར་བ་དང་སྙན་དངགས་རྒྱན་དུ་གཞུག་པ། ཚིག་སྡེབས་ཆོས་སྐད་འཆད་པ་སྟེ། མཚུངས་ཆོས་དཔེ་ལ་སྦྱོར་བར། ཐོག་མར་དཔེ་དང་དཔེ་ཅན་གཉིས་ཀྱི་ཡོན་ཏན་དང་བྱེད་ལས་ཅི་ཡིན་ལ་བརྟག་པ་དཔྱིས་ཕྱིན་བྱས་པའི་རྗེས་སུ་དེ་དང་མཚུངས་པའི་ཆོས་གཉིས་སྦྱོར་དགོས་པར་བསྟན། དེ་ཤེས་བྱེད་ལ། ནམ་མཁའ་དང་སྦྱོར་ན། ཁྱད་གཞི་སྟོང་ཞིང་བདག་མེད་པ་དང་མཐོ་ལ་ཡངས་པ། ཁྱད་ཆོས་ཉི་ཟླ་དང་གཟའ་སྐར། བྱེད་ལས་འོད་ཟེར་འགྱེད་པ་དང་མུན་པ་སེལ་བ་ལྟ་བུ་སོགས། དངོས་པོ་གང་དེའི་ཁྱད་གཞི་དང་ཁྱད་ཆོས། བྱེད་ལས། ཡོན་ཏན་སོགས་ཞིབ་ཏུ་བརྟག་པའི་དཔེ་མང་པོ་བཀོད་འདུག། ཐོག་མར་རྩོམ་གྱི་རྒྱུ་ཆར་རྒྱུས་ལོན་གཏིང་ཟབ་མ་བྱས་ཚེ། དངོས་པོའི་གནས་ལུགས་ངོས་མ་ཟིན་པ་ཡིན་པས་དཔེ་དང་དཔེ་ཅན་ཡང་ལེགས་པོར་སྦྱོར་མི་ཐུབ་པ་བསྟན། ལྷག་པར། ནམ་མཁའ་དང་རི་རབ། སྟག་སོགས་རྩོམ་གཞི་མང་པོ་བཀོད་པ་འདི《སྙན་ངག་མེ་ལོང》དུ་རྩོམ་གྱི་རྒྱུ་ཆར་སྲོག་བཅུ་བདུན་བསྟན་པ་དང་ཡང་འདྲ་ཆ་ཅུང་ཙམ་ཡོད་ན་ཡང་། གུང་ཐང་བདེ་བློ་ཡི་འདི་གཙོ་བོ་དཔེ་ལ་གོ་བ་ཡིན། སྙན་དངགས་རྒྱན་དུ་གཞུག་པ་དང་ཚིག་སྡེབས་ཆོས་སྐད་འཆད་པ་གཉིས། དེང་གི་གོ་བ་ལྟར་བཤད་ན། རྩོམ་འབྲི་སྐབས་མིང་དང་ཚིག་བདམ་གསེས་ཇི་ལྟར་བྱ་བ་དང་ཇི་ལྟར་འབྲི་དགོས་མིན་སྐོར་གྱི་ནང་དོན་དང་འདྲ། འདིའི་སྐོར་བརྗོད་སྐབས་བསྡུར་བའི་ཐབས་ཀྱིས་“སྙན་ངག་གི་སྐད་”དང་“ཆོས་སྐད།” “བླུན་སྐད་”དང་“འཕྲལ་སྐད།”ཅེས་ཁག་གཉིས་སུ་བགོས་པ་དང་། རྩོམ་ལ་འཇུག་སྐབས་སྙན་ངག་གི་སྐད་དཔེར་ན་ལེགས་སྤྱད། འདབ་འཁྲིགས། དགེ་ཚོགས། རྣམ་རྒྱལ། གསུང་དབྱངས་ལྟ་བུ་དང་། ཆོས་སྐད་དཔེར་ན་གྱ་ནོམ་པ་དང་ཁས་འཆེ་བ། ཐུན་མོང་། རི་བོང་ཅན། ཆུ་གཏེར་ལྟ་བུ་སོགས་རྩོམ་དུ་འདྲེན་པ་ལས། “བླུན་སྐད”དང“འཕྲལ་སྐད།”“ཐ་མལ་བ་རྣམས་ལ་གྲགས་པའི་སྐད”སོགས་རྩོམ་དུ་བེད་སྤྱོད་མི་རུང་བའི་ལྟ་བ་བཏོན། འདིའི་སྐོར་ས་པཎ་གྱིས་ཀྱང་ཟུར་ཙམ་བསྟན་ཡོད་མོད། རྣམ་གཞག་གི་ཚུལ་དུ་ཞིབ་མོར་བརྗོད་མེད། དེས་ན་དུས་རབས་བཅུ་གསུམ་པའི་སྐབས་ནས། བོད་ཀྱི་མཁས་པ་མང་པོས་རྩོམ་སྐད་ལ་ཆོས་སྐད་དང་སྙན་ངག་གི་སྐད་གཙོ་བོར་སྤྱོད་དགོས་པ་དང་། མང་ཚོགས་ཕལ་བའི་ངག་གམ་སྤྱོད་ཀྱིན་པའི་ཐ་སྙད་སྐོར་ལ་བླུན་སྐད་དང་གྲོང་སྐད་ཅེས་བཏགས་ཏེ་བསྟན་བཅོས་སུ་འཇུག་མི་རུང་བའི་ལྟ་བ་ཞིག་འདོན་གྱིན་ཡོད་པ་དང་། ཆབས་ཅིག་ཡིག་ཐོག་རྩོམ་རིག་ཆོས་དང་སྙན་ངག་ལ་ཆེས་ཆེར་བསྟུན་གྱིན་པའི་རྩོམ་སྦྱོར་སྟངས་ཤིག་ཀྱང་དར་གྱིན་པ་ཤེས་ཡོང་། ཕྱིས་ཀྱི་མཁས་གྲུབ་དགེ་ལེགས་དཔལ་བཟང(1385-1438)གི་《སྨྲ་བ་རྣམ་པར་ངེས་པ་རབ་དགའི་འཇུག་པ》དང་། སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས(དུས་རབས་བཅོ་ལྔ་པ།)ཀྱི་《སྙན་ཚིག་གི་ངོ་མཚར་གྲངས་མེད་འཆར་བར་བྱེད་པའི་རྣམ་དཔྱོད་རྒྱན་གྱི་མེ་ཏོག》སོགས་སུ་ཡང་བསྟན་བཅོས་སྐད་དང་ཆོས་སྐད། གྲོང་སྐད་ལུང་སྐད་བར་གྱི་ཁྱད་པར་མིང་མང་པོ་དཔེར་དྲངས་ཏེ་བརྗོད་པ་སོགས། རྩོམ་སྐད་རིམ་བཞིན་ཆོས་ཀྱི་སྐད་དུ་འགྱུར་བའི་ངོས་ནས་་མཁས་པ་མང་པོས་གཞུང་ལུགས་དང་ལག་ལེན་གཉིས་ཆ་ནས་ཤུགས་བརྒྱབ་པའི་རྒྱུན་ཞིག་མཐོང་ཡོང་།རྩོམ་པ་པོར་ཚང་དགོས་ངེས་ཀྱི་ཆ་རྐྱེན་དག་འཛོམས་རྗེས། རྩོམ་གཞིར་བརྟག་པ་གནད་ཐིངས་བྱ་བ་དང་། དེ་ནས་རྩོམ་གྱི་ཚིག་དོན་ལེགས་པའི་ཚད་གཞི་ལྟར་རྩོམ་དགོས་ཚུལ་བརྗོད་པ་དེས་གུང་ཐང་བདེ་བློའི་སྒྲིག་གཞི་ལུགས་ཀྱི་རྩོམ་གཞུང་བསམ་བློ་ཞིག་མཚོན་ཡོད། དེ་ལ་དོན་ལེགས་པའི་ངོས་ནས་“འཕྲལ་གོ་བདེ། ཕུགས་བརྟགས་ན་ཆེ་བ་དོན་ལ་ཞུགས་ཤིང་འགལ་ཟློས་མེད་པ་”དང་། ཚིག་ལེགས་པའི་ངོས་ནས་“སྡེབ་ལེགས། སྔ་ཕྱི་