མཁས་པའི་དབང་པོ་ཁོང་གི་ཡོངས་གྲགས་ཀྱི་མཚན་ལདཔལ་ཁང་ལོ་ཙཱ་ངག་དབང་ཆོས་ཀྱི་རྒྱ་མཚོ་དང་། མཚན་གྱི་རྣམ་གྲངས་ལ། ཀརྨ་ཕྲིན་ལས་གཉིས་པ། དཔལ་ཁང་ཆོས་མཛད། ངག་གི་དབང་ཕྱུག་མང་ཐོས་ཆོས་ཀྱི་རྒྱ་མཚོ་དབྱངས་ཅན་སྙེམས་པའི་སྡེ། ཀརྨ་ཕྲིན་ལས་གཉིས་པ་འཇིགས་བྲལ་གསུང་རབ་གཏེར་མཛོད་སྦས་པའི་སྡེ་བཅས་ཞུ།

དེའང་དཔལ་ཁང་ལོ་ཙཱ་བའམ། ཀརྨ་ཕྲིན་ལས་གཉིས་པ་ཞེས་གྲགས་པའི་མཁས་པ་ཆེན་པོ་ཁོང་གི་མཛད་ཕྲིན་ཇི་ལྟར་བསྐྱངས་པའི་རྣམ་ཐར་སྒེར་ཐུབ་དང་། འབྲེལ་ཡོད་ཀྱི་ཡིག་ཚངས་ཁག་ལས་ཞིབ་ཕྲ་འཁོད་པ་མཇལ་བར་མ་གྱུར་ལ། འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས།  《སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་བརྒྱུད་པ་རིན་པོ་ཆེའི་རྣམ་པར་ཐར་པ་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས། “དཔལ་ཁང་ལོ་ཙཱ་ནི། རྗེ་ཉིད་ཀྱིས་ཀརྨ་ཕྲིན་ལས་གཉིས་པར་གནང་བ་མ་གཏོགས་མཚན་དངོས་ངག་དབང་ཆོས་ཀྱི་རྒྱལ་པོ་ཡིན། སི་ཏུ་ཆོས་ཀྱི་གོ་ཆ་དང་། རྒྱལ་ཚབ་གྲགས་པ་དོན་གྲུབ་སོགས་ཀྱི་ཡོངས་འཛིན་མཛད་ཅིང་། བཟོ་རིག་སྒྲ་སྙན་ངག་སྡེབ་སྦྱོར་བོད་བརྡ་སོགས་ཀྱི་སློབ་མ་དང་སློབ་བརྒྱུད་ཆེས་མང་། (ཞྭ་དམར་བཞི་པས་རྗེ་ཨ་བོ་ཆོས་རྗེའི་སྐྱེ་བ་ཕྱི་མར་ལུང་བསྟན་པའི་ཟུར་མཁར་བློ་གྲོས་རྒྱལ་པོ་ལ་མདོ་སྔགས་ཀྱི་བཤད་བཀའ་དུ་མ་གནང་བ་དང་ལྷག་ཏུ་རྗེ་བརྒྱད་པས་དུས་འཁོར་སྨིན་ཁྲིད་བཏབ། གསོ་རིག་ལ་དཔྱིས་ཕྱིན་པར་སྦྱོངས་ཤིག་གསུངས་ནས་མིང་ལེགས་བཤད་འཚོལ་དུ་གནང་། དེས་ཀྱང་གསོ་རིག་ལ་མཁས་པར་མཛད། རྒྱུད་བཞི་ལ་ཞུས་ཆེན་དང་པར་དུ་བཀོད་ནས་འགྲེལ་པ་མེས་ཞལ་དང་སྨན་འབྱུང་སོགས་གསོ་རིག་གི་བསྟན་བཅོས་དུ་མ་མཛད་དོ། །)ཕྲིན་ལས་གཉིས་པ་འདི་རྗེ་བརྒྱད་པའི་དགོངས་པ་ལྟ་བ་ཐལ་འགྱུར་མཛད། ཀརྨ་ཤིང་རྟ་དང་། རྡོ་རྗེ་ཉི་སྣང་སོགས་བསྟན་བཅོས་དུ་མ་མཛད། ཐུབ་ཆེན་དང་མཆིམས་ཕུའི་བླ་མ་མཛད། །”ཅེས་སྨོས་ཤིང་། འདིར་སྡེ་དགེ་དཔལ་སྤུངས་དགོན་གྱི་སྤར་མ་ལས་ཡིག་ཕྲེང་ཁ་ཤས་ལས་མེད་ཅིང་། འགོ་ནས་མཁས་དབང་དཔལ་ཁང་པའི་རྣམ་ཐར་བྲིས་ཤིང་། ཕྲེང་གསུམ་མ་ཟིན་ཙམ་ནས་ཟུར་མཁར་བློ་གྲོས་རྒྱལ་པོའི་མཛད་རྣམ་ཉུར་ངུར་བྲིས་འདུག་ལ། ཡང་མཇུག་ཏུ་དཔལ་ཁང་པའི་མཛད་ཕྲིན་སྐོར་ཕྲེང་གཅིག་ལྷག་གིས་རྫོགས་ཤིང་། འདིར་དཔལ་ཁང་པ་དང་ཟུར་མཁར་བའི་མཛད་ཕྲིན་མདོར་བསྡུས་མཉམ་བསྲེས་བྲི་མཁན་ནི་འབེ་ལོ་ཁོང་ཡིན་ནམ། ཡང་ན་འབེ་ལོའི་ཤོག་ཛར་དུ་ཟིན་བྲིས་གནང་བ་ཡི་གེ་གཉིས་པ་འགོད་མཁན་དང་། ཤིང་སྤར་བརྐོ་སྐབས་སྤར་གཞི་བྲི་མཁན་གང་རུང་ཞིག་གིས་འཁྲུགས་པ་ཡིན་སྲིད། འབེ་ལོའི་བྲིས་ནོར་དེ་འདྲ་ཤོར་སྲིད་རྒྱུ་མ་རེད་སྙམ། སླད་ནས་ལག་བྲིས་ཅན་གྱི་དཔེ་གཞན་རྙེད་ན་དཔྱད་བསྡུར་བྱ་བའི་གནས་སོ། །

མཁས་དབང་དཔལ་ཁང་མཆོག་སྐུའི་འཁྲུངས་ཡུལ་ངོས་བཟུང་བ།

མཁས་དབང་དཔལ་ཁང་ཞབས་ཀྱི་རྣམ་ཐར་ཉུང་ངུ་《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས་འབྱུང་བ་དེ་ཉིད་དང་། གཞན་ཡང་མཁས་དབང་མཆོག་གི་གསུང་རྩོམ་དང་འབྲེལ་ཡོད་ཀྱི་ཡིག་ཚངས་ལས་ཐོར་བུ་འཁོད་པ་གཞི་བཅོལ་ནས། མཁས་དབང་དཔལ་ཁང་ལོ་ཙཱའི་རྣམ་ཐར་རགས་པ་སྐུ་ཚེའི་འགྲོས་དང་བསྟུན་ནས་བྲི་བར་བྱ། དེའང་《བོད་རྒྱ་ཚིག་མཛོད་》སོགས་ལས་འཁོད་པ་ལྟར་ན། མཁས་དབང་དམ་པ་ཁོང་ནི་བོད་ཡུལ་དབུས་གཙང་གཉིས་ལས། གཙང་གི་བཞད་ཤར་ཕྱོགས་དཔལ་ཁང་ཞེས་པའི་ཁྱིམ་ཚང་དུ་སྐུ་འཁྲུངས། རྒྱལ་དབང་ལྔ་པའི་རང་རྣམ《དུ་ཀཱུ་ལའི་གོས་བཟང་》སོགས་ལས་དཔལ་སྒང་ཞེས་པའང་འཁོད། མཁས་དབང་ཁོང་གི་འཁྲུངས་གཞིས་ནི། དེང་གི་སྲིད་འཛིན་ས་ཁོངས་བོད་རང་སྐྱོང་ལྗོངས། གཞིས་ཀ་རྩེ་གྲོང་ཁྱེར། བཞད་མཐོང་སྨོན་རྫོང་གི་མངའ་ཁོངས་ཡིན་ནམ་སྙམ། འཁྲུངས་ལོ་གང་ཡིན་གསལ་པོར་མ་རྙེད། འོན་ཀྱང་འབྲེལ་ཡོད་ཀྱི་ལོ་རྒྱུས་ཡིག་ཚང་དང་། མཁས་དབང་ཉིད་ཀྱི་གསུང་རྩོམ་རྣམས་ཀྱི་བརྩམས་ལོ་སོགས་ལ་གཞིག་ན། སྤྱི་ལོའི་དུས་རབས་བཅོ་ལྔ་པའི་མཇུག་གམ་བཅུ་དྲུག་པ་ཟིན་ཙམ་དུ་ཡིན་ནམ་སེམས་སོ། །

