སྤྱིར་བོད་དུ་སྐལ་བ་སྔ་མོ་ནས་ཆོས་ལུགས་དར་ཡོད་པ་ཡོངས་གྲགས་སུ་གྱུར་ཟིན་ལ། དེ་ནི་ལྟ་གྲུབ་ཅན་གྱི་ཆོས་ལུགས་ཤིག་མིན་པར་ཆོ་ག་སྣ་ཚོགས་ཀྱི་ཐབས་ལ་བརྟེན་ནས་མི་དང་རང་བྱུང་ཁམས་བར་དུ་མཉམ་གནས་བྱེད་པའི་གཞི་བརྩམས་པ་ཙམ་མིན་ནམ་སྙམ། དེ་ལ་ཡོངས་གྲགས་གདོད་མའི་ཆོས་ལུགས་སུ་འབོད་སྲོལ་ལོ་རྒྱུས་རིག་པ་ཁག་ཏུ་ཡོང་གི་འདུག  གཞན་མ་གཞི་ནས་མིའི་རིགས་ཀྱི་རིག་གནས་སྔ་ཤོས་ནི་སྒྱུ་རྩལ་གྱི་རིག་གནས་དང་ཆོས་ལུགས་རིག་གནས་འདི་གཉིས་ཡིན་པ་དང་། དེ་ལས་རིམ་གྱི་རིག་གནས་མང་པོ་ཡལ་གྱལ་དུ་དར་བ་ང་ཚོས་ཚོད་དཔག་བྱེད་ཆོག་གོ།  དེ་མཚུངས་བོད་ཀྱི་ལྷ་རབས་ཀྱི་ལོ་རྒྱུས་དང་།  བོན་རབས་ཀྱི་ལོ་རྒྱུས།  གཉིས་འདྲེས་ཀྱི་ལོ་རྒྱུས། ནང་བསྟན་པའི་ལོ་རྒྱུས་བཅས་གཙོ་བོར་རིམ་པ་ཁ་ཤས་ཡོད།  དེ་ལས་བོན་རབས་ཀྱི་ལོ་རྒྱུས་ནི་དཔལ་ཡོན་ལོ་རྒྱུས་ལས་ཆོ་ག་སྤེལ་བའི་ལོ་རྒྱུས་སྔ་ཤོས་ཡིན་པ་དང་།  མཁས་དབང་ནམ་མཁའ་ནོར་བུས་བོན་པ་ཞེས་པའི་བརྡ་ཆད་འདི་ཡང་བཟླས་པའི་དོན་དུ་འཇུག་པ་དང་།  ཟླས་ནི་སྔགས་སོགས་གྲངས་མང་དུ་བསགས་པའི་དོན་དུ་འགྲོ་བར་གསུངས་པ་ལྟར་བོན་རབས་ལོ་རྒྱུས་ནི་བོད་ཀྱི་ཆོ་ག་སྤེལ་བའི་ལོ་རྒྱུས་སྔ་ཤོས་ཡིན་པར་བསྒྲུབ་ཐུབ་པ་མིན་ནམ། གནའ་སྔ་མོ་བོད་མི་རྣམས་ཆོ་ག་སྤེལ་བའི་ལུགས་སྲོལ་ཆེེས་ཆེར་དར་ན་ཡང་། ཆོ་ག་སྤེལ་མཁན་ལ་དམིགས་བསལ་ཚད་བཀག་རང་བཞིན་ཡོད་པ་དང་། ཆོ་ག་ལ་བྱང་ཆ་ལྡན་པའི་མི་སྣ་དམིགས་བསལ་བ་ཞིག་ཟུར་གནས་སུ་ཡོད་པ་གསལ་བོར་རེད། ཆོ་ག་ཞེས་པ་ནི་དེང་སྐབས་ཚིག་མཛོད་ཁག་ཏུ་ལས་དང་བྱ་བ་བསྒྲུབས་པའི་ཐབས་སུ་བཤད་ཀྱང་།འདུལ་བ་མཚོ་ཊཱིཀ་ལས། ཆོ་ག་ཡིན་ཏེ་རྗེས་སུ་མཐུན་པའི་ཆོས་ཡིན་པའི་ཕྱིར་ཞེས། དང་། མི་རིགས་པ་རྗེས་སུ་སྒྲུབ་པ་མ་ཡིན་གྱི། རིགས་པ་རྗེས་སུ་བསྒྲུབ་པ་ཡིན་པའི་ཕྱིར་རོ།།ཞེས་ལུང་རྣམ་འབྱེད་ཁུངས་སུ་དྲངས་ནས་གསུངས་ཡོད་པ་འདི་ལ་དམིགས་བསལ་གོ་བ་ཞིག་ལེན་རྒྱུ་ཡོད་པ་འདྲ། གནའ་མོར་ཆོ་ག་ནི་རིམ་གྲོ་དང་དོན་གཅིག་ཏུ་འགྲོ་ལ། ལས་ལམ་དུ་འགྲོ་བ།  བསམ་དོན་འགྲུབ་པ།  ཚེ་འདི་ཡི་བགེགས་བར་ཆད་སེལ་བའི་ཐབས་ཙམ་དུ་ངོས་འཛིན་དུ་ཚོད། དེ་ཉིད་རིམ་གྱིས་འཕེལ་རྒྱས་སུ་ཕྱིན་ཏེ།  གཟོད་ཚེ་འདི་ཕྱི་གཉིས་ཀའི་ལས་ཀྱི་སྟ་གོན་དུ་འཕེལ་རྒྱས་བསླེབས་པ་འདྲ། སྤྱིར་ལྷ་རབས་ལོ་རྒྱུས་སུ་ཆོ་གའི་རིམ་པ་བྱུང་ཡོད་འདུག་ན་ཡང་དེའང་བོན་གྱི་ཆོ་ག་ལས་ལོགས་སུ་བཀར་ཐབས་མེད་པ་འདྲ། མདོར་ན་བོད་དུ་ཆོ་ག་སྤེལ་བ་དང་ཆོས་ལུགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་ནི་བོན་གྱི་རིག་གནས་ནས་དབུ་ཚུགས་པར་ལོ་རྒྱུས་བདེན་པ་ཡིན་པ་དང་། དེ་ཉིད་ཀྱིས་ཤུགས་དང་རྐྱེན་བྱས་ཏེ་བོད་ཀྱི་ནང་བསྟན་ལའང་རྒྱ་གར་གྱི་ན་ལེན་དྲཱའི་རིག་གནས་ཀྱི་སྣང་ཚུལ་དང་མི་འདྲ་བའི་ཆ་མང་དུ་བྱུང་ཡོད་པའང་བོན་དང་འབྲེལ་བ་ངེས་ཅན་འདུག་ལ།  བསྟན་པ་ཕྱིར་དར་སྐབས་ཀྱི་བོད་ཀྱི་སྐྱེས་ཆེན་ས་ཁེབས་པ་ལྟར་བྱོན་པ་དག་གི་མཛད་རྣམ་ཡང་ལོས་ཡིན་སྙམ་པའི་སྣང་བ་འཁོར་བྱུང་།       ཉེ་ཆར་ང་རང་ཕ་ཡུལ་དུ་ཐོན་པས།  བོད་ཀྱི་ལུགས་སྲོལ་དུ་གྱུར་པའི་གཟུངས་བསྡུས་སམ་བཀའ་འདུས་ཤིག་མགོ་མཇུག་ལ་འདོན་སྐལ་ཐོབ། སྤྱིར་བཀའ་འདུས་དང་གཟུངས་བསྡུས་འདི་ཉིད་བོད་དུ་འདོན་སྲོལ་བྱུང་ནས་ཆེར་འགོར་མེད་པ་གཏན་འཁེལ་ན་ཡང་། འདིའི་ལོ་རྒྱུས་ཀྱི་རྒྱུན་ནི་ཆོ་གའི་རིག་གནས་དང་། བོན་གྱི་རིག་གནས། བསྟན་པ་སྔ་དར་སྐབས་ཀྱི་འཕེལ་འགྲིབ་ལ་ཐད་ཀར་འབྲེལ་བ་ཡོད་པར་སྣང་། <བཀའ་འདུས>་ཞེས་པ་ནི་དམངས་ཁྲོད་དུ་རྒྱུགས་ཆེ་བའི་ཐ་སྙད་ཅིག་རེད་ལགས། པོད་སྟོད་སྨད་གཉིས་ཀྱི་བདག་ཉིད་དུ་གྱུར་པའི་གླེགས་བམ་འདི་ནི་དམངས་ཁྲོད་དུ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་རྐྱང་པས་གྲུབ་ཡོད་པའི་ལྟ་ཚུལ་གྲུབ་ཡོད། <གཟུངས་བསྡུས་>ཞེས་པ་ནི་གླེགས་བམ་རང་ངོས་སུ་བསྟར་བའི་ཁ་བྱང་དེ་ཡིན་ལ།  གསེར་གཙུག་དཔར་མའི་ངོས་སུ་མཚན་འདི་བེད་སྤྱོད་བཏང་ཡོད་དེ།  <མདོ་སྔགས་གསུང་རབ་རྒྱ་མཚོའི་སྙིང་པོ་མཚན་གཟུངས་མང་བསྡུས་པ>་ཞེས་སྤྱིའི་མཚན་དུ་གསོལ་ཡོད།  གཞན་སྡེ་དགེ་དཔར་མའི་ངོས་སུ་མཚན་ལ་<གླེགས་བམ་རིན་པོ་ཆེ་དགོངས་དོན་ཀུན་འབྱུང་ལས།  རྒྱུད་ཀྱི་སྡེ་ཚན་དང་པོ་བཞུགས་སོ་>ཞེས་དང་། <ཡར་པོད་དང་།>གཟུངས་ཞེས་པ་ནི་སྙིང་པོའི་དོན་དུ་འགྲོ་ལ།  ཆོ་ག་དང་ཆོས་ཀྱི་རབ་བྱེད་ཐམས་ཅད་ཀྱི་སྙིང་པོ་ལ་གཟུངས་ཟེར། སངས་རྒྱས་བཀའ་ཡི་སྙིང་པོ་ཐམས་ཅད་ཕྱོགས་སུ་བསྡུས་པ་<གཟུངས་བསྡུས་>ཞེས་བརྗོད་པ་ལགས། དེ་མཚུངས་བཀའ་འདུས་ཞེས་པ་ནི་སྟོན་པ་སངས་རྒྱས་ཀྱི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དེ་ཉིད་ཚུར་བསྡུས་ན་བཀའ་འཁོར་ལོ་གསུམ་དང་། དེ་ལས་ཚུར་བསྡུས་ན་རྗོད་བྱེད་བཀའ་ཡི་རིམ་པ་བཀའ་འགྱུར་རིན་པོ་ཆེ་རུ་འདུས།  དེ་ཉིད་ཚུར་བསྡུས་ན་ཡུམ་རྒྱས་པ་འབུམ་པ་དང་། འབྲིང་པོ་ཉི་ཁྲི། བསྡུས་པ་བརྒྱད་སྟོང་པ་རུ་གསུམ་དུ་འདུས། དེ་ཉིད་ཚུར་བསྡུས་ན་ཡུམ་འབུམ་པའམ་ཤེར་ཕྱིན་པོད་བཅུ་གཉིས་སུ་འདུས། དེ་ཉིད་བསྡུས་ན་བརྒྱད་སྟོང་པ་རུ་བསྡུ་ཚུལ་ཞིག་གཞུང་ལུགས་ཁག་ཏུ་གྲགས་ཟིན་མོད།  <བཀའ་འདུས>་ཞེས་པ་ནི་དེ་དང་མཚུངས་པར་བཀའ་འཁོར་ལོ་རིམ་པ་གསུམ་གྱི་གནད་ཐམས་ཅད་དང་། སྔགས་མདོ་གཉིས་ཀྱི་སྤྱི་འདུས་ཤིག་ཡིན་པར་གོ་བ་ལེན་དགོས་པར་འདུག་ལ། སྡེ་དགེ་དཔར་མའི་མཚན་གསོལ་སྟངས་དེ་དང་དོན་གྱིས་གོ་བ་གཅིག་ཏུ་སྣང་། དེ་བས་དམངས་ཁྲོད་དུ་བཀའ་འདུས་དང་གཟུངས་འདུས་གཉིས་སུ་གྲགས་པའི་ཚོད། 

