རྡོ་རིང་གི་པར་མཁོ་སྤྲོད་བྱེད་མཁན། ཆོས་སྡེ་ཆེན་པོ་སྐུ་འབུམ་དགོན་པའི་ཨ་ཁུ་དཀོན་མཆོག་བསམ་གཏན།
རྡོ་རིང་ཡི་གེ་ཕབ་བཤུས་བྱེད་མཁན། ཕུར་སྲུང་སྐྱབས།
ཆིང་སྲིད་གཞུང་གི་གོང་མ་ཧྲུན་ཀྲིའི་དུས། (༡༦༤༤–༡༦༦༡ལོ)ཡན་ཧྲོའུ་ཕོ་བྲང་གི་མདུན་གྱི་ནུབ་ཕྱོགས་སུ་ཡོད།
清顺治年间(1644—1661) 位于延寿殿前西侧。
༄༅༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག ། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། ། བདེ་བ་ཐམས་ཅད་འབྱུང་བའི་གནས། ། བསྟན་པ་རྙེད་དང་བཀུར་བསྟི་དང་། ། བཅས་སྟེ་ཡུན་རིང་གནས་གྱུར་ཅིག ། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་ཆོས་གཉིས་སུ་དུ། ། ལེགས་པར་བཤད་དང་དེ་ཡི་གོང་འདྲི་བ། ། དེ་ཡི་དབང་གི་ཤཱཀྱའི་བསྟན་པ་ཡི། ། འཇིག་རྟེན་ཁམས་ཀྱི་ཡུན་རིང་གནས་པ་གྱུར། ། རྒྱལ་པོས་བཞེངས་པའི་གཙུག་ལག་ཁང་ཏའི་ལུང་གཤེན་ཧུ་གྭོའི་བསིའི། རྒྱལ་ཁམས་སྐྱོབས་པའི་དགེ་བ་དར་རྒྱས་གླིང་གི་གཙུག་ལག་ཁང་རྣམ་ཐར་རྡོ་རིང་འདི་ལ་བཀོད་པ་ནི། གཙུག་ལག་ཁང་ནང་གི་བསྟན་རྣམས་ཀྱི་གཙོ་བོ་ནི་དུས་གསུམ་སངས་རྒྱས། སྐུའི་རྒྱབ་དུ་ཇོ་བོ་རྒྱལ་བ་འཕགས་པ་བླ་མའི་སྐུ་དང་མཆོད་རྟེན་གཅིག ། གཡས་སུ་རྗེས་རིན་པོ་ཆེ། གཡོན་དུ་ཐམས་ཅད་མཁྱེན་པས། ཡང་གཡས་སུ་ནག་པོ་བསྐོར་གསུམ་གཡོན་དུ་རྗེས་དཔལ་ལྡན་བཀྲ་ཤིས་རང་དང་མཉམ་པའི་སྐུ་གཅིག་བཞུགས། མདུན་གྱི་གཡས་སུ་མཆོད་རྟེན་གཅིག་དང་འབུམ་ཁང་གཅིག ། གཡོན་དུ་མཆོད་རྟེན་གཅིག་དང་འབུམ་ཁང་གཅིག་དང་བཅས་པ་ཡོད་པས། ཧྭན་ཆའུ་ནས་བཟུང་དེའི་བར་བསྟན་ལ་དད། ཡོལ་ཆའུ་དུས་ཆོང་གུའུ་གིས་ཤོན་སྟེ་མིང་བ་ཡིན། དྲི་ཅིང་ལོ་དང་པོ་ལ་བཞེངས་ནས། རྒྱུད་རིམ་པར་ཞིག་གསོས་ནས། ལོ་མང་པོ་རིང་བར་སོང་། རིང་པའི་ཞིག་དྲལ་ཡོད་པས། མིང་ཆའུ་ཟྭོན་དེ་རྒྱལ་པོ་ས་མོ་བྱ་ལོ་ལ་ཞིག་གསོས་གསར་ཡོད། ཆོང་ཧྭ་ལོ་བརྒྱད་པའི་ཟླ་བ་གསུམ་པའི་ཚེས་ལ་ཞིག་གསོར་གསར་ནས། ལོ་མང་པོ་རིང་པར་སོང་། རིང་པའི་ཞིག་དྲལ་ཡོད་པས། འཇམ་དབྱངས