དཔལ་ཁང་ལོ་ཙཱས་ཆོས་དང་རིག་གཞུང་ལ་སློབ་གཉེར་ཇི་ལྟར་མཛད་པའི་ཚུལ།

མཁས་པའི་དབང་པོ་དཔལ་ཁང་ལོ་ཙཱ་མཆོག་གིས་ཐོག་མར་སློབ་གཉེར་གང་དུ་གནང་བ་དང་དགེ་བའི་བཤེས་གཉེན་སུའི་དྲུང་བསྙེན་པ་ཁོང་དང་འབྲེལ་བའི་ཡིག་ཚང་རྣམས་ལས་མི་གསལ་ལ། ཚིག་མཛོད་སོགས་གསར་བྲིས་ཁོང་གི་ལོ་རྒྱུས་མདོར་བསྡུས་ལས། ཞྭ་ལུ་ལོ་ཙཱ་ཆོས་སྐྱོང་བཟང་པོ་དང་། སྐྱོགས་ལོ་ངག་དབང་རིན་ཆེན་བཀྲ་ཤིས་སོགས་དགེ་བའི་བཤེས་གཉེན་དུ་མའི་ཞབས་དྲུང་དུ་གཏུགས་ནས་རིག་གནས་ཞར་བྱུང་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་མཛད་པར་འཁོད་ཀྱང་། ཡིག་ཚང་གི་ཁོངས་གང་ལ་གཏུགས་པ་མི་གསལ། འོན་ཀྱང་ཞ་ལུ་ལོ་ཙཱའི་ཞབས་དྲུང་ནས་ཆོས་རིག་གང་མང་གསན་པར་མངོན། སྐྱོགས་སྟོན་ལོ་ཙཱའི་གསུང་། 《རྗེ་བཙུན་ཞ་ལུ་ལོ་ཙཱ་བའི་རྣམ་པར་ཐར་པ་བརྗེད་བྱང་ནོར་བུའི་འཁྲི་ཤིང་》ལས། ཞ་ལུ་ལོ་ཆེན་གྱི་གསུང་ལས་སྐྱེས་པའི་གྲགས་ཆེན་གྱི་སློབ་མ་ཁ་ཅིག་གི་མཚན་སྨོས་པའི་གྲས་སུ། “ཆོས་རྗེ་ཀརྨ་ཕྲིན་ལས་པ།” ཞེས་གྲགས་ཆེན་གྱི་སློབ་མའི་གྲངས་སུ་བགྲང་བ་ནི། ཞ་ལུ་ལོ་ཙཱའི་རྣམ་ཐར་གྱི་གཞུང་དུ། “འབྲོང་དཀར་རྫོང་དུ་མཁས་པའི་དབང་པོ་ཆེན་པོ་མཚུངས་མེད་ཀརྨ་ཕྲིན་ལས་པའི་ཞལ་སྔ་ནས། དགེ་འདུན་བརྒྱ་ཕྲག་དུ་མ་དང་བཅས་ཏེ་ཆོས་བར་ལ་ཕེབས་དུས་རྗེ་ཉིད་སྤྱན་དྲངས། དུས་ཀྱི་འཁོར་ལོའི་རྒྱུད་སོགས་ཆོས་དུ་མ་གསུངས།” ཞེས་མཚུངས་མེད་ཀརྨ་ཕྲིན་ལས་པའི་ཞལ་སྔ་ནས་ཞེས་ཆེ་བརྗོད་དང་བཅས་འཁོད་པ་དེ་ནི། ཀརྨ་ཕྲིན་ལས་པ་ཕྱོགས་ལས་རྣམ་རྒྱལ་ཡིན་པར་སེམས། སྐབས་དེར་རབ་བྱུང་དགུ་པའི་ཆུ་ཕག་སྤྱི་ལོ(༡༥༠༣)ལོར་ཁེལ་བའོ། །འོ་ན་མཁས་དབང་དཔལ་ཁང་ཞབས་ཀྱིས་ཞ་ལུ་ལོ་ཆེན་ལ་བསྟེན་པའི་ཡིག་ཚང་རྙིང་པའི་རྒྱབ་ལྗོངས་མེད་དམ་སྙམ་ན། མཁས་དབང་དཔལ་ཁང་ལོ་ཙཱས་ཐ་སྙད་རིག་གནས་སྐོར་གསན་པའི་འབྲེལ་ཡོད་ཀྱི་ཡིག་ཚང་གི་ཁུངས་ནི། 《བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་འཁྲི་ཤིང་》ལས། “ལོ་ཆེན་ཆོས་སྐྱོང་བཟང་པོའི་བཀའ་དྲིན་ལས་ས་ལོ་འཇམ་དཔལ་རྡོ་རྗེ། དབོན་པད་དཀར་ཆོས་སྐྱོང་། སྐྱོགས་སྟོན་སྨོན་གྲུབ་ལོ་ཙཱ་བ། དཔལ་ཁང་ལོ་ཙཱ་བ་དབྱངས་ཅན་སྙེམས་པའི་སྡེ་སོགས་སྐད་གཉིས་སྨྲ་བའི་ལོ་ཆེན་མང་དུ་བྱོན་ཞིང་།” ཞེས་འཁོད་པས་ཞ་ལུ་ལོ་ཆེན་གྱི་དྲུང་ནས་སྒྲ་ཀ་ཙན་སོགས་ཐ་སྙད་རིག་གནས་སྐོར་གསན་པ་གསལ་ཞིང་། གཞན་ཡང་ཞ་ལུ་ལོ་ཙཱའི་དྲུང་ནས་བཀའ་ཆོས་ཅི་རིགས་གསན་པར་མངོན་ཏེ། མཁས་དབང་དཔལ་ཁང་པ་ཉིད་ཀྱི་གསུང་། 《ཚེ་དཔག་མེད་ལྷ་དགུའི་སྒྲུབ་ཐབས་དང་དབང་གི་ཆོ་ག་འཆི་མེད་བདུད་རྩིའི་འདོད་འཇོ》འི་བླ་བརྒྱུད་ལས། “ཡང་ན་ངོར་ཆེན་ནས་རོང་པ་ཡོན་ཏན་དཔལ། སློབ་དཔོན་བླ་མ་རྒྱལ་མཚན། སྤྱན་སྔ་ཆོས་ཀྱི་གྲགས་པ། དེ་ལས་ལོ་ཆེན་ཆོས་སྐྱོང་བཟང་པོ། མཁན་རིན་པོ་ཆེ་ཆོས་འགྲུབ་སེང་གེ །འབུམ་རབ་འབྱམས་པ་རིན་ཆེན་ཆོས་དབང་། དེ་གསུམ་གས་ཀརྨ་ཕྲིན་ལས་གཉིས་པ་ལའོ། །”ཞེས་པར་གཞིག་ན་ལོ་ཆེན་ཆོས་སྐྱོང་བཟང་པོའི་དྲུང་ནས་བྱ་རྒྱུད་ཚེ་དཔག་ལྷ་དགུའི་དབང་བཀའ་གསན་པས་མཚོན་སྔགས་ལུགས་ཀྱི་རྒྱུད་འགྲེལ་དང་དབང་ལུང་མན་ངག་དང་། སྒྲ་དང་བརྡ་སྤྲོད་སྐོར་སོགས་གཞུང་ལུགས་དུ་མའི་ཉམས་ཁྲིད་གསན་པར་ཞོར་དུ་རྟོགས་ཐུབ་བོ། །