      མ་གཞི་གནའ་སྔ་མོ་ནས་བོད་ལ་ཁྱིམ་རྟེན་དང་རིམ་གྲོ་ཞེས་པའི་ལུགས་སྲོལ་ཆེན་པོ་ཞིག་ཡོད་པ་འདྲ་སྟེ།  ལོ་རེ་རེའི་ནང་དུ་<ཀླུ་འབུམ་དཀར་ནག་ཁྲ་གསུམ་>ཚར་རེར་འདོན་སྲོལ་ཡོད་པ་དང་། ནང་བསྟན་ཤུགས་ཆེར་དར་རྗེས་བཀའ་བསྟན་དང་འབུམ་པ་བརྒྱད་སྟོང་པ། ཉི་ཁྲི་སོགས་གང་རུང་དུད་ཀྱི་འབྱོར་ཚོད་ཀྱིས་ལོ་རེར་ཚར་རེར་འདོན་སྲོལ་བྱུང་འདུག  འདི་གཉིས་ཀྱི་གོང་དུ་རིམ་གྲོ་ཞེས་པ་འདི་དམིགས་བསལ་བླ་གཤེན་དང་སྐུ་གཤེན་གྱི་ལས་སུ་གཏོགས་པ་སྟེ།  མོ་འདེབས་པ། པྲ་ཕབ་པ། བགེགས་བར་ཆད་སེལ་ཆེད་གཏོ་ཟློག་འདོན་པ།  ཀླུ་བསང་།  ཡུལ་བསང་སོགས་བྱེད་སྲོལ་ཡོད་འདུག  འདི་ནི་ཆེས་ཐོག་མར་དམག་རྣམས་འཁྲུག་པར་ཆས་པའི་རིམ་གྲོ་དང་།  འཁྲུག་པར་ཆས་པའི་སྙིང་ཕུར་བརྡེབས་པ་བཅས་ལ་འབྲེལ་བ་ཨེ་ཡོད་ན་སྙམ་བྱུང་།གཞན་ཡུལ་གྱི་གཞི་བདག་སོགས་ཐེངས་རེར་བསྟོད་སྲོལ་ཡོད་པ་དང་། དུད་ཚང་རེ་རེ་ལ་ཀླུ་འབུམ་རེ་རེ་རུ་བ་གང་གནས་སུ་དེ་རུ་ཁྱེར་སྲོལ་ཞིག་ཡོད་འདུག་ལ།   ནང་པས་ཁྱབ་རྗེས་བརྒྱད་སྟོང་པ་དང་། འབུམ་པ།  ཉི་ཁྲི་བཅས་རུ་སྤོ་གནས་སྐྱེལ་བྱེད་སྐབས་གཡང་རྟེན་ནམ་ཁྱིམ་རྟེན་དུ་འབྱོར་ཚོད་ཀྱིས་ཁྱེར་སྲོལ་ཡོད། འདི་ནི་བོད་ཀྱི་དམངས་ཁྲོད་དུ་དར་བའི་ཆོས་ལུགས་ཀྱི་བྱེད་སྒོ་དམིགས་བསལ་བ་ཞིག་རེད། དེ་ནི་དཔེར་ན་གཡང་ལུག  གཡང་རྟ།  གཡང་ཟོག  གཡང་འཁོར་སོགས་ཀྱི་བོད་དང་བོད་འདྲ་བའི་མི་རིགས་མང་པོ་ཞིག་ལ་ཡོད་པའི་རིག་གནས་ཀྱི་རྒྱུན་ཞིག་མིན་འགྲོ་སྙམ་པ་བྱུང་། དེ་བས་བཀའ་འདུས་སམ་གཟུངས་བསྡུས་ལོ་རེར་ཚར་རེར་འདོན་སྲོལ་བྱུང་བ་འདིའང་དེའི་རྒྱུན་གྱི་རིག་གནས་ཤིག་ཡིན་པར་དོགས་པ་བྱེད་མི་དགོས་པ་འདུག  