འབྲེལ། ཚེག་བར་སྙོམས། ཆོས་སྐད་ཚུད། དཔེ་དོན་མཚུངས། ཀློག་བདེ་བ་”ཞིག་འབྱུང་དགོས་པ་སྟེ་ནང་དོན་དང་རྣམ་པ་གཉིས་ཆ་ནས་ཚད་གཞི་བསྟན་པ་མ་ཟད། རྣམ་པའི་སྐབས་འདིར་སྔོན་དུ་མཆོད་བརྗོད་དང་བརྩམས་པར་དམ་བཅའ། མཇུག་ཏུ་འགྲུབ་རྐྱེན་སྨོན་ལམ་འགོད་པ་དང་། སྡོམ་གྱི་ཚིགས་བཅད་དང་སྡུད་བྱེད་ཀྱི་ཚིགས་བཅད། བར་སྐབས་ཀྱི་ཚིགས་བཅད་སོགས་འཚམ་པོར་སྦྱོར་བ། བྱེ་བྲག་གི་ཤོ་ལོ་ཀ་རེ་རེར་ཡང་མཚུངས་ཆོས་སྦྱོར་ལུགས། དོན་བཟང་ངན་ལ་དཔེ་མི་འདྲ་བ་འཇོག་ལུགས། རྩོམ་གྲུབ་བྱེད་ཀྱི་ཡི་གེ་མིང་ཚིག་སོགས་ཆོས་སྐད་དང་མཐུན་པར་སྦྱོར་བ་སོགས་སྤྱིའི་ཆ་ནས་རྒྱ་ཆེ་བ་དང་བརྗིད་པའི་ཡོན་ཏན་འདི་བསྐྱེད་དགོས་པར་འདོད། དེ་བསྐྱེད་པ་ལ་ངེས་པར་དུ་ཡི་གེ་དང་མིང་། ཚིག། དཔེ་དོན། ཚིག་རྐང་། ནང་དོན། སྒྲིག་གཞི་སོགས་དོན་གྱི་མ་ལག(systems of signification/表意系统)ཧྲིལ་བོའི་སྡེབ་སྦྱོར་འགྲིག་དགོས་པ་དང་། དེ་ལྟར་བྱུང་ཚེ་ད་གཟོད་“ཀུན་ལ་སྙན་པ་”ཡི་རྩོམ་གྲུབ་ཡོང་བར་འདོད་པ་ལས་སྤྱིའི་སྒྲིག་གཞི་གཙོར་འཛིན་པའི་རིགས་པ་ཞིག་རྟོགས་ཡོང་།
གཉིས། ཚིག་ཉུང་དོན་མང་གི་རྩོམ་པའི་རྩ་དོན་དང་ལག་ལེན།
《རྩོམ་པ་ལ་འཇུག་པ་སྡེབ་སྦྱོར་པདྨ་རྒྱས་པའི་དགའ་ཚལ》དུ་བསྟན་པའི་ལྟ་བ་གསར་རྩོམ་ལ་སྦྱར་ཏེ་གཞུང་ལུགས་དང་བརྩམས་ཆོས་གཉིས་ཕན་ཚུན་ངོ་འཕྲོད་པར་བྱས་པ་དེ་ཁོང་གི་ཁྱད་ཆོས་གཙོ་བོ་ཞིག་ཡིན། ལྷག་པར་སྡེབ་སྦྱོར་གྱི་སྐོར་ལ་དམིགས་བསལ་ཐུགས་རྩིས་ཆེ་སྟེ། སྙན་ངག་ཕལ་མོ་ཆེ་ལས“སྡེབ་ལེགས། སྔ་ཕྱི་འབྲེལ། ཚེག་བར་སྙོམས། ཆོས་སྐད་ཚུད། དཔེ་དོན་མཚུངས། ཀློག་བདེ་བ”ཡི་ཚད་གཞི་མངོན་པར་བཏོད་འདུག། ཚུལ་འདི་གསལ་ཆེད་དོན་རྒྱན་སྐོར་སྤྱད་དེ་བརྩམས་པ《བླ་མའི་སྤྱི་བསྟོད་》 དང་། སྒྲ་རྒྱན་སྐོར་སྤྱད་དེ་བརྩམས་པ《གསུང་རབ་ཆོས་ཀྱི་དགའ་སྟོན》གཉིས་དཔེར་བཞག་ཏེ་བརྗོད་པ་ལ།
1.《བླ་མའི་སྤྱི་བསྟོད》ལས་དོན་རྒྱན་གྱི་སྡེབ་སྦྱོར།《བླ་མའི་སྤྱི་བསྟོད》ཅེས་པའི་སྙན་ངག་འདི“ཤོང་སྟོན་ལོ་ཙཱ་བ”བརྗོད་གཞིར་བྱས་ཏེ། དཔེ་འཇོག་དགུའི་ལམ་ནས་ཁོང་གི་ཡོན་ཏན་ལ་བསྟོད་པ་ཞིག་ཡིན། སྙན་ངག་གི་མགོར་“ས་དང་རི་བོ་ཆུ་གཏེར་དང་།། དཔག་བསམ་ཟླ་བ་ཉི་མ་སྤྲིན།། དེད་དཔོན་ལྷ་ཡི་དབང་པོ་སྟེ།། བླ་མའི་ཞབས་རྡུལ་སྤྱི་བོས་མཆོད།།”ཅེས་མཆོད་བརྗོད་ཀྱི་ཚིག་སྔོན་དུ་བརྗོད། ཚིག་འདིའི་ཁྲོད་ཀྱི་ས་དང་རི་བོ། ཆུ་གཏེར། དཔག་བསམ་ཤིང་། ཟླ་བ། ཉི་མ། སྤྲིན། དེད་དཔོན། ལྷ་ཡི་དབང་པོ་དགུ་བོ་དོན་གཅོད་ལུགས་ཀྱི་དཔེ་འཇོག་དགུ་རུ་བཀོད་པ་རགས་པའི་གོ་བ་ལྟར་ན་འདི་ལ་མང་བའི་དཔེ་ཡི་རྒྱན་ཞིག་སྤྱད་ཡོད་ལ། འདི་དག་སྙན་ངག་གི་རྒྱུ་ཆ་གཙོ་བོ་ཡང་ཡིན། མཆོད་བརྗོད་ཀྱི་ཚིགས་བཅད་རྗེས་ནས་སྙན་ངག་གི་དངོས་གཞི་མགོ་བརྩམས་ཤིང་། བརྗོད་བྱ་གཅིག་ལ་ཤོ་ལོ་ཀ་མང་པོ་དང་བྱ་ཚིག་མང་པོ་སྟེ་འདུས་པའི་ཚིགས་བཅད་ཀྱི་རྩོམ་སྟངས་ལྟར། བྱེ་བྲག་གི་ཚིགས་བཅད་གཉིས་རེས་སྙན་ངག་ཆུང་ངུ་རེ་གྲུབ་ཅིང་། ཚིགས་བཅད་གཉིས་རེས་སྙན་ངག་ཆུང་ངུ་དཔེ་འཇོག་དགུའི་རིམ་པ་ལྟར་རྩོམ་གྱི་གཞུང་ཁོག་བསྟར་འདུག་པས། སྙན་ངག་ཧྲིལ་བོར་སྤྱི་དང་བྱེ་བྲག་གི་རྣམ་པའི་སྒྲིག་གཞི་ཞིག་སྤྱད་འདུག། དེ་ལྟའི་སྙན་ངག་ཆུང་ངུ་དགུ་བོའི་སྔ་མར་དཔེ་དང་དཔེ་ཅན་མཚུངས་པ་དང་། ཕྱི་མར་དཔེ་དང་དཔེ་ཅན་འབྱེད་པའི་རིགས་ལམ་ཞིག་སྤྱད་ལ། སྔ་ལོགས་ཀྱི་ཚིགས་བཅད་ཆ་ཆ་ཆ་ཡ་ཆ་སྟེ་ཚེག་བར་དགུའི་ལམ་ནས་བརྩམས་ཤིང་། ཕྱི་ལོགས་ཀྱི་ཚིགས་བཅད་ཆ་ཆ་ཡ་ཆ་སྟེ་ཚེག་བར་བདུན་གྱི་ལམ་ནས་བརྩམས། དེ་གཉིས་ཀྱི་མཚམས་སུ“བླ་མ་དམ་པ་xxxx་འདྲ།།”ཞེས་པའི་ཆ་ཆ་ཆ་ཆ་ཡ་ཡི་འདེགས་འཇོག་བྱས་པའི་ཚིག་རྐང