སྐྱོགས་ལོ་ངག་དབང་རིན་ཆེན་བཀྲ་ཤིས་དྲུང་ནས་གསན་བསམ་མཛད་ཚུལ།

དེའང་མཁས་དབང་དཔལ་ཁང་ལོ་ཙཱ་མཆོག་གིས། སྐྱོགས་ལོ་ངག་དབང་རིན་ཆེན་བཀྲ་ཤིས་ཀྱི་ཞབས་དྲུང་དུ་ཇི་ལྟར་བསྙེན་པར་ལོ་ཙཱ་བ་ཁོང་རྣམ་གཉིས་ཀྱི་རྣམ་ཐར་མཇལ་ལམ་དུ་མ་གྱུར་པས་དེར་བས་ཀྱང་། འབྲེལ་ཡོད་ཀྱི་ཡིག་ཚང་ལས་ཐ་ཐོར་འབྱུང་བས་འདིར་སྨོས་ན། དེའང་དཔལ་ཁང་ལོ་ཙཱ་བ་ཉིད་ཀྱི་གསུང་། 《མཁས་པའི་དབང་པོ་ཀརྨ་ཕྲིན་ལས་གཉིས་པའི་གསུང་ཤོག་གི་སྐོར་ལེགས་པར་བཤད་པ་རིན་པོ་ཆེའི་ཕྲེང་བ》ལས། སྐྱོགས་སྟོན་ཀརྨ་ལོ་ཙཱ་ལ་ཕུལ་བའི་ཆབ་ཤོག་ལས། “ལུང་དང་རིགས་པའི་ལུས་སྟོབས་རབ་རྒྱས་ཐུབ་བསྟན་ཁུར་ཆེན་འདེགས་པར་ནུས། །བསླབ་གསུམ་དག་པའི་མྱོས་བུམ་མཐོ་ལྡན་ལྷག་བསམ་ཁ་བ་དངུལ་གྱི་མདོག །སྒྲ་ཚད་རལ་གྲིའི་འཁོར་བསྐོར་མཁས་དབང་སྤོབས་པའི་སྣ་ཞགས་རིང་པོ་རྐྱོང་། །སྐད་གཉིས་གསུང་བ་འཇིག་རྟེན་མིག་གྱུར་མཁས་པ་ལག་ལྡན་དབང་པོའི་དྲུང་། །”ཞེས་སྐྱོགས་ལོ་ཆེན་པོའི་མཁྱེན་བརྩེ་ནུས་གསུམ་སོགས་ཐུགས་རྒྱུད་ཀྱི་ཡོན་ཏན་སྤྱི་དང་། བྱེ་བྲག་སྒྲ་རིག་པ་སྨྲ་བ་ལ་འགྲན་ཟླ་དང་བྲལ་བའི་སྒོ་ནས་ཆེ་བརྗོད་བསྟོད་བསྔགས་མཛད་ཅིང་། ཡང་ཆབ་ཤོག་དེར། “དེང་དུས་ས་གསུམ་མཁས་པའི་ཐིག་ལེ་ཁྱོད། །ཆབས་འབངས་ཕན་བདེས་སྐྱོང་མཛད་སའི་དབང་མོ། །སྲས་བཅས་དགྱེས་དགུར་སྤྱོད་པའི་གཞལ་མེད་ཁང་། །ནོར་བུའི་བ་གམ་བརྩེགས་པའི་ཕོ་བྲང་ནས། །མི་མཐུན་ཉེར་འཚེས་མི་བསྐྱོད་བདེ་བའི་ངང་། །ལེགས་སྙན་གསུང་གིས་ལེགས་བཤད་འཆད་བཞིན་དུ། །མཁས་པའི་ཚོགས་ནང་མཁས་པའི་མཛད་པ་ལ། །ཉིན་མཚན་གཡེལ་མེད་ཉིན་བཞིན་སྤྱོད་ཅེས་ཐོས། །ལྷག་པར་དགེ་ལེགས་གདེངས་ཅན་གྱིས་སྤྲུལ་ས་གསུམ་འདོད་འཇོའི་རིན་ཆེན་གཅིག་པུ་ཕུན་ཚོགས་སྟོང་གི་གཟི་འབར་བ། །འཁོར་ལོ་བསྒྱུར་རྒྱལ་རིགས་ཀྱི་མྱུ་གུ་ལྷ་སྲས་གཞོན་ནུ་གཙུག་ལག་ཀུན་ལ་མཁྱེན་སྤྱན་མཁའ་ལྟར་ཡངས་པ་དེ། །ཁྱེད་ཀྱི་བློ་གྲོས་སྐྱེད་ཚལ་ལས་འཁྲུངས་ལེགས་བཤད་པདྨ་དཀར་པོའི་འཕྲེང་བ་དབྱངས་ཅན་གཏམ་གྱི་དྲི་བསུང་ཅན། །སྔོན་མེད་དཔྱིད་ཀྱི་དགའ་སྟོན་རྨད་བྱུང་ཆོས་ཀྱི་སྐྱེས་བཟང་སྦྲང་རྩིའི་རོ་ལ་ཀུན་ཏུ་དགྱེས་པར་སྤྱོད་ཅེས་ཐོས། །དཔལ་ལྡན་སྐྱོགས་སྟོན་སྐད་གཉིས་གསུང་བའི་མཁྱེན་རབ་རིན་ཆེན་བང་མཛོད་ཆེ་ལས་གང་ལ་ཅི་དགའི་ལེགས་བཤད་ཀྱི། །དགའ་སྟོན་འབྱུང་བ་ཟླ་རྒྱས་ལས་ནི་བདུད་རྩི་འཛག་དང་རྫོགས་ལྡན་སྤྲིན་ལས་འདོད་དགུའི་ཆར་བཞིན་ངོ་མཚར་ཅི། །དེ་བས་རྣམ་དཔྱོད་དྲི་མ་མེད་པས་ཡིད་བཞིན་ནོར་བུའི་མཚན་ཉིད་ཤེས་ནས་དད་པའི་རྒྱལ་མཚན་རྩེར་འདེགས་པའི། །ལྷ་སྲས་དེད་དཔོན་མཁས་པ་དེ་ཡི་རྣམ་ཐར་འབའ་ཞིག་ས་གསུམ་ངོ་མཚར་ཀུན་གྱི་སྙིང་པོར་བདག་གིས་མཐོང་། །”ཞེས་འཁོད་པར་གཞིག་ན། སྐྱོགས་སྟོན་ཀརྨ་ལོ་ཙཱ་མཆོག་སྐབས་དེར་སྡེ་པ་ཡར་གཙང་གང་རུང་གི་གཞིས་ཀའི་སྐུ་སྲས་ལ་སྙན་ངག་སོགས་ཐ་སྙད་རིག་གནས་སྐོར་གྱི་འཆད་ཁྲིད་གནང་བཞིན་བཞུགས་པར་སེམས། ཡང་ཆབ་ཤོག་དེར། “བདག་ཀྱང་མཁས་པ་ཁྱོད་ཀྱི་ཞབས། །བསྟེན་ན་ལེགས་བཤད་བདུད་རྩི་ཡི། །ཐིགས་པ་ཅུང་ཟད་འཛིན་སྙམ་པའི། །རེ་བའི་ཤིང་རྟ་ལ་ཞོན་ནས། །ལེགས་བཤད་གྲིབ་བསིལ་ཆེར་འབབ་པའི། །ཁྱོད་དྲུང་མཁས་པའི་བསྟི་གནས་དེར། །གུས་པར་དོང་ཞིང་འདུག་པ་ལ། །འདུན་གྲོས་གཅིག་ཏུ་དྲིལ་ལེགས་ཀྱང་། །དུས་ཀྱི་འཕྱུར་བའི་ཟི་ལོང་ལས། །འགལ་རྐྱེན་གཡེང་བའི་རླུང་ཤུགས་ཀྱིས། །སྐད་ཅིག་རྣལ་དུ་མི་གནས་པར། །སེམས་ཀྱི་མར་མེ་མངོན་པར་གཡོ། །”ཞེས་སོགས་འཁོད་པས། སྐྱོགས་སྟོན་ལོ་ཙཱས་རིག་གཞུང་བཀའ་ཁྲིད་གནང་བའི་གནས་དེར་མཁས་དབང་དཔལ་ཁང་པ་ཁོང་འབྱོན་པའི་ཐུགས་འདུན་ཆེན་པོ་བཅངས་ཀྱང་། ཁོང་བཞུགས་པའི་ཕྱོགས་དེར་བདེ་གཟར་གྱི་ཟིང་འཁྲུག་ལངས་རྐྱེན་ཞབས་དྲུང་དུ་བཅར་མི་ཐུབ་ཚུལ་གསལ་བ་དང་། ཡང་ཆབ་ཤོག་དེར། “བཞིན་རས་མེ་ཏོག་ལང་ཚོའི་གེ་སར་རྒས་པའི་བ་མོས་བཅོམ་པས་སྙིགས་གྱུར་མཛེས་མའི་ཟུར་མིག་བུང་བ་འཁོར་ཞིང་རོལ་བའི་རྩེ་དགའ་བཏང་བྱས་ལ། །མི་སྡུག་ལུས་ལ་མིག་སྨན་ཞུ་བའི་ཁུ་བ་བྱུགས་འདྲ་གཉེར་མའི་ཞགས་པ་སྟོང་ཕྲག་དང་ནི་སྐྲ་དཀར་རྣོན་པོའི་ལྕགས་ཀྱུས་སྤྱི་ནས་བཏབ་བཞིན་དུ། །སྡོམ་བརྩོན་སོ་ལྡན་མྱོས་ལོང་འདི་ནི་འཆི་བདག་འཇིགས་ཆེན་གདོང་ལྔ་ཁྲོས་པའི་སྦར་ཁྱིམ་ཆུད་ལས་ཡིད་ནི་བློང་བློང་དགའ་བ་ཐམས་ཅད་བཅོམ་གྱུར་ཀྱང་། །སྙན་ངག་ཤླཽ་ཀ་ཡི་ནགས་ཚལ་རབ་ཏུ་རྒྱས་པའི་དྲི་ལ་སྣོམ་ཞིང་བརྡ་སྤྲོད་ལེགས་བཤད་ཆང་གི་རོ་ལ་ད་དུང་མངོན་འདོད་སྲེད་པ་འཕེལ། །དེ་སྐད་ཁྱོད་ཀྱི་ཡོན་ཏན་དྲན་པས་མིག་ཟུམ་ཞིང་། །དགའ་བའི་མགྲིན་དུ་གུས་པའི་ལག་པད་སྦྱར་བྱས་ཏེ། །ལྷ་དང་དྲང་སྲོང་གྲུབ་པས་བརྟེན་པའི་རི་སུལ་ནས། །དབྱངས་ཅན་སྙེམས་སྡེས་བཟང་པོའི་ཚེས་ལ་དགེ་བར་ཞུས།།       །།”ཞེས་འཁོད་པས། མཁས་དབང་དཔལ་ཁང་ཉིད་དགུང་ལོ་མཐོན་པོར་ཕེབས་ཀྱང་། སྐྱོགས་ལོ་ཆེན་པོའི་དྲུང་ནས་བརྡ་སྤྲོད་རིག་པའི་ལེགས་བཤད་གསན་འདོད་ཀྱི་འདུན་པ་ཤུགས་ཆེར་ཡོད་པ་མ་ཟད། སྐྱོགས་སྟོན་ལོ་ཙཱའི་ཡོན་ཏན་དྲན་པས་ཆབ་ཤོག་འདི་ཕུལ་བ་དང་། དེའི་དུས་དཔལ་ལོ་མཆོག་བསམ་ཡས་མཆིམས་ཕུར་བཞུགས་ཡོད་པར་སེམས། གནས་སྐབས་དེ་ཙམ་ལས་སྐྱོགས་ལོའི་དྲུང་ནས་ཆོས་རིག་གསན་པའི་ཁུངས་གཞན་མ་རྙེད།