        སྤྱིར་བོད་དུ་བཀའ་ཡི་འཁོར་ལོ་རིམ་པ་དག་བསྡུས་པའི་སྒོ་ནས་བཤད་སྟངས་འདི་ཉིད་ནི་དུས་རབས་བརྒྱད་པ་ནས་མགོ་ཚུགས་ཤིང་། བསྟན་པ་ཕྱི་དར་སྐབས་རྒྱ་ཆེར་རྒྱས་པ་རེད། འདི་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་དུས་རབས་བརྒྱད་པའི་མཇུག་ཏུ་དཀར་ཆག་བཟོ་བའི་རིགས་ལམ་བྱུང་བ་ལས་བཀའ་ཡི་འཁོར་ལོ་བསྡུས་པའི་རིགས་ལམ་གསར་དུ་བྱུང་པ་རེད། དེ་རྗེས་བསྟན་པ་ཕྱི་དར་སྐབས་ཞ་ལུ་ལོ་ཆེན་གྱིས་མདོ་སྔགས་ཟུང་འབྲེལ་ལམ་བོད་སྔ་རབས་དང་ཕྱི་རབས་ཟུང་འབྲེལ་གྱི་ལྟ་བ་བཏོན། ཡང་ན་ཇོ་བོ་རྗེ་བོད་དུ་ཕེབས་ཏེ་བཀའ་ཡི་འཁོར་ལོ་ཐམས་ཅད་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་བསྡུས་ཤིང་། གཞན་ཚད་མེད་བཞི་ཡི་སྒྲུབ་ཐབས་སོགས་རྒྱ་ཆེར་དར་སྤེལ་མཛད་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཡི་གནད་དང་དོན་ཐམས་ཅད་བསྡུས་པའི་ཐབས་སམ་རིགས་ལམ་ཐུན་མོང་མ་ཡིན་པ་ཞིག་གསར་གཏོད་གནང་པས། ད་ལམ་<གཟུངས་བསྡུས>་དང་<བཀའ་འདུས>་ཞེས་པའང་དེ་དུས་གསར་དུ་བསྒྲིགས་པར་སྣང་སྟེ། གཅིག་ནས་བཀའ་འདུས་གཟུངས་བསྡུས་གང་ཡིན་ཡང་ནང་དུ་སྐྱེས་བུ་གསུམ་གྱི་ལམ་རིམ་གསུང་གི་ཡོད་པ་དང་། གཉིས་ནས་གཟུངས་བསྡུས་སུ་འབོད་པའི་གསེར་གཙུག་དཔར་མའི་ནང་དུ་ཇོ་བོ་རྗེ་སོགས་བཀའ་གདམས་པའི་གསུང་ཆོས་མང་དུ་དྲངས་ཡོད་པ་སོགས་ཀྱིས་ཤེས་ནུས།ཡང་ན་ཡར་པོད་མར་པོད་གཉིས་ཆར་དུ་མདོ་སྔགས་གཉིས་ཀྱི་ཟུང་འབྲེལ་བྱས་པའི་ཆ་ཤིན་ཏུ་ཆེ། དེ་ཉིད་རིམ་གྱིས་འཕེལ་རྒྱས་སུ་ཕྱིན་པའི་སྣང་ཚུལ་གྱིས་དེང་སང་བོད་ཆོས་ལྡན་ཁྱིམ་ཚང་རེ་རེ་ལ་བཀའ་འདུས་སམ་གཟུངས་བསྡུས་པོད་རེར་ཡོད་པ་དང་། ཡོད་པ་དེ་ཉིད་ལོ་རེར་ཚར་རེར་འདོན་པའམ་ཞལ་ཕྱེ་བྱེད་བྱེད་པའི་སྲོལ་རྒྱ་ཆེར་ཆགས་འདུག  དེ་བས་འདི་ནི་དམིགས་བསལ་ཆོས་ལུགས་བྱེད་སྒོ་ལས་དམངས་ཁྲོད་ཆོས་ཀྱི་བྱེད་སྒོ་རུ་གྱུར་ཡོད། 