་གཅིག་གིས་ཚིགས་བཅད་སྔ་ཕྱི་གཉིས་ཀྱི་འཕལ་ཁ་སྤྲད་པས། མཚམས་ལེགས་པོར་སྦྱོར་བའི་ནུས་པ་ཐོན་ཡོད། སྡེབ་སྦྱོར་མཉམ་པའམ་སྒྲིག་གཞི་མཉམ་པ་སྟེ་རགས་པའི་གོ་བ་ལྟར་ན་མཉམ་ཉིད་ཀྱི་ཡོན་ཏན་ཞིག་ཀྱང་སླེབས་པ་སྟེ། ས་པཎ་གྱིས《རྩོམ་པ་ལ་འཇུག་ཚུལ》དུ་སྙན་ངག་རྩོམ་པ་ལ“མཉམ་བཞག”(མཉམ་ཉིད་ཀྱི་ཡོན་ཏན།)གི་ཡོན་ཏན་གལ་ཆེ་བར་འདོད་པ་བཞིན། སྐབས་འདིར་གུང་ཐང་བདེ་བློས་ཀྱང་ཡོན་ཏན་འདི་གལ་ཆེ་བར་བཟུང་བ་ཨེ་ཡིན་སྙམ། ཚིགས་བཅད་གཉིས་རེས་གྲུབ་པའི་སྙན་ངག་ཆུང་ངུ་རྣམས་ཀྱི་བརྗོད་གཞི་དཔེ་རང་སྟེང་གི་ཁྱད་ཆོས་ལྟར་སྦྱར། དཔེ་དགུ་བོ་སྤྱིའི་དཔེ་ཅན་ནི་བླ་མ་དམ་པ་ཡིན་པ་དང་། དཔེ་གང་དེའི་ཡན་ལག་དང་ཆ་ཤས་སོགས་ལྟར་དཔེ་ཅན་གྱི་ཁྱད་ཆོས་ཀྱང་བྱེ་བྲག་གི་ཚུལ་དུ་སྦྱར་ཡོད། དཔེར་ན། ས་གཞིའི་བྱེ་བྲག་གི་ཁྱད་ཆོས་དག་པ་དང་བརྟན་པ། ལོ་ཏོག་སྐྱེས་ཐུབ་པ། ཁུར་འདེགས་པའི་ཁྱད་ཆོས་ཀྱི་རིམ་པ་ལྟར། དཔེ་ཅན་ཚུལ་ཁྲིམས་དག་པ་དང་བརྟན་པ། དགེ་ལེགས་ཡངས་པ། གཞན་དོན་ཁུར་གྱིས་མི་ངལ་བ་བཞི་སྦྱར་ལ། རི་བོའི་བྱེ་བྲག་གི་ཁྱད་ཆོས་ཀྱི་དཔེ་ལ། དཔེ་ཅན་བསམ་པ་འཕེལ་བ། ལྷག་བསམ་མཐོ་བ། སེམས་རྩ་བརྟན་པ། གཞན་ཕན་ཆེ་བ། ཆུ་གཏེར་གྱི་བྱེ་བྲག་གི་ཁྱད་ཆོས་ཀྱི་དཔེ་ལ། དཔེ་ཅན་དྲན་པ་ཡངས་པ། ཐོས་པ་ཆེ་བ། དོན་བཞིན་རྟོགས་པ། སྤོབས་པ་ལྡན་པ། དཔག་བསམ་ཤིང་གི་བྱེ་བྲག་གི་ཁྱད་ཆོས་ཀྱི་དཔེ་ལ། དཔེ་ཅན་སེམས་མཆོག་བརྟན་པ། ཕྱིན་དྲུག་བྱང་བ། བྱམས་སེམས་ལྡན་པ། འབྲས་བུ་ཐོན་པ། ཟླ་བའི་བྱེ་བྲག་གི་ཁྱད་ཆོས་ཀྱི་དཔེ་ལ། དཔེ་ཅན་ཐུགས་རྗེ་རྫོགས་པ། ཕྱོགས་འཛིན་མེད་པ། འཕྲིན་ལས་དཀར་བ། ཉི་མའི་བྱེ་བྲག་གི་ཁྱད་ཆོས་ཀྱི་དཔེ་ལ། དཔེ་ཅན་བློ་གྲོས་རྒྱས་པ། དམ་ཆོས་མཁས་པ། ལོག་ལྟ་འཇོམས་པ། གྲོལ་ལམ་སྟོན་པ། སྤྲིན་གྱི་བྱེ་བྲག་གི་ཁྱད་ཆོས་ཀྱི་དཔེ་ལ། དཔེ་ཅན་ལུང་རིགས་རྫོགས་པ། འཆད་རྩོད་རྩོམ་ལ་བྱང་བ། ཤེས་བྱར་མཁས་པ། དེད་དཔོན་གྱི་བྱེ་བྲག་གི་ཁྱད་ཆོས་ཀྱི་དཔེ་ལ། དཔེ་ཅན་ཐབས་སྣ་འཛོམས་པ། ཤེས་རབ་ཆེ་བ། བྱམས་པས་སྐྱོང་བ། སྲིད་ལས་སྒྲོལ་བར་བྱེད་པ། ལྷ་ཡི་དབང་པོའི་བྱེ་བྲག་གི་ཁྱད་ཆོས་ཀྱི་དཔེ་ལ། དཔེ་ཅན་རྒྱུད་སྡེར་མཁས་པ། རྡོ་རྗེ་ཐེག་པར་བྱང་བ། རིམ་གཉིས་ལ་སྤྱོད་པ་སྟེ། དཔེ་ཅན་དག་ཀྱང་མདོ་ནས་སྔགས་ཀྱི་ལམ་གྱི་རིམ་པ་ལྟར་བཞག་པའི་ཆོས་ཉིད་སྟབས་བདེ་ཞིག་འཚོལ་དུ་ཡོད་པས། འཕྲེད་གཞུང་གང་ཐད་ནས་ཀྱང་དོན་གྱི་སྒྲིག་གཞི་ཚགས་དམ་པོ་ཞིག་ལྷུར་བླངས་འདུག། སྤྱིའི་དཔེ་དགུ་ཡིས་དཔེ་ཅན་བླ་མ་དམ་པའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཕྲ་མོ་སུམ་ཅུ་ལྷག་བརྗོད་པས། གུང་ཐང་བདེ་བློ་ནས་འདོད་པའི་“ཚིག་ཉུང་ལ་དོན་མང་པོ་འདུས་པར་བྱ་”ཞེས་པའི་རྩོམ་པའི་རྩ་དོན་ཆུ་ལ་ཆུ་བཞག་སྒོས་ལྷུར་བླངས་འདུག།རྩོམ་ཚུལ་གྱི་ངོས་ནས་སྤྱི་ལྟར་ན་དཔེ་དཔེ་ཅན་གྱི་རྒྱན་སྦྱོར་སྟངས་གཙོར་བྱས་ཤིང་། བྱེ་བྲག་ཏུ། རྒྱན་མང་མཉམ་དུ་བསྲེས་ཏེ་བརྗོད་ཚུལ་མཛེས་པར་བྱས། སྒྲིག་གཞི་ཆུང་ངུ་རེར་གྱུར་པའི་ཚིགས་བཅད་གཉིས་པོའི་སྔ་ཆའི་ཚིག་རྐང་གསུམ་སྤྱིར་བཏང་གཟུགས་རྒྱན(བྱེ་བྲག་ཏུ་བསྡུས་པའི་གཟུགས་ཅན་དང་མ་བསྡུས་པའི་གཟུགས་ཅན། ཆ་ཤས་གཟུགས་ཅན། ཡན་ལག་གཟུགས་ཅན་སོགས་ཡོད།)དང་ཚིག་རྐང་བཞི་བ་དཔེ་རྒྱན(དངོས་དཔེ།)གྱི་བརྗོད་ཚུལ་ལྟར་བྱས་འདུག། དཔེར་ན། “སེམས་མཆོག་རྩ་བརྟན་བྱམས་པའི་ལྗོན་ཤིང་རྒྱས།། ཕ་རོལ་ཕྱིན་དྲུག་ཡལ་གའི་ཁྱོན་ཡངས་ཤིང་།། བསྡུ་དངོས་འབྲས་བུ་མཆོག་གི་སྦ་བ་ཡི།། བླ་མ་དམ་པ་དཔག་བསམ་སྡོང་བོ་འདྲ།།”ལྟ་བུར། ཚིག་རྐང་སྔ་མ་གསུམ་དུ་དཔེ་ཅན་སེམས་མཆོག་དང་བྱམས་པ། ཕ་རོལ་ཕྱིན་དྲུག། བསྡུ་དངོས་བཞི་བོར། རིམ་པ་ལྟར་རྩ་བ་དང་ལྗོན་ཤིང་། ཡལ་ག། འབྲས་བུ་བཞིའི་གཟུགས་སུ་བཀོད་པས་གཟུགས་རྒྱན་དང་། སེམས་མཆོག་རྩ་བརྟན་ཞེས་པར་འབྲེལ་སྒྲ་བསྡུས་པས་བསྡུས་པའི་གཟུགས་ཅན་དང་། བྱམས་པའི་ལྗོན་ཤིང་ཞེས་པར་འབྲེལ་སྒྲ་མ་བསྡུས་པས་མ་བསྡུས་པའི་གཟུགས་ཅན། ཡང་བྱམས་པ་ཡན་ལག་ཅན་དང་། སེམས་མཆོག་དང་ཕ་རོལ་ཕྱིན་དྲུག། བསྡུ་དངོས་བཞི་ཡན་ལག་སྟེ། རིམ་པར་ལྗོན་ཤིང་དང་། རྩ་བ། ཡལ་ག། འབྲས་བུ་བཞིའི་གཟུགས་སུ་བཀོད་པས་མཐའ་དག་གཟུགས་ཅན་ལྟ་བུ། ཡང་། སེམས་མཆོག་དང་རྩ་བའི་མཚུངས་ཆོས་བརྟན་པ་དང་། བྱམས་པ་དང་ལྗོན་ཤིང་གི་མཚུངས་ཆོས་རྒྱས་པ། ཕ་རོལ་ཕྱིན་དྲུག་དང་ཡལ་གའི་མཚུངས་ཆོས་ཡངས་པ། བསྡུ་དངོས་དང་འབྲས་བུའི་མཚུངས་ཆོས་སྦ་བ་སྟེ། དཔེའི་གཟུགས་ཅན་གྱི་རྒྱན་སྦྱོར་སྟངས་ཤིག་ཀྱང་མཐོང་ཡོང་ལ། ཚིག་རྐང་བཞི་བར་བླ་མ་དམ་པ་དཔག་བསམ་སྡོང་བོ་འདྲ་ཞེས་དངོས་དཔེའི་ལམ་ནས་མཚོན་པ་སྟེ། ཚིགས་བཅད་གཅིག་ཏུ་དཔེ་རྒྱན་དང་གཟུགས་རྒྱན་གཉིས་སྤེལ་ཏེ་སྦྱར། ཕྱི་ཆའི་ཚིགས་བཅད་སྤྱིར་བཏང་སྔ་ཆའི་ཚིགས་བཅད་ཀྱི་ལྟོས་ཟླར་བརྩམས་ཤིང་། རྒྱན་གྱི་ངོས་ནས་སྤྱིར་བཏང་ལྡོག་རྒྱན(བྱེ་བྲག་ཏུ་གཏན་ཚིགས་ལྡོག་པ་ཅན་དང་རིགས་མཐུན་ལྡོག་པ་ཅན་སོགས་ཡོད།)གྱི་བརྗོད་ཚུལ་ལྟར་བྱས། དཔེར་ན། “ཤིང་གི་གྲིབ་བསིལ་སྟེང་མི་འབབ།། དྲི་ཞིམ་རྫི་ཕྱོགས་མིན་མི་འགྲོ།། ཁྱོད་གྲགས་དྲི་ཞིམ་ཕྱོགས་བཅུར་རྒྱུ།། ཕན་བདེའི་གྲིབ་བསིལ་ཀུན་ལ་ཁྱབ།།”ལྟ་བུ། འདིའི་གོང་གི་ཚིགས་བཅད་དུ་སེམས་མཆོག་དང་བྱམས་པ། ཕ་རོལ་ཕྱིན་དྲུག། བསྡུ་དངོས་བཞི་བོ་རིམ་པར་རྩ་བ་དང་ལྗོན་ཤིང་། ཡལ་ག། འབྲས་བུ་བཞི་དང་མཚུངས་པར་སྦྱར་བ་ལས་ལྡོག་སྟེ། ཤིང་གི་གྲིབ་བསིལ་སྟེང་ཕྱོགས་སུ་མི་འབབ་པ་དང་། དྲི་ཞིམ་པོ་རྫི་ཕྱོགས་ལས་མི་འགྲོ་བའི་དཔེའི་ཁྱད་ཆོས་ཀྱི་ལྡོག་ཕྱོགས་སུ། ཁྱོད་ཀྱི་དྲི་ཞིམ་ཕྱོགས་བཅུར་རྒྱུ་བ་དང་། ཕན་བདེའི་གྲིབ་བསིལ་ཀུན་ལ་ཁྱབ་པའི་དཔེ་ཅན་གྱི་ཁྱད་ཆོས་བཀོད་དེ། དཔེ་དོན་གཉིས་འབྱེད་བྱེད་ཀྱི་ཆོས་སུ་བཞག་སྟེ། དཔེ་དོན་གཉིས་སླར་ཡང་མི་མཚུངས་པར་སྦྱར་ཏེ་ལྡོག་རྒྱན་གྱི་རྟགས་སླེབས་པར་བྱས། དེས་ན་ཚིགས་བཅད་སྔ་མར་དཔེ་རྒྱན་གཟུགས་རྒྱན་དང་། ཚིགས་བཅད་ཕྱི་མར་ལྡོག་རྒྱན་སྤྱད་ལ། ཚིགས་བཅད་གཉིས་བར་རྟེན་དང་བརྟེན་པ། ཡན་ལག་དང་ཡན་ལག་ཅན། ཆ་ཤས་དང་ཆ་ཤས་ཅན་གྱི་འབྲེལ་བ་ཞིག་སྤྱད་པས། རབ་སྤེལ་རྒྱན་གྱི་ཁྱད་ཆོས་ཤིག་ཀྱང་སླེབས་ཡོད།དེ་ལྟར། བླ་མ་དམ་པའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་སྤེལ་གྱི་རྒྱན་དགུས་བསྟན་པ་དེས་རྩོམ་གྱི་དངོས་གཞི་གྲུབ་ཅིང་། སྒྲིག་གཞི་ཆུང་ངུ་རེའི་བར་གྱི་ཚིག་རྐང་དག་ལ་“བླ་མ་དམ་པ་xxxx་འདྲ།།”ཞེས་པ་ཐེངས་དགུར་ཟློས་པས། སྐབས་འདིར་རྐང་བ་བཞི་བའི་ཐོག་མར་ཟུང་ལྡན་གྱི་ཁྱད་ཆོས་ཤིག་ཀྱང་ཞོར་དུ་སླེབས་ན་ཡང་། སྙན་ངག་འདི་ལ་སྤྲོས་བརྗོད་ཀྱི་ཐབས་རྩལ་གཙོ་བོ་དོན་རྒྱན་སྤྱད་པས། བསྐོར་རྒྱན་ལས་དོན་བསྐོར་གྱི་བརྗོད་ཐབས་ཤིག་ལྷུར་བླངས་འདུག་པར་སྙམ་ཀྱང་ཆོག། ས་གཞི་སོགས་དཔེ་དགུ་བོར་རིམ་པར་རྒྱ་མཚོའི་གོས་ཅན་དང་། རི་རྒྱལ་ལྷུན་པོ། ཡིད་བཞིན་མཚོ། དཔག་བསམ་སྡོང་བོ། རྒྱུ་སྐར་རྒྱལ་པོ། རྟ་བདུན་རྒྱལ་པོ། དབྱར་སྐྱེས་ཆུ་འཛིན། དེད་དཔོན་མཁས་པ། ཚིག་མདའི་དབང་བོ་ཞེས་ཕལ་མོ་ཆེར་མངོན་བརྗོད་སྦྱར་བ་དང་། དཔེ་ཅན་དག་ཀྱང་ཚུལ་ཁྲིམས་སོགས་ཆོས་སྐད་རྐྱང་སྟེ། རྩོམ་སྐད་ལ་“ཆོས་སྐད་འཆད་པ་”དང་“མངོན་བརྗོད་”ཀྱི་ཚིག་ཤ་སྟག་གིས་རྩོམ་དགོས་པའི་ལྟ་བ་ཡང་འདིར་ལག་ལེན་དུ་བསྟར་འདུག་པ་ཤེས། དེས་ན་སྒྲིག་གཞི་ཆུང་ངུ་རེའི་སྔ་ཆར་མཚུངས་པའི་རིག་པ་སྦྱར་ཏེ་ཕྱི་ཆར་མི་མཚུངས་པའི་ལྡོག་པ་ཅན་གྱི་རྒྱན་སྦྱར་བ་ཡང་བླ་མ་གང་དེའི་ཡོན་ཏན་གཞན་ལས་ཁྱད་དུ་འཕགས་པ་དང་ཆེ་བའི་ཡོན་ཏན་ཤུགས་ཆེན་པོས་སྟོན་པའི་ཕྱིར་སྟེ། “སྙན་ངག་མཛེས་པར་བྱས་པ་ཡི།། ཆོས་རྣམས་རྒྱན་ཞེས་རབ་ཏུ་སྦྱོར།།”ཞེས་པ་ལྟར། ལྡོག་རྒྱན་ལ་ཚིག་མཛེས་པར་བྱ་བའི་ནུས་པ་ལས་ཀྱང་། རྒྱན་འདི་ག་གཏན་ཚིགས་དང་མཚན་ཉིད་རིག་པའི་ངོས་ནས་བཞག་པ་ཤུགས་ཆེ་བས་དངོས་པོ་ཀ་པ(དཔེ་ཅན།)དངོས་པོ་ཁ་པ(དཔེ།)ལས་ལྷག་པའམ་འཕགས་པའི་ཁྱད་ཆོས་ཤིག་ཡོད་པའི་ནུས་པ་ལྷག་པར་སྟོན་ནོ།། 《སྙན་ངག་མེ་ལོང》གི་འགྲོས་ལྟར་དཔེར་བརྗོད་བརྩམས་པ་ཁོ་ན་ཙམ་མ་ཡིན་ལ། རྒྱན་གྱི་ཆེད་དུ་རྒྱན་གྱིས་སྤྲས་པ་ཞིག་ཀྱང་མ་ཡིན་པར། འདི་ལྟ་བུའི་སྡེབ་ལེགས་པའི་རྩོམ་སྟངས་དུས་རབས་བཅུ་གསུམ་པའི་ངོས་ནས་བཤད་ན་རྩོམ་རྩལ་མཐོ་གྲས་ཤིག་ཏུ་བརྩི་ཆོག་ཆོག་ཡིན། མ་ཟད། རྩོམ་འདི་དཔེ་དོན་སྦྱོར་ལུགས་ཀྱི་མིག་དཔེ་ལྟ་བུར་བརྩིས་པ་ཡང་ཡོད་དེ། ཐེངས་ཤིག་འབྲུག་པ་ཀུན་ལེགས(1455-1529)སྙུག་ལ་ཕྱིན་ཏེ་ཆོས་རྗེ་རིན་པོ་ཆེ་ངག་དབང་གྲགས་པའི་དྲུང་དུ་སྙན་ངག་གི་འཕྲོས་དོན་གླེང་སྐབས་ཤིག་ལ། ཆོས་རྗེས། “གུང་ཐང་པ་བདེ་བའི་བློ་གྲོས་ཀྱིས་བླ་མ་ཤོང་སྟོན་གཙོ་བོར་སྟོན་ནས། སྤྱི་བསྟོད་པ་ལ། ས་དང་རི་བོ་ཆུ་གཏེར་དང་།། དཔག་བསམ་ཟླ་བ་ཉི་མ་སྤྲིན།། དེད་དཔོན་ལྷ་ཡི་དབང་པོ་སྟེ།། བླ་མའི་ཞབས་རྡུལ་སྤྱི་བོས་མཆོད།། ཞེས་པ་དཔེ་དགུས་བསྟོད་པ་འདི་ལ། ཆོས་རྗེས་དཔེ་མི་གཅིག་པ་ལ་དོན་གཅིག་པ་ཅིག་མཛོད་དང”ཞེས་པ་ལ་འབྲུག་པ་ཀུན་ལེགས་ཀྱིས་ཀྱང་དེ་མུར་གུང་ཐང་བདེ་བློའི་སྙན་ངག་འདི་ལ་ལད་མོའི་ཚུལ་དུ་བླ་མར་བསྟོད་པའི་རྩོམ་ཞིག་བརྩམས་པ་ལྟ་བུ་ལས། བརྩམས་ཆོས་འདིའི་ཤུགས་རྐྱེན་ཕྲན་ཙམ་ཤེས་ཐུབ།
2. 《གསུང་རབ་ཆོས་ཀྱི་དགའ་སྟོན་》ལས་སྒྲ་རྒྱན་གྱི་སྡེབ་སྦྱོར།《གསུང་རབ་ཆོས་ཀྱི་དགའ་སྟོན》ནི་དམ་ཆོས་བྱེད་ལུགས་སྟོན་པའི་སྙན་ངག་ཅིག་ཡིན། སྒྲ་རྒྱན་གྱི་རྩོམ་སྟངས་ཤུགས་ཆེན་པོར་སྤྱད། ལྷག་པར་སྒྲ་རྒྱན་ལས་ནང་གསེས་ཀྱི་རིམ་པ་ལྟར་བྱས་པས། དཔེར་བརྗོད་ཀྱི་ཆེད་དུ་བརྩམས་པའི་ཚུལ་ཡང་ཅུང་ཙང་ཡོད་ན་ཡང་། ཁོང་གིས“དོན་ལ་སེམས་དང་དམ་ཆོས་བྱེད་ལུགས་ཡོད”ཅེས་རྩོམ་འདིའི་བརྗོད་བྱ་ཟུར་དུ་བསྟན་པ་ལྟར། རྩོམ་སྤྱི་ཀློག་པས་དམ་པའི་ཆོས་ལ་འཇུག་པའི་ལམ་གྱི་རིམ་པ་གཙོར་བྱས་པས། ཀློག་པའི་གནས་སྐབས་སུ་ཡང་སྒྲ་རྒྱན་འབའ་ཞིག་གི་དབང་དུ་ཁྲིད་མི་འགྲོ་བར་ནང་དོན་དང་རྣམ་པ་གཉིས་ཆུ་ལ་ཆུ་བཞག་པ་ལྟ་བུའི་ཉམས་ཤིག་ཐོན་ཡོང་། རྩོམ་གྱི་མགོར་“རྒྱལ་སྲས་རྣམས་ཀྱི་སྙན་ངག་སྒྲ་རྒྱན་དང་།། རྒྱལ་བའི་གསུང་རབ་ཆོས་ཀྱི་དགའ་སྟོན་བྱ།།”ཞེས་བརྗོད་བྱ་དང་རྩོམ་ཚུལ་དངོས་པོ་ངེས་བསྟན་གྱི་ཚུལ་དུ་བསྟན་པ་དང་། “མདོར་ན་སྡིག་སེམས་སྤོངས་ལ་དགེ་སེམས་བརྟེན།། རྒྱུད་ལ་གནོད་སེམས་མ་འཆང་ཕན་སེམས་ཆོངས།། ཐོས་དོན་སེམས་ཤིང་སྒོམས་ལ་སེམས་དུད་ཐུལ།། འཇིག་རྟེན་དོན་མེད་སྤོངས་ལ་དོན་ཡོད་བརྟེན།།”ཞེས། ཐོག་མར་དགེ་སེམས་བརྟེན་པ་དང་ཕན་སེམས་འཆང་བ། དེ་ནས་རིམ་པར་སེམས་དུད(བདུད)འདུལ་བ་དང་དོན་ཡོན་བརྟེན་པའི་སྐོར་བརྗོད་ཡོད།རྩོམ་གྱི་དངོས་གཞིར་དོན་མི་འདྲ་བ་རེ་རེ་རྒྱན་མི་འདྲ་བ་རེ་རེས་མཚོན་པ་སྟེ། ལས་ཀྱི་སྡིག་སྒྲིབ་སྦྱོང་དགོས་པ་ལ་རྐང་པ་བཞི་ཀའི་ཐོག་མར་རྗེས་སུ་ཁྲིད་པའི་ཆོད་པའི་ཟུང་ལྡན་གྱི་རྒྱན་(དར་དིར།)སྦྱར་བ། ལས་ཀྱི་སྡིག་སྒྲིབ་མྱུར་བར་སྦྱོང་དགོས་པ་ལ་རྐང་པ་བཞི་ཀའི་ཐོག་མར་ཡི་གེ་གཉིས་རེ་བར་མ་ཆོད་པའི་ཟུང་ལྡན་གྱི་རྒྱན་(མྱུར་བ་མྱུར་བར།)སྦྱར་བ། སྐྱེ་བོ་ཕལ་ཆེར་ལས་ཀྱིས་མནར་ཚུལ་ལ་རྐང་