རྗེ་བཙུན་ཀརྨ་ཕྲིན་པའི་ཞབས་ལ་བསྙེན་ཚུལ།

དེའང་རྗེ་བཙུན《ཀརྨ་ཕྲིན་ལས་པའི་རྣམ་ཐར་ངོ་མཚར་ཡིད་ཀྱི་ཤིང་རྟ》 ལས། ཁོང་གི་རྩ་སློབ་ཀྱི་གྲངས་འདྲེན་སྐབས། “དཔལ་སྒང་ཆོས་མཛད།” ཅེས་སློབ་གྲལ་དུ་སྨོས་པ་ཙམ་ལས་མ་འཁོད། འོན་ཀྱང་མཁས་དབང་དཔལ་ཁང་པས་ཡོངས་འཛིན་དམ་པ་ཀརྨ་ཕྲིན་ལས་པའི་ཞབས་དྲུང་དུ་ཕུལ་བའི་ཞུ་ཡིག་ལས། “ཀུན་མཁྱེན་རྒྱལ་བ་ཀུན་གྱི་ཡབ་གྱུར་ཀྱང་། །རྒྱལ་སྲས་ཚུལ་འཛིན་རྒྱལ་དབང་ཀརྨ་པའི། །ཕྲིན་ལས་པར་གྲགས་ཕྲིན་ལས་རྒྱས་མཛད་པ། །ཡོངས་ཀྱི་བཤེས་གཉེན་ཡོངས་འཛིན་དམ་པའི་དྲུང་། །ཞབས་རྡུལ་པདྨ་རཱ་གའི་ཅོད་པན་གྱིས། །དད་པའི་གཙུག་ཏོར་རྟག་ཏུ་མཛེས་པ་ལས། །མི་ཕྲོག་མོས་པའི་གདུང་བས་སྙིང་མྱོས་པའི། །སློབ་འབངས་དེ་ཡིས་བླ་རྡོ་མཆིད་འདི་ཞུ། །”ཞེས་སྨོས་པས། མཁས་དབང་ཁོང་གིས་རྗེ་བཙུན་ཕྲིན་པའི་ཞབས་དྲུང་དུ་བསྙེན་ཞིང་ཟབ་ཆོས་ཅི་རིགས་གསན་བཞེས་གནང་བ་གསལ་བས། མཁས་དབང་དཔལ་ཁང་ལོ་ཙཱས་དང་ཐོག་སྨྱུག་ལ་ལེགས་བཤད་གླིང་གི་ཆོས་གྲྭར་ཞུགས་ནས། རྗེ་བཙུན་ཀརྨ་ཕྲིན་ལས་པའི་ཞབས་ལ་གཏུགས་ནས་དབུ་ཕལ་འདུལ་མངོན་སོགས་མདོ་རྒྱུད་གཞུང་ཆེན་རྣམས་གསན་བསམ་གནང་ཞིང་། གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་པ་ཆེན་པོར་གྱུར། འདིར་དམིགས་བསལ་བསམ་དགོས་པ་ནི། “ཡོངས་ཀྱི་བཤེས་གཉེན་ཡོངས་འཛིན་དམ་པའི་དྲུང་། །”ཞེས་པའི་ཚིག་རིས་ལ་དཔྱད་ན་གཞུང་ལུགས་མཐའ་དག་རྗེ་བཙུན་ཕྲིན་ལས་ཞབས་དྲུང་ནས་གསན་བསམ་གནང་བ་གོར་མ་ཆག་སྙམ། གཞན་ཡང་རྒྱུད་འགྲེལ་དུ་མ་དང་། རྒྱུད་སྡེ་གོང་མ་རྣམས་ཀྱི་དབང་དང་མན་ངག་ཉམས་ཁྲིད་དང་བཅས་པ་ཅི་རིགས་ནོད་པར་སེམས། ཡང་མཁས་དབང་དཔལ་ཁང་པ་ཉིད་ཀྱི་གསུང་། 《དཔལ་ཀརྨ་པའི་ཆོས་སྐྱོང་གཙོ་འཁོར་བདུན་གྱི་རྗེས་གནང་ཇི་ལྟར་བྱ་ཚུལ་གྱི་ཟིན་བྲིས་བདུད་འཇོམས་རྡོ་རྗེའི་མེ་ཆར》ལས། “ཡང་ན་བྱང་སེམས་དཔལ་འབྱོར་དོན་གྲུབ་ལ་ཆོས་གྲགས་རྒྱ་མཚོ་དང་སྤྱན་སྔ་ཆོས་ཀྱི་གྲགས་པས་གསན་ལ། དེ་གཉིས་ཀ་ནས་རིན་པོ་ཆེ་ཀརྨ་ཕྲིན་ལས་པ་དེས་ཀརྨ་ཕྲིན་ལས་གཉིས་པ་ལ་གནང་བའོ། །”ཞེས་གསལ་བས། རྗེ་བཙུན་ཕྲིན་ལས་པའི་ཞབས་དྲུང་ནས་མ་མགོན་འཁོར་ལྔ་དང་བཅས་པའི་རྗེས་གནང་། ཚེ་དཔག་མེད་ལྷ་དགུ། གྲུབ་རྒྱལ་ཚེ་དབང་ཐོབ་ཚུལ་དེ་གཉིས་ཀྱི་བླ་བརྒྱུད་ལས་འཁོད་པས། རྗེ་བཙུན་ཕྲིན་ལས་པའི་དྲུང་ནས་དབང་རྒྱུད་གདམས་པ་ཅི་རིགས་མནོས་པར་ཤེས་ཐུབ་བོ། །

དཔལ་རྒྱལ་དབང་ཀརྨ་པ་ཀུན་མཁྱེན་ཆེན་པོ་མི་བསྐྱོད་རྡོ་རྗེའི་ཞབས་པད་ཇི་ལྟར་བསྙེན་ཚུལ།

མཁས་དབང་དཔལ་ཁང་ལོ་ཙཱ་ཉིད་ཀྱི་གསུང་། 《རྡོ་རྗེ་འཆང་ཀརྨ་པའི་དགོངས་པ་གསལ་བར་བྱེད་པའི་བསྟན་བཅོས་ཐར་པའི་ལམ་ཆེན་བགྲོད་པའི་ཤིང་རྟ》འི་མཆོད་བརྗོད་ལས།  ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག་རྒྱ་མཚོའི་སྙིང་པོ་རྗེ་བཙུན་ཀརྨ་པའི་ཞབས་ལ་གུས་པར་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།  །དགྱེས་ཤིང་བརྩེ་བ་ཆེན་པོའི་ཐུགས་ཀྱིས་དུས་ཐམས་ཅད་དུ་རྗེས་སུ་གཟུང་ནས་བྱིན་གྱིས་བརླབ་ཏུ་གསོལ། ཆོས་དབྱིངས་རབ་འབྱམས་ཕྱོགས་བཅུའི་ཞིང་གི་སྟོབས་བཅུ་མངའ་བ་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་མཐུ་ཕྲིན་ལས་སོགས།  །མ་ལུས་གཅིག་བསྡུས་ལྔ་བརྒྱའི་ཐ་མར་སྟོན་པ་མཚུངས་མེད་སྐྱབས་གནས་དམ་པ་ཀུན་ལས་ལྷག་པའི་ཐུགས་རྗེ་ཅན།  །འཇིག་རྟེན་དབང་ཕྱུག་ཀརྨ་པ་ཞེས་སྙན་གྲགས་ལྷ་ཡི་རྔ་གསང་ཆེར་སྒྲོག་ས་གསུམ་འགྲོ་བའི་བླ་མ་མཆོག  །བཅོམ་ལྡན་མི་བསྐྱོད་མཆོག་གི་ཁྱབ་བདག་སྐུ་བཞི་ཡོངས་རྫོགས་རྡོ་རྗེ་འཆང་དབང་བདེ་གཤེགས་ཀུན་གྱི་ཡབ་གྱུར་དང་།  །ཞེས་འཁོད་པར་གཞིག་ན། མཁས་དབང་དཔལ་ཁང་ཞབས་ཀྱིས་ཡོངས་འཛིན་བརྒྱད་ཅུ་རྩ་ལྔ་ཙམ་གྱི་ཞབས་ལ་གཏུགས་པར་སྨོས་ཀྱང་། དེ་དག་ལས་གཙོ་བོ་ནི་རྒྱལ་དབང་ཀརྨ་པ་ཀུན་མཁྱེན་ཆེན་པོ་མི་བསྐྱོད་རྡོ་རྗེ་མཆོག་ནི་རིགས་ཀྱི་བདག་པོ་གཙུག་གི་ནོར་བུ་རྩ་བའི་བླ་མ་ཉག་ཅིག་ཡིན་པར། 《བསྟན་བཅོས་ཆེན་པོ་ཀརྨ་ཤིང་རྟ》འི་མཆོད་བརྗོད་འདི་དང་མཁས་དབང་ཉིད་ཀྱི་གསུང་རྩོམ་རྣམས་ལས་ཤེས་ཐུབ། མཁས་དབང་དཔལ་ཁང་ཞབས་ཀྱིས་དཔལ་རྒྱལ་བའི་དབང་པོའི་ཀརྨ་པ་མི་བསྐྱོད་རྡོ་རྗེའི་ཞབས་དྲུང་ནས། ཐབས་གྲོལ་གྱི་གདམས་པས་ཐོག་དྲངས་བཀའ་བརྒྱུད་རིན་པོ་ཆེའི་ཟབ་ཆོས་ཡོངས་རྫོགས་གསན་ཞིང་། སློབ་ཚོགས་རྒྱུ་སྐར་གྱི་ཁྲོད་ནས་ཐོ་རེངས་ཀྱི་སྐར་ཆེན་ལྟ་བུ་ཐུགས་སྲས་ཀྱི་ཐུ་བོར་གྱུར།

དེ་ལ་ཐོག་མར་རྒྱལ་དབང་ཀུན་མཁྱེན་པོའི་ཞབས་དྲུང་དུ་ལོ་དུས་གང་དུ་བསྙེན་པར་ལོ་རྒྱུས་ཡིག་ཚང་ལ་གཞིག་སྟེ་སྨོས་ན། ཆུ་ལུག་སྤྱི་ལོ(༡༥༢༣)ལོའི་ཟླ་བ་གཉིས་པའི་ནང་རྒྱལ་དབང་ཀུན་མཁྱེན་ཆེན་པོ་མཆོག་དགུང་ལོ་བཅུ་བདུན་པར་མདོ་ཁམས་ནས་ཀོང་པོ་རྩེ་ལྷ་སྒང་དུ་གདན་ཕེབས་ཐོག །ངོ་ཁྲོ་རབ་འབྱམས་པ་མཁྱེན་རབ་རྣམ་རྒྱལ་སོགས་དབུས་ནས་ཀཾ་ཚང་གི་ཆོས་གྲྭ་རྣམས་ནས་བླ་མ་དགེ་བཤེས་མང་པོ་ཞལ་མཇལ་བར་བྱོན་པར་སྨོས་ཀྱང་། མཁས་དབང་དཔལ་ཁང་ཞབས་བྱོན་པར་འབྲེལ་ཡོད་ཀྱི་ཡིག་ཚང་ལས་མི་གསལ། མེ་ཕག་སྤྱི་ལོ(༡༥༢༧)ལོར་མགོ་ཟླའི་ཚེས་བརྒྱད་ཉིན་རྒྱལ་དབང་ཀུན་མཁྱེན་མཆོག་དགུང་ལོ་ཉེར་གཅིག་པར་རྣམ་ཐོས་ཀྱི་རི་བོར། ཚོགས་དགེ་འདུན་སྒང་པའི་མཁན་པོ་དཔལ་ཆོས་གྲུབ་སེང་གེའི་དྲུང་ནས་བསྙེན་པར་རྫོགས་སྐབས་མཁས་དབང་དཔལ་ཁང་ཞབས་ཡོད་དམ་སྙམ། འབྲི་ཁུང་སྤྱན་སྔ་རིན་ཆེན་ཕུན་ཚོགས་ལ་ཕུལ་བའི་ཆབ་ཤོག་དང་། ཚེ་དཔག་མེད་ལྷ་དགུའི་བླ་མ་བརྒྱུད་པ་སོགས་མཁས་དབང་ཉིད་ཀྱི་གསུང་རྩོམ་ལས། མཁན་ཆེན་ཆོས་གྲུབ་སེངྒེའི་དྲུང་དུ་དགེ་ཚུལ་སློང་གི་སྡོམ་པ་དང་། རྣམ་སྲས་མདུང་དམར་ཅན་གྱི་བཀའ་དབང་ནོད་ཚུལ་འཁོད་པར་གཞིག་ན། དེའི་སྐབས་རྗེ་བཙུན་ཀརྨ་ཕྲིན་པའི་ཞབས་གྲལ་དུ་བྱོན་པ་ཡིན་ནམ་སྙམ་ཞིང་ཚོད་དཔག་སྟེ་ཞིབ་ཕྲ་འོག་ནས་འབྱུང་།

ཆུ་འབྲུག་སྤྱི་ལོ(༡༥༣༢)ལོར་ཀརྨའི་སྒར་ཆེན་དུ་ཀརྨ་གཞུང་ལུགས་གླིང་གི་བཤད་གྲྭ་བཙུགས་སྐབས་སྨྱུག་ལ་ལེགས་བཤད་གླིང་ནས་དགེ་བཤེས་བཅུ་གདན་འདྲེན་གནང་བར《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས་འཁོད་པས་དེའི་གྲལ་དུ་ཕེབས་ཡོད་ན་སྲིད། རེད་དེ་ཁོང་རྣམས་ཀྱི་མཚན་སྨོས་མེད་པས་སེམས་ཐག་ཆོད་པོའི་བཤད་མི་ཐུབ། ཡང་ན་མཁས་དབང་མཆོག་གི་བླ་མ་གལ་ཆེ་ཤོས་གཅིག་ནི་དཔའ་བོ་གཙུག་ལག་ཕྲེང་བ་ཡིན་པར་འཁོད་པས། ཆུ་སྦྲུལ་སྤྱི་ལོ(༡༥༣༣)ལོར་དཔའ་བོ་གཙུག་ལག་ཕྲེང་བ་མཆོག་སྒར་ཆེན་གྱི་བཤད་གྲྭའི་འཆད་ཉན་གྱི་སློབ་དཔོན་གནང་སྐབས་མཁས་དབང་དཔལ་ཁང་ཞབས་ཀྱང་། བཤད་གྲྭ་དེའི་ཁོངས་སུ་བཞུགས་ཡོད་དམ་སྙམ། རེད་དེ་དཔའ་བོ་གཙུག་ལག་ཕྲེང་བ་དང་ཞལ་མཇལ་གནང་བ་ཡིག་ཚང་དུ་འཁོད་པ་ནི། མེ་སྤྲེལ་སྤྱི་ལོ(༡༥༣༦)ལོ་ཡིན་པར་མཁས་དབང་ཉིད་ཀྱིས་དཔའ་བོར་ཕུལ་བའི་ཆབ་ཤོག་ལས་གསལ་བས་འོག་ནས་འཆད་པར་བྱ། རྒྱལ་དབང་ཀརྨ་པའི་ཞབས་དྲུང་དུ་དུས་ཚོད་ནམ་ཙམ་བསྙེན་པར་ཡིག་ཚང་དུ་དངོས་སུ་འཁོད་པ་ནི།