      གཞན་འདི་ནི་བསྟན་པ་ཕྱི་དར་སྐབས་བཅོམ་ལྡན་རིག་རལ་དང་དབུས་པ་བློ་གསལ་སོགས་ཀྱིས་བོད་ཀྱི་བཀའ་བསྟན་འགྱུར་རོ་ཅོག་ལ་དཀར་ཆག་གསར་རྩོམ་དང་ཆ་ཇེ་ཚང་དུ་བཏང་། མ་ཟད་ནང་པའི་འཁོར་ལོ་གསུམ་གྱི་གནད་ཐམས་ཅད་རྒྱ་ཆེར་གཏིང་ཟབ་ཀྱི་སྒོ་ནས་འཆད་ཉན་གྱི་རིམ་པ་རྒྱ་ཆེར་མཛད་པས་རླབས་རྒྱུན་ཞིག་ཀྱང་མ་ཡིན་ནམ་སྙམ་ལ། ཁོང་ཅག་གི་མཛད་པ་རླབས་པོ་ཆེར་བསྐྱངས་པའི་རྒྱུན་ལས་ཀྱང་བསྟན་བཅོས་བཀའ་འདུས་འདི་བྱུང་པ་མིན་ནམ་སྙམ་པས་དཔྱོད་ལྡན་རྣམས་ཀྱིས་དཔྱད་པར་འཚལ་ལོ།། གཞན་ཡར་པོད་དུ་གཙོ་བོ་སྔགས་དང་གཟུངས་ཀྱི་སྐོར་གྱི་སྡེབ་ཏུ་གསལ་ལ།   ནང་དུ་ཁོད་པའི་ལོ་ཙཱ་བ་དང་པཎྚི་ཏཱ་ཕལ་ཆེར་བསྟན་པ་ཕྱི་དར་སྐབས་ཀྱི་པཎ་གྲུབ་ཡིན་པར་སྣང་། དམིགས་བསལ་དུ་བནྡེ་ཡེ་ཤེས་སྡེ་སོགས་ཁ་ཤས་བསྟན་པ་སྔ་དར་གྱི་ཨེ་ཡིན་ན་བསམ་པ་བྱུང་། དེ་ནི་བནྡེ་ཡེ་ཤེས་ཞུ་བ་འདི་ཉིད་བེེ་རོ་ཙཱ་ན་ཡིན་མིན་ལ་དོགས་པ་ཆེན་པོར་ཡོད་པས་ཞུས་པ་ཡིན། མདོར་ན་འདིར་འདུས་པ་ཐམས་ཅད་བདག་ཟིན་ཐོ་ཙམ་དུ་བཀོད་ལ།  གཅིག་ཤེས་པར་འདོད་པའི་དོགས་སློང་ཙམ་དུ་བྲིས་པ་ཡིན་པས་དཔྱོད་ལྡན་རྣམས་ཀྱིས་དེ་ལུགས་ཐུགས་འཇགས་མཛོད། 