པ་བཞི་ཀའི་བར་དུ་ཡི་གེ་གཉིས་རེ་བར་མ་ཆོད་པའི་ཟུང་ལྡན་གྱི་རྒྱན་(ཕལ་ཆེར་ཕལ་ཆེར།)སྦྱར་བ། ལས་ཀྱང་རང་དང་འབྲེལ་ཚུལ་ལ་རྐང་པ་བཞི་ཀའི་མཐའ་མར་ཡི་གེ་གཅིག་རེས་བར་ཆོད་པའི་ཟུང་ལྡན་གྱི་རྒྱན་(སྐྱེད་མ་སྐྱེད།)སྦྱར་བ། དགེ་ལ་འབད་དགོས་ཚུལ་ལ་རྐང་པ་བཞི་ཀའི་ཐོག་མར་གནས་པའི་རྗེས་སུ་ཁྲིད་པའི་བར་ཆོད་པའི་ཟུང་ལྡན་གྱི་རྒྱན(དེ། ད། དེ། དོ།)སྦྱར་བ། ཐམས་ཅད་བསམ་པ་ལ་རག་ལས་པ་ལ་རྐང་པ་བཞི་ཀར་དབྱངས་ཨ་ངེས་པའི་བྱ་དཀའ་བའི་ཟུང་ལྡན་གྱི་རྒྱན(དཀར་ནག་ལས་དག་བསམ་པ་བཟང་ངན་ལགས།)སྦྱར་བ། ཆགས་སྡང་སྡུག་བསྔལ་གྱི་རྒྱུ་ཡིན་ཚུལ་ལ་རྐང་པ་བཞི་ཀའི་ཐོག་མར་ཡི་གེ་གཅིག་རེ་བར་མ་ཆོད་པའི་ཟུང་ལྡན་གྱི་རྒྱན(མཉམ་མཉམ།)སྦྱར་བ། ཀུན་ལ་ཆགས་སྡང་ཞུགས་ཚུལ་ལ་རྐང་པ་བཞི་ཀའི་བར་དུ་ཡི་གེ་གཅིག་རེ་བར་མ་ཆོད་པའི་ཟུང་ལྡན་གྱི་རྒྱན(ལམ་ལམ།)སྦྱར་བ། སེམས་པ་དགེ་ལ་ཕྱོགས་དགོས་ཚུལ་ལ་རྐང་པ་གསུམ་ཀའི་མཐའ་མར་ཡི་གེ་གཅིག་རེ་བར་མ་ཆོད་པའི་ཟུང་ལྡན་གྱི་རྒྱན(སྐྱེད་སྐྱེད།)སྦྱར་བ། ཐོག་མར་ཐོས་བསམ་དང་དེ་ནས་དབེན་པ་བསྟེན་དགོས་ཚུལ་ལ་རྐང་པ་གཉིས་པ་དང་གསུམ་པའི་བར་དུ་ཡི་གེ་གཉིས་རེ་བར་ཆོད་པའི་ཟུང་ལྡན་གྱི་རྒྱན(སྒྲོ་འདོགས།)སྦྱར་བ། བྱང་ཆུབ་ཀྱི་སེམས་བསྐྱེད་དགོས་ཚུལ་ལ་རྐང་པ་དང་པོ་དང་གསུམ་པ། གཉིས་པ་དང་བཞི་བའི་བར་དུ་ཆོད་པའི་ཟུང་ལྡན་གྱི་རྒྱན(སེམས། ཀུན། སེམས། ཀུན།)སྦྱར་བ། དྲིན་བཟོ་ཤེས་དགོས་པ་ལ་མཐའ་ཐོག་སྦྱར་བའི་ཟུང་ལྡན་གྱི་རྒྱན(འདི། འདི། བཟང་། བཟང་། མི། མི།)སྦྱར་བ། ཕན་པའི་སེམས་བཅངས་དགོས་པ་ལ་རྐང་བ་དང་པོའི་མཐའ་དང་གཉིས་པའི་ཐོག། གཉིས་པའི་མཐའ་དང་གསུམ་པའི་ཐོག། གསུམ་པའི་མཐའ་དང་བཞི་པའི་ཐོག་ཏུ་བར་མ་ཆོད་པའི་ཟུང་ལྡན་གྱི་རྒྱན་དང་མཐའ་ཐོག་སྦྱར་བའི་ཟུང་ལྡན་གྱི་རྒྱན་གཉིས་བསྲེས་པའི་བསྲེས་པའི་ཟུང་ལྡན་གྱི་རྒྱན(བུ་ལ། བུ་ལ། སེམས་ཅན། སེམས་ཅན། སྟོན་པ། སྟོན་པ།)སྦྱར་བ། དད་པའི་གཞན་ཕན་གྱི་སེམས་བཅངས་དགོས་པ་ལ་རྐང་པ་དང་པོ་དང་བཞི་བ། གཉིས་པ་དང་གསུམ་པ་བཟློག་པའི་ཚིགས་བཅད་ཕྱེད་བཟློག་གི་རྒྱན(དད་པས་གཞན་ལ་ཕན་བྱེད་སེམས་འདི་བཟང་།། རིགས་པར་བསྟེན་པས་དགོས་དུས་སེམས་ལ་ཕན།།)སྦྱར་བ། བཟང་སེམས་སྦྱོངས་པ་དང་ཏིང་འཛིན་སྒོམས་པ། སྙིང་རྗེ་སྐྱེས་པ་དང་གཉེན་པོ་བརྟེན་པ་ལ་རྐང་པ་བཞི་ཀའི་བར་དུ་གནས་པའི་ཆོད་པའི་ཟུང་ལྡན་གྱི་རྒྱན(དང་། དང་།)སྦྱར་བ། དགེ་སེམས་བསྟེན་པ་ལ་རྐང་པ་གཉིས་པ་དང་གསུམ་པའི་ཚིག་རྐང་ཕྱེད་བཟློག་པའི་བཟློག་པའི་ཟུང་ལྡན་གྱི་རྒྱན་སྟེ།(དགྲས་ཀྱང་གཉེན་བྱེད་ཕན་བྱེད་དགྲས་ཀྱང་གཉེན།། བྱེད་ལ་སུ་སེམས་སྡང་སེམས་སུ་ལ་བྱེད།།)སྦྱར་བ་སྟེ། ཚིགས་བཅད་བཅུ་དྲུག་པོ་འདིས་རྩོམ་གྱི་དངོས་གཞི་གྲུབ་ཅིང་། དེ་ལ་བྱ་དཀའ་སླ་སོགས་སྒྲ་རྒྱན་གྱི་ཐབས་མི་འདྲ་བ་བཅུ་དྲུག་སྤྱད་ཡོད། དེ་ལས་“མྱུར་བ་མྱུར་བར་ལས་སྒྲིབ་མ་སྦྱངས་ན།། རང་རེ་རང་རེའི་ལས་འདི་དབང་བཙན་པས།། བདེ་བ་བདེ་བར་ཤེས་ཀྱང་འདམ་དབང་མེད།། སྡུག་པ་སྡུག་པར་ཤེས་ཀྱང་འདོར་དབང་མེད།།”ལྟ་བུ་ནི་ཟུང་ལྡན་མཚན་ཉིད་པའི་སྐོར་སྟེ། འཇུ་མི་ཕམ(1846-1912)གྱིས་“བོད་སྐད་སྒོ་དོགས་པས་བྱ་དཀའི་རིགས་རྣམས་ལྟ་ཅི་སྨོས། བྱ་སླ་བའི་ཟུང་ལྡན་གྱི་བྱེ་བྲག་རྣམས་ཀྱང་ཇི་བཞིན་སྦྱར་དཀའ་སྟེ། བོད་སྐད་ཟུང་ལྡན་གྱི་དཔེར་བརྗོད་ནི། ཕལ་ཆེར་ཡི་གེ་བསྐོར་བ་ལས་ཡི་གེ་ཚོགས་པའི་སྒྲ་བསྐོར་བ་ཉུང་ལ། ཡི་གེ་བསྐོར་བ་ནི་རྗེས་ཁྲིད་དང་ཆ་འདྲ་བ་ལས་ཟུང་ལྡན་དངོས་མིན་ཀྱང་གནས་མིན་པར་སྒྲ་གཅིག་ཡང་བསྐྱར་བྱས་པ་རྣམས་ཀྱང་ཟུང་ལྡན་དང་ཆ་འདྲར་འགྱུར་རུང་ངོ་།།”ཞེས་པ་ལྟར། སྙན་ངག་ཚིགས་བཅད་འདི་ལྟ་བུར་ཡི་གེའི་ཚོགས་པ་བསྐོར་བས་ཟུང་ལྡན་མཚན་ཉིད་པའི་ཉམས་ཐོན་འདུག། “དགྲས་ཀྱང་གཉེན་བྱེད་ཕན་བྱེད་དགྲས་ཀྱང་གཉེན།། བྱེད་ལ་སུ་སེམས་སྡང་སེམས་སུ་ལ་བྱེད།།”ལྟ་བུ་ལ་སྤྱིར་བཏང་བཟློག་པའི་ཟུང་ལྡན་གྱི་རིགས་ལམ་སྤྱད་ན་ཡང་། 