ཤིང་ལུག་སྤྱི་ལོ(༡༥༣༥)ལོར་མཁས་དབང་མཆོག་དབུས་ཕྱོགས་ཀྱི་ས་ཆ་དབེན་པའི་གནས་སུ་ཐུགས་དམ་ཉམས་བཞེས་གནང་བཞིན་བཞུགས་སྐབས་རྒྱལ་དབང་ཀརྨ་པའི་ཞབས་དྲུང་དུ་བཅར་འདོད་ཀྱི་སྙན་སྒྲོན་ཕུལ་བར་མཛད་དེ། དེའང་《རྒྱལ་བ་ཀརྨ་པ་ལ་ཕུལ་བའི་ཞུ་ཡིག》ལས། “དེ་སྐད་ཉི་འོག་དབུས་ཀྱི་རི་སུལ་ནས། །དད་པའི་མཆི་མ་སྙིང་ནས་འབྱིན་བཞིན་དུ། །དཔྲལ་བ་ས་ལ་བཏུད་པའི་ཕྱག་རྒྱ་དང་། །ལྷན་ཅིག་དང་བའི་ངག་གིས་གསོལ་བ་ལགས། །ཞེས་སྙིང་ཐག་པ་ནས་གསོལ་བའི་ཞུ་མཆིད་ཞབས་དྲུང་དུ་སྨིན་པའི་རྟེན་བརྡ་མཚོན་དུ། དད་པ་འགྱུར་མེད་མཚོན་པའི་སུ་ཝརྞ་ཞོ་གང་། ལྷག་བསམ་རབ་དཀར་མཚོན་པའི་ཁ་བཏགས་སྣ་ཚང་། ཐུབ་བསྟན་འཕེལ་རྒྱས་མཚོན་པའི་ན་བཟའ་ངུར་སྨྲིག་གི་བླ་གོས་ཞིག་རྣམས་ལ་ཕྱག་རྒྱས་བཏབ་སྟེ་འབུལ་ཞིང་མཆིས། མྱོས་བྱེད་ཀྱི་ལོ་ཐ་སྐར་ཟླ་བའི་དཀར་ཚེས་གསུམ་ལ་ཕུལ་བའི་ཞུ་ཡིག །”ཅེས་འཁོད་པས། མྱོས་བྱེད་ནི་ལོ་རྒན་དྲུག་ཅུའི་ནང་གསེས་ཤིང་མོ་ལུག་ལོ་དང་། སྤྱི་ལོ(༡༥༣༥)ལོར་ཁེལ་ཞིང་། ལོ་དེར་རྒྱལ་དབང་མཆོག་སྒར་ཆེན་དང་བཅས་པ་ཀོང་པོ་རྩེ་ལྷ་སྒང་དུ་བཞུགས་སྐབས་ཡིན། ལོ་དེའི་ཟླ་བ་དགུ་པའི་ཡར་ཚེས་གསུམ་ཉིན་ཞུ་ཡིག་འདི་ཕུལ་བར་གསལ་བས། དེས་ན་མཁས་དབང་དཔལ་ཁང་ཞབས་ཀྱིས་རྒྱལ་དབང་མི་བསྐྱོད་རྡོ་རྗེའི་ཞབས་དྲུང་དུ་བསྙེན་ཞིང་། བཀའ་ཆོས་གསན་བཞེས་གནང་བ་ནི་ལོ་འདིའི་གོང་ནས་ཡིན་པར་ཤེས་ཐུབ།

མེ་བྱ་སྤྱི་ལོ(༡༥༣༧)ལོའི་བོད་ཟླ་གཉིས་པའི་སྨད་ནས་མཁས་དབང་དཔལ་ཁང་ལོ་ཙཱ་མཆོག་ཀརྨའི་སྒར་ཆེན་དུ་རྒྱལ་དབང་ཀརྨ་པའི་ཞབས་དྲུང་དུ་གདམས་པ་གསན་ཞིང་བཞུགས་པར་མངོན། དེའི་སྐབས་རྒྱལ་དབང་ཀུན་མཁྱེན་ཆེན་པོ་སྒར་ཆེན་དང་བཅས་པ་འབྲི་གུང་ཀླུང་ཤོད་དུ་ཕེབས་ཤིང་། དབྱར་གནས་མ་གྲོལ་བར་དུ་དེར་བཞུགས་ནས། སྟོན་ཀར་འཕན་པོ་སོགས་རིམ་པས་མཚུར་ཕུར་ཕེབས་པར《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས་རྒྱལ་དབང་ཀུན་མཁྱེན་ཆེན་པོའི་རྣམ་ཐར་ཐད་གསལ། ཀརྨ་ཕྲིན་ལས་གཉིས་པས《ཆོས་མཛད་བློ་གྲོས་རབ་གསལ་ཉི་མ་ལ་ཕུལ་བ》འི་ཆབ་ཤོག་ལས། “ཞུ་རིས་སྟོན་ཟླ་གསར་པའི་དཀྱིལ་འཁོར་གང་། །དྲི་མེད་བཻ་ཌཱུཪྻ་ཡི་འོད་འབྱིན་པའི། །ལྷ་རྫས་གོས་བཟང་རི་བོང་གཟུགས་བྲིས་ཏེ། །དགའ་དང་འདུན་པའི་རླུང་གིས་བསྐྱོད་དེ་སོང་། །ཞེས་གསེར་འཕྱང་གི་ལོ་ནག་པའི་ཉ་བའི་འཇལ་བྱེད་དམར་པོའི་ལང་ཚོ་གང་དུ་ཉེ་བ་ལ། འཇིག་རྟེན་མགོན་པོ་ཀརྨ་པའི་ཞབས་འབྲིང་ནས་དགེ་བར་ཞུས།།       །།”ཞེས་འཁོད་པས། གསེར་འཕྱང་ནི་ལོ་རྒན་དྲུག་ཅུའི་ནང་གསེས་ཀྱི་མེ་མོ་བྱ་ལོ་དང་། སྤྱི་ལོ(༡༥༣༧)ལོར་ཁེལ་ཞིང་། ལོ་དེའི་ཟླ་བ་གཉིས་པའི་ནང་མཁས་དབང་མཆོག་སྒར་ཆེན་དུ་བཞུགས་པ་གསལ་བས་སོ། །

མེ་བྱ་སྤྱི་ལོ(༡༥༣༧)ལོའི་བོད་ཟླ་བཅུ་གཅིག་ཚེས་གསུམ་ཉིན་སླར་ཡང་སྒར་ཆེན་ནས་ཞལ་གྱེས་ཤིང་དབེན་པའི་རི་ངོགས་ལ་བཞུགས་པར་མངོན་ལ། ཡང་མཁས་དབང་མཆོག་དེ་སྔོན་རྒྱལ་དབང་རིན་པོ་ཆེའི་དྲུང་ནས་ཟབ་ཆོས་ཐོབ་པའི་བཀའ་དྲིན་དང་ཞལ་མཇལ་འདོད་ཀྱིས་མྱུར་དུ་ཞབས་དྲུང་དུ་སྙེགས་ནས་གདམས་པ་གསན་པར་འདོད་ནས། མཁས་དབང་དཔལ་ཁང་ཞབས་ཀྱིས《ཞྭ་ནག་ཅོད་པན་འཛིན་པ་བརྒྱད་པའི་དྲུང་དུ་ཕུལ་བའི་ཞུ་ཡིག་གདུང་བའི་ཤུགས་རིངས》ལས། “དེ་སྐད་རྒྱལ་དབང་ཐམས་ཅད་གཟིགས་པ་དེའི། །བཀའ་དྲིན་ལྷག་པར་དྲན་པའི་ལག་སེན་གྱི། །རྣམ་དཔྱོད་བློ་ཡི་རྒྱུད་མང་ཆེར་བསྐུལ་ནས། །སྙན་ངག་གླུ་དབྱངས་ཅུང་ཟད་གསོལ་བ་ལགས། །ཞེས་དད་པའི་ཞུ་མཆིད་ལ་སྤྱན་རས་ཀྱི་གཟིགས་པ་འབབ་པའི་རྟེན་མཚོན་ཆེད་དུ་ས་ལེ་སྦྲམ་བཟང་པོ་ཞོ་གསུམ། འཇམ་ཕུག་ངུར་སྨྲིག་ན་བཟའ་དབྱིབས་རུང་དུ་བསྒྲུབ་པ་ཞིག །བཀྲ་ཤིས་པའི་རྟགས་ཅན་གྱི་ཁ་བཏགས་ཤིག་རྣམས་ལ་རྟགས་ཀྱི་ཚོམ་བུ་བཀོད་དེ་འབུལ། གསེར་འཕྱང་གི་ལོ་མགོ་ཅན་གྱི་དཀར་ཚེས་གསུམ་ལ་གྲུབ་པའི་རི་སུལ་ནས་ཕུལ་བའི་ཞུ་ཡིག །”ཅེས་འཁོད་པས། མཁས་དབང་མཆོག་མེ་བྱ་ལོའི་སྟོད་སྒར་དུ་བཞུགས་ཀྱང་། ལོ་དེའི་ཟླ་བ་བཅུ་གཅིག་པར་སྒར་ཆེན་དུ་བཞུགས་མེད་པ་གསལ་བས་སོ། །