འགྱུར་ཚན་དང་འགྱུར་གྱི་དཀར་ཆག་གཤམ་གསལ། 

འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་ཡང་དག་པར་བརྗོདན་པ།

ཞྭ་ལུ་ལོ་ཙཱ་བ་དྷ་མ་བྷ་དྲ།   རིན་བཟང་།   ཤོང་བློ་གྲོས་བརྟན་པ།

ཚེ་མདོ།

རྗེ་བཙུན་ཏཱ་ར་ནཱ་ཐས་བསྒྱུར།   ཊི་ཀ་མཛད་དགོངས་པ་དང་མཐུན་པ།

ཚེ་མདོ་སྙིང་པོ་བསྡུས་པ།

རྒྱ་གར།   པུཎྱསམྦྷ་བ།    ཞུ་ཆེན།  པ་ཚབ་ཉི་མ་གྲགས་པ།

འཕགས་མ་གསང་སྔགས་ཆེན་མོ་རྗེས་སུ་འཛིན་མའི་སྙིང་པོ།  སྣུབས་ལོ་ཙཱ་བས་བསྒྱུར།

འོད་ཟེར་ཅན་མའི་གཟུངས།

པཎྜིཏ་ཨ་མོ་གྷ་བཛྲ་དང་།  ལོ་ཙཱ་བ་དགེ་སློང་རིན་ཆེན་གྲགས་པ།

རྒྱལ་མཚན་རྩེ་མོའི་དཔུང་རྒྱན།

རྒྱ་གར་མཁན་པོ།  ཛི་ན་མི་ཊ་དང་།   དཱ་ན་ཤི་ལ།  ཞུ་ཆེན་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་གཏན་ལ་ཕབ།

སེང་གེ་སྒྲ་ཡི་གཟུངས།

རྒྱ་གར་མཁན་པོ་ངག་གི་དབང་ཕྱུག     གློག་སྐྱ་ཤེས་རབ་བརྩེགས་ཀྱིས་བསྒྱུར།

འཕགས་པ་ཀུན་ཏུ་བཟང་པོའི་གཟུངས།

རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་དཱ་ན་ཤཱི་ལ།   ཞུ་ཆེན་བན་དེ་ཡེ་ཤེས་སྡེས་བསྒྱུར་བའོ།།