《སྙན་ངག་མེ་ལོང》ལས་བསྟན་པའི་བཟློག་པའི་ཟུང་ལྡན་ནི་རྐང་བ་བཟློག་པའི་སྐོར་སྟེ། གུང་ཐང་བདེ་བློས་རྐང་བ་གཅིག་གི་ཕྱེད་ཀ་བཟློག་པའི་ཐབས་ཀྱིས་བརྩམས་པས་ཁོང་གིས་གསར་དུ་བཏོད་པའི་རྒྱན་གྱི་རིགས་སུ་འདོད།གོང་གི《གསུང་རབ་ཆོས་ཀྱི་དགའ་སྟོན》ལ་སྤྱད་པའི་རྒྱན་གྱི་ཐབས་ཀྱིས་བྲིས་པའི་བརྩམས་ཆོས་གཞན་མང་སྟེ། དཔེར་ན། དབྱངས་ངེས་པའི་བྱ་དཀའ་བ་གཙོར་བྱས་ཏེ་སྦྱར་བའི《སྙན་ངག་པདྨ་དཀར་པོའི་ཕྲེང་བ》ཞེས་པ།(ཚིགས་བཅད་སོ་དྲུག)རྗེས་ཁྲིད་ཀྱི་རྩོམ་ཐབས་སྤྱད་དེ་བརྩམས་པའི《སྙན་ངག་པདྨ་དཀར་པོའི་ཕྲེང་བ》ཞེས་པ།(ཚིགས་བཅད་སོ་གཉིས།)དབྱངས་ངེས་པའི་ཀ་རྩོམ་གྱི་རྣམ་པས་བརྩམས་པའི《འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་སྤྲིངས་པའི་འཕྲིན》སོགས་ཡོད། དེ་དག་ཏུ་“ཁ་བས(གངས་ཀྱི)ཚ་བ་སེལ་བར་བྱེད།། ཁ(སྨན)བས་ཚ(རིམས)བ་སེལ་བར་བྱེད།། (དོན)ཞི་བའི(འཇམ་ཞིང)ཚིག་གིས(དགྲ)སྡང་པ་ཞི།། ཞི་བའི(མྱ་ངན་ལས་འདས་པ)ཚིག(སྟོན་པ)གིས་སྡང་པ་ཞི།།”ལྟ་བུའི་རྐང་པ་བཟླས་པའི་སྙན་ངག་ཡག་པོ་མང་དུ་ཡོད་པ་སོགས་ལས་གུང་ཐང་བདེ་བློའི་སྙན་ངག་གསར་རྩོམ་གྱི་ཆུ་ཚད་མཐོན་པོ་ཞིག་ཏུ་སླེབས་པ་མ་ཟད། 《སྙན་ངག་མེ་ལོང》ལས་སྒྲ་རྒྱན་དང་རྗེས་ཁྲིད་ཀྱི་རྒྱན་སོགས་རྩ་བའི་དགོངས་པ་ལྟར་བོད་ཡིག་གི་ལམ་ནས་ཀྱང་ཇི་བཞིན་འབྲི་ཐུབ་པ་ར་སྤྲད་ཡོད། སྒྲ་རྒྱན་གྱི་རྩོམ་ཐབས་འདི་དག་གིས་རྗེ་ཙོང་ཁ་པའི(1357-1419)སྙན་ངག་སྐོར་ཞིག་ལ་ཡང་ཚིག་སྡེབ་སྟངས་དང་རྣམ་པའི་ཐད་ནས་ཤུགས་རྐྱེན་ཐེབས་ཡོད་པར་འདོད་ལ། ལྷག་པར《གསུང་རབ་ཆོས་ཀྱི་དགའ་སྟོན་》དང་རྗེ་ཙོང་ཁ་པའི《བློ་སྦྱོང་སྙན་ངག་སྒྲ་རྒྱན་》གཉིས་བར་གྱི་ཚིག་ཕལ་མོ་ཆེ་འདྲ་བས་དོན་དངོས་སུ་སུས་རྩོམ་འདིའི་རྩོམ་གདན་བརྩམས་མིན་ད་དུང་བརྟག་དགོས་ཡོད། ཡང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས(1653-1705)བརྩམས་པའི《སྙན་ངག་དཀའ་འགྲེལ་དབྱངས་ཅན་དགྱེས་གླུའི་གླུ་དབྱངས་ཀྱི་མཆན་འགྲེལ》དུ། “གུང་ལོ”དང“གུང་ཐང་ལོ་ཙཱ་བ”ཞེས་པའི་ངོས་ནས་སྒྲ་རྒྱན་ལས་གསལ་བྱེད་ངེས་པའི་དཔེར་བརྗོད་ལ་གུང་ཐང་བདེ་བློའི་སྙན་ངག་སྐོར་ཞིག་དྲངས་འདུགཔ་སོགས། ཁོང་གི་སྒྲ་རྒྱན་གྱི་རྩོམ་རྩལ་ལ་མཁས་པ་མང་པོས་ངོས་ལེན་དང་གདེང་འཇོག་བྱས་ཡོད་དོ།།གུང་ཐང་བདེ་བློའི་རྩོམ་གཞི་དང་རྩོམ་ཚུལ། རྩོམ་དོན་གསུམ་ལྷན་དུ་བསྡེབས་དགོས་པའི་སྒྲིག་གཞི་རིང་ལུགས་ཀྱི་ཉམས་དང་ལྡན་པའི་རྩོམ་གཞུང་གི་སྤྱི་ཁོག་དང་། “འཕྲལ་གོ་བདེ། ཕུགས་བརྟགས་ན་ཆེ་བ་དོན་ལ་ཞུགས་ཤིང་འགལ་ཟློས་མེད་པ”ཡི་ནང་དོན་ཐད་ཀྱི་ཚད་གཞི་དང་། “སྡེབ་ལེགས། སྔ་ཕྱི་འབྲེལ། ཚེག་བར་སྙོམས། ཆོས་སྐད་ཚུད། དཔེ་དོན་མཚུངས། ཀློག་བདེ་བ”ཡི་རྣམ་པའི་ཐད་ཀྱི་ཁྱད་ཆོས། མ་ཟད། གསར་རྩོམ་གྱི་གནས་སྐབས་སུ་ཡང“དོན་ལ་སེམས་དང་དམ་ཆོས་བྱེད་ལུགས་ཡོད”ཅེས་པ་དང་། “རྩོམ་པའི་ལྟད་མོའི་ཆེད་དུ་སྡེབ་སྦྱོར་སྦྱོངས་”ཞེས་པའི་གསར་རྩོམ་ཐད་ཀྱི་ལག་ལེན་སོགས་ལས། ཚད་ངེས་ཅན་ནས་《སྙན་ངག་མེ་ལོང》གི་རྣམ་པ་ཤུགས་ཆེ་བའི་རྩོམ་སྲོལ་ཡོ་བསྲངས་པ་མ་ཟད། དུས་རབས་བཅུ་བཞི་བ་ཡས་མས་ནས་བོད་ཀྱི་རྩོམ་གཞུང་དུ་ནང་དོན་དང་རྣམ་པ། ཡང་ན་ཚིག་དང་དོན་གཉིས་ལྷན་དུ་བསྡེབས་ཏེ་རྩོམ་པར་འཇུག་དགོས་ཚུལ་གྱི་གཞུང་ལུགས་དང་བརྩམས་ཆོས་གཉིས་ཀ་ཅུང་ཟད་གྲ་རྒྱས་པོ་ཞིག་དར་ཡོད་པ་ཤེས་སོ།།