་རྣམ་སྤྲུལ་ཏའི་མཁྱིང་ཤུན་ཅིག་རྒྱལ་པོས་ལོ་དགུ་པའི་ཟླ་བ་བདུན་པའི་ཚེས་ལ། ལྷག་བསམ་རྣམ་པར་དག་པའི་སྒོ་ནས། སྡེ་འདིའི་ཡར་འཕེལ་གྱི་མིང་ལ་ཏའི་ལུང་གཤེན་ཧུ་གྭོའི་བསིའི། བོད་སྐད་དུ། དགེ་བ་དར་རྒྱས་གླིང་རྒྱལ་ཁམས་སྐྱོབས་པའི་སྡེ་ཆེན་གཙུག་ལག་ཁང་ཞིག་གསོས་གསར་ཡོད། བསྟན་པ་དར་ཞིང་རྒྱལ་རྒྱུད་འཕེལ་བ་དང་། གསེར་དངུལ་ལ་སོགས་རྔན་པའི་བཟོ་རིག་བསྡུས། གཙུག་ལག་ཁང་དུ་བཞེངས་ནས་ངོ་མཚར་ཆེའོ། ། གསེར་མདངས་ཉི་ཟེར་ཕོག་པའི་འོད་རབའི་ཚེར། ། རྒྱལ་སྲིད་བརྟན་ཞིང་རྒྱལ་རྒྱུད་འཕེལ་ཞིང་རྒྱས། ། མཚོ་བཞིའི་སྐྱེ་འགྲོ་མ་ལུས་རྣམས་ཀྱི་དོན། ། རྒྱལ་སྲིད་ལ་ནི་མི་མངོན་ཕན་ཡོན་བསྒྲུབ། ། སྤོས་སོགས་མཆོད་མཐུས་ལོ་མང་རྒྱུན་མི་ནུབ། ། དེ་ནས་ཤཱཀྱའི་དགེ་སློང་ནོར་བུ་དར་རྒྱལ་སྤྱི་སངས་རྒྱས་ཀྱིས་བསྟན་པ་དང་། ། ཁྱད་པར་རྒྱལ་བ་ཙོང་ཁ་པའི་བསྟན་པ་ལ་ལྷག་བསམ་རྣམ་པར་དགེ་པའི་སྒོ་ནས། གཙུག་ལག་ཁང་གི་ཕྱི་ཞིག་གསོས་བྱས་ལྕགས་ར་ལ་སོགས་པ། ནང་གི་ཞིག་གསོས་བསྙེན་ཆོས་རྫས་ལ་སོགས་པ་དང་། ཅི་རྣམས་འཛིན་པར་བྱེད་པའི་དགེ་འདུན་གི་སྡེ་དང་བཅས་པ་རྣམས་གཙོ་པ་ཡིན། སངས་རྒྱས་ཀྱིས་བསྟན་པ་དགེ་འདུན་གྱི་སྡེ་ལ་རག་ལས། དགེ་འདུན་གྱི་སྡེ་རྣམས་འདུལ་བའི་སྡེ་སྣོད་ལ་རག་ལས། ། སྭ་སྟི། ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡུག་བསྔལ་སློང་། ། འཇིག་ཚོགས་ལྟ་བ་གདོན་གྱི་རྩ་བ་འཇོམས། ། དཔལ་འབྱོར་ས་དང་མེ་ཏོག་མདའ་ཅན་འཇོམས། ། སངས་རྒྱས་ལ་ནི་མགོས་གཏུགས་བཤད་པར་བྱའོ། དེ་ལ་འདིར། ཆོས་སྡེ་ཆེན་པོ་བསྟན་པ་དར་རྒྱས་གླིང་གི་གྲྭ་ཚང་དུ་བཞུགས་པའི་དགེ་འདུན་རྣམས། ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་དུ་འགྱུར་བའི་ཕྱིར། རྒྱལ་བསྟན་གྱི་སྙིང་བོ་དམ་པའི་ཆོས་འདུལ་བའི་སྡེ་སྣོད་དང་མཐུན་པའི་ཁྲིམས་སུ་བཅའ་བ་མདོར་བསྡུས་ཏེ་བརྗོད་པར་བྱའོ། དེ་ཡང་གྲྭ་ཚང་འདིར་འཇུག་ཕྱིན་ཆད། བར་མ་རབ་བྱུང་ཡན་གྱི་སྡོམ་ལྡན། ཤམ་ཐབས་འདིང་ལྷུང་ཆུ་ཚགས་སོགས་རབ་ཏུ་བྱུང་བའི་རྟགས་ཆ་ལུགས། ཚུལ་ལྡན་འགྲིགས་པ་དགོས་ཤིང་། མ་འགྲིག་བར་གྲར་མི་གཞུག ། ཞུགས་པ་ནས་བརྩིས་སྐབས་གསུམ་པ། ས་ལམ་སོགས་གསོལ་འདེབས་ཀྱི་རིགས་སྨོན་ལམ་རྣམ་ལྔ། རང་གཞན་གྱི་བར་གཅོད་སེལ་ཕྱིར། མདོ་སྒྲོལ་གདུགས་དཀར་སོགས་ཆོས་བརྗོད་ཀྱི་རིགས། འཇིགས་བྱེད་དང་བདེ་མཆོག་གི་ཆོ་ག ། མགོན་པོ་དཀར་ནག ། ཆོས་རྒྱལ། དཔལ་ལྡན་ལྷ་མོ། དཔལ་མགོན་རྣམ་སྲས། ཆོས་སྐྱོང་ལྕམ་སྲིང་རྣམས་ཀྱི་བསྐང་གསོ་སོགས་ཆོ་ག་འདོན་པ་གང་དགོས་དུ་ཁོང་ཆུད་པར་བྱེད། འདུ་ཚོག་གི་སྐབས࿒དུང་དང་གཎྚི་སོགས་ཀྱི་བརྡ་འབྱུང་འཕྲལ་ལེགས་པར་འདུ། ཧ་ཅང་རྗེས་ལ་ལུས་ན། ཕྱག་ཅི་རིག་འགེལ། འཚོགས་ཟིན་ནས་མ་གྲོལ་བར། གྲལ་ཚུགས་བཟུང་ནས་ཁ་དོན་བསྒོམས་ཏེ་བྱ། ལོང་གཏམ་དང་། སྙེས་འགྱེལ་གྱིས་འདུག་པ། རྣམ་གཡེང་གིས་བལྟ་པ་སོགས་མི་མཛེས་པ་བྱེད་མི་བྱུང་ཚེ། དགེ་སྐོས་ཀྱིས་བསྡིགས་པར་བྱ་ཞིང་མི་ཉན་ན་ཚོགས་གསོགས་ཉེས་ཆད་སྐབས་དང་སྦྱར། ཚོགས་གྲོལ་ནས་རང་རང་གི་འདུག་གནས་དུ་མ་སླེབ་པར། དམིགས་བརྩེ་མ་སོགས་ཆོས་བརྗོད་ཀྱིས་འབར་བར་བྱ། འདུ་འཚོགས་མེད་པའི་སྐབས་སུ་ཡང་། སོ་སོའི་བྲང་ཁང་དུ་འཛིན་སྐྱོར་ཁ་ཏོན་གང་སྨྲར་མ་གཏོགས། བཞི་ཡན་ཆད་འདུས་ཏེ། བྲེ་མོའི་གཏམ་དང་། གླུ་གར་དང། ཆོ་ལོ་སོགས་རྒྱན་པོ་འགྱེད་པ་དང་། སྦེ་ག་དང་། མདའ་རྡོ་འཕེན་པ་སོགས་ཀྱིས་རྩེ་འཇོར་དང་། དམག་ལ་བལྟ་བ། ཁྲིམས་གྲོགས་མེད་པར་གྲོང་ཁྱིམས་དུ་ཞག་ཏུ་འདུག་པ་སོགས་མི་བྱ། མདོར་ན་བསླབ་པར་བྱ་བའི་གནས་སྤྱི་དང་། བྱེ་བྲག་འདུལ་བའི་སྡེ་སྣོད་དང་བསླབ་བྱ་རྣམས་ལས་ཇི་ལྟར་འབྱུང་བ་བཞིན། ངོ་ལྐོག་མེད་པར་བག་ཡོད་དྲན་ཤེས་དང་ལྡན་པས་སྤྱི་བོས་ནོད་པར་བྱ་ཞིང་། ལུས་ཅན་གྱི་ཕན་བདེ་དང་རྒྱལ་བའི་བསྟན་འདུལ་བ་ལ་རག་ལུས་པ་ཡིན་པས། རྩ་བ་བཞི་སྲོག་བསྡོས་བྱས་ནས་བསུང་། ཆང་དང་ཕྱི་དྲོའི་ཁ་ཟས་སོགས་ལ་ཡང་དུག་ལྟར་འཛེམ། གལ་ཏེ་ཉེས་པས་གོས་པ། དགེ་འདུན་དང་། དཀོན་མཆོག་གི་དྲུང་དུ་བཤགས་བསྡཾས་ནན་ཏན་བྱ་དགེ་སློང་གྲངས་ཚངས་ན། གཞི་གསུམ་གྱི་ཕྱག་ལེན་འཆག་མེད་བྱ་ཞིང་། དེའི་ཚེ་མ་དུས་ན་བརྒྱ་ཕྱག་འགེལ། རྒྱུན་གྱི་འདུ་འཚོགས་ལ་ཡང་། གནང་བ་ཞུས་ན་མ་གཏོགས་མ་འོངས་ན་ཉེས་ཆད་འགེལ། རྩ་ལྟུང་ཕོག་ན་དེ་མ་ཐག་གནས་བྱུང་བྱ། གཞན་ཡང་བསྟན་པའི་མིག་རྐྱེན་ལ་གནོད་པ་བྱེད་ན། ཆོས་བཞིན་དུ་བཟོད་པ་མི་གསོལ་གྱི་བར། གནས་ནས་བསྐྲད། མཐོ་ཁོངས་སུ། ནང་མཆོད་སྐྱོབས་ཆེད། བུར་ཆང་མ་གཏོགས། ཆང་གི་རིགས་གཏན་ནས་མི་འགྲེམ། གནང་བ་མ་ཞུས་པར་བུད་མེད་དྲག་ཞན་སུ་ཡིན་གནས་ཁོངས་སུ་མི་གཏོང་། ཞག་ཏུ་ཡེ་ནས་སྡོད་དུ་མི་འཇུག ། ཚོགས་ཀྱི་ཆོས་བརྗོད་གང་དགོས་འཛིན་སྐྱོར་གྲུབ་རྗེས། ཇི་སྐད་དུ། ཚུལ་གནས་ཐོས་དང་བསམ་ལྡན་པས། ། བསྒོམ་པ་ལ་ནི་རབ་ཏུ་སྦྱོར། ། ཞེས་གསུངས་པ་ལྟར། རྗེ་བཙུན་བླ་མ་ཙོང་ཁ་པ་ཡབ་སྲས་ཀྱི་མདོ་སྔགས་ཀྱི་གསུང་རབ་རྣམས་ལ། བློའི་ནུས་པ་ཅི་ཡོད་ཀྱིས་ཐོས་བསམ་བསྒོམ་པ་ཡང་དག་པར་བསྒྲུབས་ཏེ། རང་གཞན་གྱི་རྒྱུད་ལ་སྒྲུབ་པའི་བསྟན་པ་ཡུན་རིང་དུ་གནས་ཤིང་དར་རྒྱས་འབྱུང་བའི་སྦྱོར་བ་ལ་བརྩོན་པ་ལྷུར་མཛད་པར་ཞུ། འདི་ལྟར་འདུ་བྱ་བའི་རྒྱབ་རྟེན་མགོན་རྐྱེན་དུ། བླ་མ་ལྷ་བསྲུང་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་བཞུགས་སུ་གསོལ་བ་ཡིན། གཙུག་ལག་ཁང་རྣམས་ཀློག་པ་དང་། ། ཁ་ཏོན་གྱིས་རྒྱས་ལེགས་གནས་ཤོག ། རྟག་ཏུ་དགེ་འདུན་འཐུན་པ་དང་། ། དགེ་འདུན་དོན་ཡང་གྲུབ་པར་ཤོག ། འཁོར་ལོ་གསུམ་དང་ལྡན་པ་འདུས་པའི་ཚོགས། ། ཕན་ཚུན་མཐུན་ཞིང་བདེ་བར་ཆོས་སྤྱོད་པས། ། ས་སྟེང་མ་ལུས་ཡོངས་སུ་གང་གྱུར་ཏེ། ། དགེ་ལྡན་བསྟན་པ་ཕྱོགས་བཅུར་སྤེལ་བར་ཤོག ། ཅེས་རྣམ་པར་འགྱུར་ཞེས་བོད་པ་ལྕགས་སྟག་ཟླ་བ་དྲུག་པའི་ཉེར་ལྔ་ལ། ལུང་དང་རྟོག་པའི་དམ་པའི་ཆོས་མ་ལུས་པའི་འབྱུང་གནས། བསྟན་པའི་ཉི་མ་གསལ་བར་ཤར་བའི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ནས། བྲིས་པ་ཕྱོགས་དུས་ཐམས་ཅད་དུ་དགེ་བར་གྱུར་ཅིག།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3566
དཔྱད་མཆན་སྤེལ།