འཕགས་པ་ལག་ན་རྡོ་རྗེ་བཅུ་སྙིང་པོ།     འཕགས་པ་སོསོར་འབྲང་བ་ཞེས་བྱ་བའི་གཟུངས།

རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་དཱ་ན་ཤཱི་ལ།   ཞུ་ཆེན་བན་དེ་ཡེ་ཤེས་སྡེས་བསྒྱུར་བའོ།།

འཕགས་པ་རྡོ་རྗེ་མི་ཕམ་པ་མེ་ལྟར་རན་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས།

རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་།  ཞུ་ཆེན་བན་དེ་ཡེ་ཤེས་སྡེས་བསྒྱུར་བའོ།།

འཕགས་པ་རིགས་སྔགས་རྒྱལ་པོ་དབུགས་ཆེན་པོའི་ཞེས་བྱ་བ།

རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་བ་རྨ་དང་།  ཞུ་ཆེན་ལོ་ཙཱ་བ་བན་དེ་ཡེ་ཤེས།

འཕགས་པ་གཞན་གྱིས་མི་ཐུབ་པ་མི་འཇིགས་པ་སྦྱིན་པ་ཞེས་བྱ་བ།

རྒྱ་གར་མཁན་པོ་པྲཛྙཱ་བརྨ་དང་།   ཞུ་ཆེན་བན་དེ་ཡེ་ཤེས་ཀྱིས་བསྒྱུར།

ལུས་ངག་ཡིད་གསུམ་བཅིང་པ་ལས་གྲོལ་བར་བྱེད་པའི་གཟུངས།

རྒྱ་གར་གྱི་མཁན་པོ་པཎྜི་ཏ་ག་ཡ་དྷ་ར།   བོད་ཀྱི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱིས་མང་ཡུལ་བྱམས་སྤྲིན་གཙུག་ལག་ཁང་དུ་བསྒྱུར་བའོ།།

འཕགས་པ་དབྱིག་དང་ལྡན་པ་ཞེས་བྱ་བའི་གཟུངས།

རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་དཱ་ན་ཤཱི་ལ།   ཞུ་ཆེན་བན་དེ་ཡེ་ཤེས་སྡེས་བསྒྱུར་བའོ།།

འཕགས་པ་གཙུག་གི་ནོར་བུ་ཞེས་བྱ་བའི་གཟུངས།

རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བདྷི་དང་།  ཞུ་ཆེན་བན་དེ་ཡེ་ཤེས།

རྡོ་རྗེ་འཇིགས་བྱེད་ཞལ་ནས་གསུངས་པའི་ཀུན་ཀྱི་ཐུན་མོང་མ་ཡིན་པའི་གཟུངས།

རྣལ་འབྱོར་ཆེན་མོ་དོན་ཡོད་རྡོ་རྗེས་བསྒྱུར།   བོད་ཀྱི་བན་དྷེ་སྐྱོ་འོད་འབྱུང་ལ་གནང་ངོ་།།

འཕགས་པ་འགྲོ་ལྡིང་བའི་རིགས་སྔགས་ཀྱི་རྒྱལ་པོ།

རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་དཱ་ན་ཤཱི་ལ།   ཞུ་ཆེན་བན་དེ་ཡེ་ཤེས་སྡེས་བསྒྱུར་བའོ།།

ཟངས་མཆུ་དམར་པོའི་གཟུངས།

རྒྱ་གར་གྱི་མཁན་པོ་ཛྙ་ན་དེ་བ།   བོད་ཀྱི་བན་དེ་ཆོས་འགྲུབ།  དང་ལོ་ཙཱ་བ་ཀ་བ་བྷ་བོས་བྱ་ཚལ་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

གཞང་འབྲུམ་རབ་ཏུ་ཞི་བར་བྱེད་པའི་གཟུངས།

རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་དཱ་ན་ཤཱི་ལ།   ཞུ་ཆེན་བན་དེ་ཡེ་ཤེས་སྡེས་བསྒྱུར་བའོ།།

འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་ཞེས་བྱ་བའི་གཟུངས།

རྒྱ་གར་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙ་ན་དང་།   བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་དཔལ་ནཱ་ལེན་དྲའི་སྒོ་འགྲམ་དུ་བསྒྱུར།