1.ཁྲོྃ་ཐར་འཇམ་བློས་བསྒྲིགས་པའི《སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས》སུ་གུང་ཐང་བདེ་བློའི་རྩོམ་གཞུང《སྙན་ངག་གི་ཚིགས་སུ་བཅད་པ་དང་བསྟན་བཅོས་ལ་སོགས་པ་བརྩམ་པ་ལ་ཉེ་བར་འཇུག་པ་སྡེབ་སྦྱོར་པདྨ་རྒྱས་པའི་དགའ་ཚལ་》དང་། སྙན་ངག་བརྩམས་ཆོས་《སྙན་ངག་པདྨ་དཀར་པོའི་ཕྲེང་བ།》《སྙན་ངག་གི་བསྟན་བཅོས་ལས་དབྱངས་ངེས་པ་ཅན་གྱི་བྱ་དཀའ་བ།》《རྗེས་སུ་འཁྲིད་པའི་སྙན་ངག་གི་ཚུལ་དུ་བརྗོད་པ།》《བླ་མའི་སྤྱི་བསྟོད་》ཅེས་བརྩམས་ཆོས་བསྡུས་འདུག ། གཞན་ཁོང་གིས། སྙན་ངག་མེ་ལོང་གི་དཀའ་འགྲེལ་ཞིག་དང་། གཏམ་རྒྱུད་གངྒཱའི་ཆུ་རྒྱུན། གཞོན་ནུ་ལྔ་པ་སོགས་བརྩམས་ཡོད་པར་བཤད་མོད། ད་སྔ་དཔར་སྐྲུན་བྱས་པ་མི་འདུག།
2.མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། བསྟན་རྩིས་གསལ་བའི་ཉིན་བྱེད། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ལོ། ཤོག་ངོས་༡༧༣
3.གུང་ཐང་བདེ་བློ། སྙན་ངག་པདྨ་དཀར་པོའི་ཕྲེང་བ།//ཁྲོྃ་ཐར་འཇམ་བློས་བསྒྲིགས་པའི་སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས་ཀྱི་པོད་དང་པོར་བསྡུས་ཡོད། ཁྲིན་ཏུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོ། ཤོག་ངོས་༤༥༥
4.སྐབས་འདིའི་“ལྷ་ཡི་དབང་པོ་”དང་“ལྷ་དབང་བློ”ཞེས་པ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ལ་གོ་སྟེ། ཁོང་གི་ཤོང་སྟོན་ལ་བསྟོད་པའི་རྩོམ་གཞན་ཞིག་ཏུ་ཡང་། “འགའ་ཞིག་གོ་མེད་ཚིག་གི་མདུད་པ་རྩོམ།། ལ་ལ་འབྲལ་མེད་བླུན་སྐད་བབ་བཅོལ་སྨྲ།། སྡེབ་ལེགས་གསལ་བར་རྩོམ་པའི་རྩོམ་པ་མཁན།། དིང་སང་གངས་རིའི་ཁྲོད་འདིར་ལྷ་དབང་བློ།།”ཞེས་བསྟོད་པའི་སྙན་ངག་བརྩམས་འདུག་ལ། གཞན་སྣར་ཐང་ལོ་ཙཱ་བ་སངྒ་ཤྲཱིའི་སྙན་འགྲེལ་གྱི་མགོར་“གང་དེའི་བདག་པོ་རྡོ་རྗེ་རྒྱལ་མཚན་ལྷ་དབང་ཞབས།།”ཞེས་པ་སོགས་ལས་ཤེས་ཐུབ།
5.ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོ། དམ་པའི་ཆོས་ཀྱི་ཐོབ་ཡིག་བསྟན་པའི་ནོར་རྫས་བཞུགས་སོ།། སྡེ་དགེ་རྫོང་སར་དགོན་བླ་མ་ལྷ་ཁང་གི་དཔེ་རྙིང་། ཤོག་ངོས་༡༣༩
6.བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ། སྙན་ངག་མེ་ལོང་གི་དོན་གྱི་རྒྱན་ལ་དོགས་པ་དཔྱོད་པའི་འབེལ་གཏམ་ལེགས་པར་བཤད་པའི་རོལ་མཚོ། ལ་དྭགས་པར་མ། ཤོག་ངོས་༡༥༥
7.གུང་ཐང་བདེ་བློ། སྙན་ངག་གི་ཚིགས་སུ་བཅད་པ་དང་བསྟན་བཅོས་ལ་སོགས་པ་བརྩམ་པ་ལ་ཉེ་བར་འཇུག་པ་སྡེབ་སྦྱོར་པདྨ་རྒྱས་པའི་དགའ་ཚལ།//ཁྲོྃ་ཐར་འཇམ་བློས་བསྒྲིགས་པའི་སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས་ཀྱི་པོད་དང་པོར་བསྡུས་ཡོད། ཁྲིན་ཏུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོ། ཤོག་ངོས་༤༤༨
8.མ་ཡིག་ཏུ་འདི་དག་ལ་བརྩམས་པའི་གཞི་དང་བརྩམས་པའི་ཚུལ། བརྩམས་པའི་དོན་འགོད་ཚུལ་ཞེས་བྲིས་འདུག། འདིར་སྦྱོར་བདེའི་དབང་གིས་བརྩམས་ཞེས་པ་རྩོམ་ཞེས་པར་བཅོས་རྒྱུ།
9.དབྱུག་པ་ཅན་གྱིས་བརྩམས། སི་ཏུ་པཎ་ཆེན་གྱིས་འགྱུར་བཅོས་བྱས། སྙན་ངག་མེ་ལོང་། སྣ་རིང་། རྫོང་སར་པར་མ། ཤོག་ངོས་༡༠ཡི་རྒྱབ།
10.འབྲུག་པ་ཀུན་ལེགས། འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༥ལོ། ཤོག་ངོས་༢༥༡
11.འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། སྙན་དངགས་མེ་ལོང་གི་འགྲེལ་པ་དབྱངས་ཅན་དགྱེས་པའི་རོལ་མཚོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༨ལོ། ཤོག་ངོས་༢༦༡
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3606
དཔྱད་མཆན་སྤེལ།