ཤེད་ཅན།   སེམས་ཅན།

ཤེད་བདག    ནི་བདག་རྒྱལ་པོ།  གང་ཟག

འབུམ་ཆུང་།   ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པ་བཅས་ནི་གཟུངས་བསྡུས་ཡར་པོད་ཀྱི་གཟུངས་ཚན་དང་། དེའི་ནང་དུ་གསལ་བའི་ལོ་ཙཱ་བ་དང་པཎྚི་ཏཱའི་མཚན་གསལ་བ་དག་བཀོད་པ་ལགས་སོ། །  གཞན་གཟུངས་བསྡུས་ཏེ་གསེར་གཙུག་དཔར་མ་རུ་རྒྱལ་བ་ཙོང་ཁ་པའི་ཆོས་ཚན་མང་པོ་ཞིག་འཁོད་འདུག་པས་དེ་དག་དམིགས་བསལ་མ་བཀོད། དེ་ནི་འགྱུར་རོ་ཅོག་གཙོ་བོར་བྱས་པ་དང་། སངས་རྒྱས་ཀྱི་བཀའ་དང་བཀའ་ཡིན་མིན་ལ་དོགས་པ་ཡོད་པ་དག་གཙོ་བོར་བྱས་པས་དེ་ལྟར་ལགས། ད་ཐེངས་བདག་གི་ཀློག་བྱ་ནི་གསེར་གཙུག་དཔར་མ་ཡིན་པས་དེའི་ཡར་པོད་དུ་ཆོས་ཚན་མི་འདྲ་བ་སུམ་རྒྱ་དང་བརྒྱད་ཙམ་བཞུགས་ལ། སྡེ་དགེ་དཔར་མའི་ཡར་པོད་དུ་ཆོས་ཚན་མི་འདྲ་བ་ལྔ་བརྒྱ་ཡར་མར་ཡོད་འདུག  དེ་བས་འདི་གཉིས་ཁྱད་པར་ཤིན་ཏུ་རྒྱུགས་ཡོད་པ་དང་། སྡེ་དགེ་དཔར་མའི་ནང་དུ་མདོ་དང་གཟུངས་ཚན་མང་པོ་བསྣན་ཡོད་པ་འདྲ་ལ། གཞན་ད་དུང་ཙོང་པ་དང་རྒྱལ་དབང་སྐུ་འཕྲེང་ཁག་གི་ཆོས་ཚན་མེད་པས་ལྷག་པར་དམིགས་བསལ་བ་ཆགས་ཡོད་པར་སྣང་། གཞན་གསེར་གཙུག་དཔར་མ་རུ་བཀའ་གདམས་པའི་ཆོས་ཚན་མང་དུ་བསྣན་འདུག་པས་འདི་དག་ཐམས་ཅད་བསམ་བློ་ནན་མོར་གཏོང་དགོས་པའི་ཚོད་དུ་འགྱུར་ཡོད་དོ།།

རྣམ་རྒྱལ་མའི་གཟུངས་གཉིས།   གདུགས་དཀར་མོའི་གཟུངས།    བཅོམ་ལྡན་འདས་གཟུངས་སྔགས།    སྣང་མཛད་སྙིང་པོའི་གཟུངས།   སོགས་མདོ་ཚན་དང་གཟུངས་དང་མདོ་ཚན་ཕལ་ཆེར་ལ་སྒྱུར་མཁན་མི་གསལ།

ཐ་སྙད་འགའ་ཁོལ་དུ་ཕྱུང་བ། 

སྲུལ་པོ།   ལུས་ཀྱི་ལྤགས་པ་རྩུབ་པོར་གྱུར་པའི་ནད།

ཕོལ་མིག   རྨ་རིགས་ཤིག་གི་མིང་།  གཙོ་བོ་ནང་སྙིང་ལ་འབྱུང་།

སྡོ།  སྲོག་ལ་མི་འཛེམས་པར་བརྩོན་པའམ་འདུར་བ།

བྱབ།    བྱིལ་བྱིལ་བྱས་པའི་དོན།

རྔོ།   པགས་ནད་ཅིག་སྟེ།   རྨ་འབྲུམ་གྱི་ནད་རིགས་ཤིག

འཚེར་ལངས།    རྟ་རིགས་ལ་བྱུང་བའི་ནད་དང་རྟགས་ངན་ཞིག་གི་དོན།

རྟིང་དཀར།     རྟ་སོགས་ཀྱི་ཕྱི་རྟིང་དཀར་པོ་ཆགས་པའི་དོན།


 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3579