རབ་བྱུང་དགུ་པའི་ས་ཁྱི་སྤྱི་ལོ(༡༥༣༨)ལོརསླར་ཡང་མཁས་དབང་དཔལ་ཁང་ལོ་ཙཱ་མཆོག་སྒར་ཆེན་དུ་ཞབས་སོར་འཁོད་ཅིང་། 《བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་བསྟན་བཅོས་ཚིག་ལེའུར་བྱས་པ་མཁས་པའི་ངག་གི་སྒྲོན་མ》བརྩམས་པར། བསྟན་བཅོས་དེའི་རྩོམ་བྱང་དུ། “སྡོམ་བརྩོན་མཁྱེན་བརྩེའི་མངའ་བདག་བྱང་པ་འཚོ་མཛད་ཀརྨ་འོད་ཟེར་བའི་གསུང་གིས་བསྐུལ་ཏེ། ཤཱཀྱའི་དགེ་སློང་ངག་དབང་ཆོས་ཀྱི་རྒྱ་མཚོ་དབྱངས་ཅན་སྙེམས་པའི་སྡེ་ཞེས་བྱ་བས། རྣམ་འཕྱང་གི་ལོ་ཐ་སྐར་ཟླ་བའི་གྲལ་ཚེས་བཅོ་ལྔ་ལ་སྤྱན་རས་གཟིགས་ཀརྨ་པའི་སྒར་ཆེན་དུ་གྲུབ་པར་བགྱིས་པའོ། །”ཞེས་འཁོད་པས། རྣམ་འཕྱང་ནི་ལོ་རྒན་དྲུག་ཅུའི་ནང་གསེས་ཀྱི་ས་ཕོ་ཁྱི་ལོ་དང་། སྤྱི་ལོ(༡༥༣༨)ལོ་ཁེལ་ཞིང་། ལོ་དེར་རྒྱལ་དབང་ཀུན་མཁྱེན་ཆེན་པོ་སྒར་ཆེན་དང་བཅས་པ་གནམ་གཞུང་ངམ། མཚུར་ཕུ་སྐུངས་ཀྱི་རི་ཁྲོད་དུ་བཞུགས་པའི་སྐབས་ཡིན་ནམ་སྙམ།

ཆུ་ཡོས་སྤྱི་ལོ(༡༥༤༣)ལོར་མཁས་དབང་དམ་པ་ཁོང་ཡར་ཆབ་གཙང་པོའི་འགྲམ་ངོགས་སུ་ཀརྨའི་སྒར་ཆེན་དུ་རྒྱལ་དབང་མི་བསྐྱོད་རྡོ་རྗེའི་ཞབས་དྲུང་དུ་དམ་པའི་ཆོས་ཀྱི་བདུད་རྩིའི་རོ་མྱོང་བཞིན་བཞུགས་པར་མངོན་ལ། 《ཤར་ངོས་ནང་སོ་ལྷ་དབང་བརྒྱ་བྱིན་ལ་ཕུལ་བ》འི་ཆབ་ཤོག་གོང་འོག་ལས། “དེང་དུས་རྒྱལ་མཆོག་བླ་མའི་ཞལ་ལུང་གིས། །བྱང་ཕྱོགས་དགེ་བའི་བསྟི་གནས་བགྲོད་ལས་སླར། །རྒྱལ་དབང་ཞབས་རྡུལ་བཀྲ་ཤིས་ཚོན་བརྒྱ་ཡིས། །མངོན་པར་བཀྲ་བའི་ས་དེར་ཆས་པ་ལས། །”ཞེས་དང་། “སྐད་ཅིག་མཛེས་པ་པཀྵུའི་ཀླུང་གི་འགྲམ། །འཇུག་ངོགས་ཤེལ་གྱི་འབབ་སྟེགས་རིམ་བགྲོད་པས། །སྒར་ཆེན་ཆོས་ཀྱི་ཕོ་བྲང་ཡངས་པའི་གཞིར། །མི་འཇིགས་སེང་གེའི་ཁྲི་ལ་བཅོམ་ལྡན་འདས། །མཚན་དཔེའི་ཕུང་པོ་ཉི་མ་ལྟར་འབར་བ། །མི་བསྐྱོད་རྒྱལ་བའི་ཞབས་ཀྱི་པདྨའི་དྲུང་། །གེགས་མེད་སོན་ཚེ་བརྩེ་བའི་སྤྱན་ཟུར་དག །”ཅེས་དང་། ཡང་ཆབ་ཤོག་འདིའི་མཇུག་ཏུ། “དེ་སྐད་སྙིང་གི་ཞུ་མཆིད་རྐང་དྲུག་པ། །ཞབས་ཀྱི་པདྨར་ཐོགས་མེད་རེག་པའི་སླད། །ཡུན་རིང་རྒྱལ་དབང་ཞབས་རྡུལ་དང་འགྲོགས་ནས། །བྱིན་རླབས་དྲི་བསུང་དངར་བའི་སྐྱེས་འདི་འབུལ། །ཞེས་མཛེས་བྱེད་ཀྱི་ལོ་གྲོ་བཞིན་ཅན་གྱི་དཀར་ཕྱོགས་ཀྱི་ཚེས་བཟང་པོ་ལ་འཇིག་རྟེན་དབང་ཕྱུག་ཀརྨ་པའི་ཞབས་འབྲིང་ནས་དགེ་བར་ཞུས།།       །།”ཞེས་འཁོད་པས། མཛེས་བྱེད་ནི་ལོ་རྒན་དྲུག་ཅུའི་ནང་གསེས་ཀྱི་ཆུ་མོ་ཡོས་ལོ་དང་།  སྤྱི་ལོ(༡༥༤༣)ལོར་ཁེལ་བའོ། །ཆབ་ཤོག་འདིར་སྨོས་པ་དང་། 《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》འི་ཀུན་མཁྱེན་ཆེན་པོའི་རྣམ་ཐར་དང་གུང་སྒྲིག་ན་སྐབས་དེར་སྒར་ཆེན་དྭགས་པོ་སྐུ་རབ་ཀྱི་ས་ཁོངས་སུ་བཞུགས་པར་གསལ་བས་སོ། །མཁས་དབང་མཆོག་ནི་བསྟན་པ་འཛིན་པའི་སྐྱེ་ཆེན་དམིགས་བསལ་བ་ཞིག་ཡིན་པར། རྒྱལ་དབང་ཀརྨ་པ་ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་བཤད་སྒྲུབ་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་རྩ་སློབ་རྣམས་ཀྱི་མཚན་བྱང་བགྲང་སྐབས། “དཔལ་ཁང་ཆོས་མཛད་ཀརྨ་ཕྲིན་ལས་སྦས་པ།” ཞེས《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས་འབེ་ལོ་ཚེས་དབང་ཀུན་ཁྱབ་ཀྱིས་གསུངས་པས། མཁས་དབང་དཔལ་ཁང་ཞབས་ནི། རྒྱལ་དབང་བརྒྱད་པའི་ཐུན་མོང་མ་ཡིན་པའི་ཞལ་སློབ་གཙོ་གྲལ་ཡིན་པར་ཤེས་ཐུབ་བོ། །

ཞྭ་དམར་དཀོན་མཆོག་ཡན་ལག་གི་དྲུང་དུ་བསྙེན་ཚུལ།

མཁས་དབང་དཔལ་ཁང་ཞབས་ཀྱིས་དཔལ་ཀརྨ་པ་མི་བསྐྱོད་རྡོ་རྗེ་དང་། ཞྭ་དམར་དཀོན་མཆོག་ཡན་ལག །དཔའ་བོ་གཙུག་ལག་ཕྲེང་བ་སྟེ་རྒྱལ་བ་ཡབ་སྲས་གསུམ་ནི་རྩ་བའི་བླ་མ་གཙོ་བོ་གསུམ་ཡིན་པར་བསྟན་བཅོས་ཆེན་པོ་ཀརྨ་ཤིང་རྟ་སོགས་མཁས་དབང་མཆོག་གི་གསུང་རྩོམ་ལས་ཡང་དང་ཡང་ནས་གསུངས་པས་ཤེས་ཐུབ་ལ། ཞྭ་དམར་དཀོན་མཆོག་ཡན་ལག་གི་ཞབས་དྲུང་དུ་བསྙེན་ཞིང་བཀའ་ཆོས་གསན་པའི་ཚུལ་ནི། དེའང་བསྟན་བཅོས་ཆེན་པོ་ཀརྨ་ཤིང་རྟའི་མཆོད་བརྗོད་ཀྱི་ཁོངས་སུ་རྒྱལ་དབང་མི་བསྐྱོད་རྡོ་རྗེའི་དབུས་བླ་མ་གལ་ཆེ་བ་རྣམས་སྨོས་ཡོད་པས། དེར་ཞྭ་དམར་དཀོན་མཆོག་འབངས་ལ། “གང་དེའི་ཆོས་ཀྱི་རྒྱལ་ཐབས་ཆེ་ལ་རྒྱལ་བ་རང་གིས་དབང་བསྐུར་ཏེ། །རིན་ཆེན་པདྨ་རཱ་གའི་ཅོད་པན་འོད་འབར་བཅིངས་པ་ལྔ་པའི་ཞབས། །དཀོན་མཆོག་རྒྱ་མཚོའི་མཁྱེན་བརྩེས་མངོན་མཐོ་ཡན་ལག་འབུམ་སྡེའི་ཆོས་སྒོ་འབྱེད། །འཇིགས་བྲལ་ཀུན་མཁྱེན་སྲས་ཀྱི་ཐུ་བོ་རྒྱལ་བ་རྒྱ་མཚོའི་གདུང་འཚོབ་པ།  །མཆོག་གི་སྤྲུལ་སྐུ་རྩོད་བྲལ་གྲགས་པའི་རྔ་ཆེན་སྲིད་གསུམ་ཁྱབ་པར་སྒྲོག  །”ཅེས་འཁོད་པ་དང་། ཞྭ་དམར་ལྔ་པ་མཆོག་རྩ་བའི་བླ་མར་འཛིན་ཚུལ་གཞན་ནི། མཁས་དབང་དཔལ་ཁང་ལོ་ཙཱའི་གསུང་རྩོམ《དཔལ་ཀརྨ་པའི་ཆོས་སྐྱོང་གཙོ་འཁོར་བདུན་གྱི་རྗེས་གནང་ཇི་ལྟར་བྱ་ཚུལ་གྱི་ཟིན་བྲིས་བདུད་འཇོམས་རྡོ་རྗེའི་མེ་ཆར》ལས། “ཡང་ན། རྗེ་མི་བསྐྱོད་རྡོ་རྗེ་ལ་རྒྱལ་ཚབ་དཀོན་མཆོག་འབངས་དང་། སྤྲུལ་སྐུ་གྲགས་པ་དཔལ་འབྱོར་དང་། རྒྱལ་སྲས་གཙུག་ལག་ཕྲེང་བ་དང་བཅས་པས་གསན། དེ་གསུམ་གས་ཀརྨ་ཕྲིན་ལས་གཉིས་པ་ལ་གནང་བའོ། །”ཞེས་འཁོད་པ་དང་། འདི་ལས་གཞན་པའི་ཟབ་ཆོས་ཅི་རིགས་གསན་པར་ཤུགས་ལས་རྟོགས་ཐུབ་བོ། །

དཔའ་བོ་གཙུག་ལག་ཕྲེང་བ་ཡོངས་འཛིན་དུ་བསྟེན་པའི་ཚུལ།

དེའང་ཀརྨ་ཤིང་རྟའི་མཆོད་བརྗོད་ལས། “ལུང་དང་རྟོགས་པའི་ཆོས་ཀྱི་གཏེར་མཛོད་ལེགས་བཤད་འདོད་དགུ་འབྱུང་བའི་གནས། །མཁས་དང་གྲུབ་པའི་དབང་པོ་ཟླ་མེད་རྒྱལ་སྲས་གཙུག་ལག་ཕྲེང་བ་ཡི། །གཞལ་མེད་བཀའ་དྲིན་སྙིང་ནས་རབ་དྲན་པའི། །མོས་གུས་ཤུགས་དྲག་མཁའ་ལ་མི་ཤོང་བས། །རབ་འབྱམས་ཞིང་བརྒྱའི་རྡུལ་སྙེད་ལུས་སྤྲུལ་བའི། །ཡན་ལག་མཆོག་གིས་བཏུད་དེ་ཕྱག་འཚལ་ཞིང་། །”ཞེས་དང་། ཡང་ཀརྨ་ཤིང་རྟའི་རྩོམ་བྱང་ལས། “མི་བསྐྱོད་རྒྱལ་བ་རྒྱ་མཚོའི་སྙིང་པོ་མཆོག །རྒྱལ་སྲས་གཙུག་ལག་ཕྲེང་བའི་ཞབས་འབྲིང་བཅས། །གཞལ་མེད་བཀའ་དྲིན་ཕུང་པོ་དྲན་པས་སླར། །མཐའ་ཡས་ཞིང་རྡུལ་མཉམ་པའི་ལུས་སྤྲུལ་ཏེ། །དད་པའི་ཆུ་བོ་འབྲུབ་པའི་རླབས་ཕྲེང་སྒྲ། །བསྟོད་དབྱངས་རྒྱ་མཚོར་བཅས་པས་ཕྱག་བགྱིད་དོ། །”ཞེས་འཁོད་པས་དཔའ་བོ་གཙུག་ལག་ཕྲེང་བ་ནི་མཁས་དབང་ཁོང་གི་བླ་མ་གཙོ་བོ་ཞིག་ཡིན་པར་མ་ཟད་དད་གུས་ཆེ་ཤོས་ཡིན་པར་ཤེས་ཐུབ་ལ།

ཆུ་སྦྲུལ་སྤྱི་ལོ(༡༥༣༣)ལོར་དཔའ་བོ་གཙུག་ལག་ཕྲེང་བ་མཆོག་སྒར་ཆེན་གྱི་བཤད་གྲྭའི་འཆད་ཉན་གྱི་སློབ་དཔོན་གནང་སྐབས་ཆོས་རྗེ་དཔལ་ཁང་པ་སྒར་ཆེན་དུ་སློབ་གཉེར་གནང་བཞིན་པའི་སྐབས་ཡིན་ནམ་སྙམ། རེད་དེ་མཁས་དབང་མཆོག་གིས《རྗེ་བཙུན་དཔའ་བོ་སྤྲུལ་སྐུའི་དྲུང་དུ་ཕུལ་བའི་ཞུ་ཡིག》ལས། “དེ་སླད་རྫོགས་པའི་སངས་རྒྱས་ཀརྨ་པ། །མི་བསྐྱོད་རྡོ་རྗེའི་ཞབས་དང་རྒྱལ་སྲས་ཁྱོད། །ཐ་དད་སྟོན་ཀྱང་རྣམ་དབྱེར་མ་མཆིས་པའི། །གསང་དེར་དངོས་པོ་ཀུན་གྱིས་ཕྱག་བགྱིའོ། །ཞེས་གསོལ་བའི་ཞུ་ཡིག་གཟིགས་རྟེན་དུ་འཇམ་ཕྲུག་པདྨ་རཱ་གའི་མདངས་འཆར་བ་ཞིག་འབུལ་མཆི། གདོང་ངན་གྱི་ལོ་དབོ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་གསུམ་པའི་ཚེས་ལ་ཕུལ་བའི་ཞུ་ཡིག །”ཅེས་འཁོད་པས། གདོང་ངན་ནི་ལོ་རྒན་དྲུག་ཅུའི་ནང་གསེས་ཀྱི་མེ་ཕོ་སྤྲེལ་ལོ་དང་། སྤྱི་ལོ(༡༥༣༦)ལོར་ཁེལ་ཞིང་། ལོ་དེར་མཁས་དབང་ཉིད་སྒར་ཆེན་དུ་བཞུགས་མེད་པར་དཔའ་བོ་གཙུག་ལག་ཕྲེང་བའི་མདུན་དུ་ཕུལ་བའི་ཆབ་ཤོག་འདིར་གསལ་ལ། ཡིན་ནའང་མཁས་དབང་དཔལ་ཁང་པ་གནས་སྐབས་ཙམ་ཀརྨའི་སྒར་ཆེན་གྱི་བཤད་གྲྭར་བཞུགས་མེད་པར་མངོན།

མེ་བྱ་སྤྱི་ལོ(༡༥༣༧)ལོའི་བོད་ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན་ཆོས་རྗེ་དཔལ་ཁང་པ་ཁོང་ཀརྨའི་སྒར་ཆེན་འཛམ་གླིང་རྒྱན་དུ་བཞུགས་པར་གོང་དུ་རྒྱལ་དབང་མཆོག་ལ་ཕུལ་བའི་ཞུ་ཡིག་ལས་གསལ་ལ། དཔའ་བོ་གཙུག་ལག་ཕྲེང་བ་མཛད་ཕྲིན་གཞན་གྱི་ཆེད་གནས་སྐབས་སྒར་ཆེན་ནས་ཞལ་གྱེས་ནས་བཞུགས་མེད་པར་མངོན། ཡང་《རྗེ་དཔའ་བོ་སྤྲུལ་སྐུའི་དྲུང་དུ་ཕུལ་བའི་ཞུ་ཡིག་ཀུ་མུ་དཱའི་དྲི་བསུང་》ལས། “དེ་སྐད་ཤུགས་དྲག་དད་པའི་མེ་ལྕེ་ཡིས། །སྙིང་གི་ཆུ་གཏེར་ཁོལ་བས་གདུངས་གྱུར་ཏེ། །ཞུ་མཆིད་བླ་རྡོལ་མུ་ཅོར་གྱིས་གསོལ་བ། །ཡབ་གཅིག་བརྩེ་ཆེན་ཁྲོལ་བའི་གོ་སྐབས་ཅིང་། །ཞེས་ཞུ་མཆིད་ཞབས་རྡུལ་གྱི་པདྨའི་དྲུང་དུ་སྨིན་པའི་རྟེན་ཙམ་དུ། ཞལ་ཟས་རྣམ་གྲངས་དུ་མས་བྱུར་པོར་གང་བའི་སྨྱུག་མའི་ཟ་མ་ཏོག་ཟུང་འབྲེལ་དང་། འཇམ་ཕྲུག་གུར་གུམ་གྱི་མདངས་འཆར་བ་ལས་ན་བཟའ་བླ་གོས་དབྱིབས་རུང་དུ་བསྒྲུབས་པ་ཞིག་ལ་ཕྱག་རྒྱ་རབ་ཏུ་བཀྲ་བ་དང་བཅས་ཏེ་འབུལ། གསེར་འཕྱང་གི་ལོ་སྨིན་དྲུག་ཟླ་བའི་གྲལ་ཚེས་བཅོ་བརྒྱད་ལ་ཕུལ་བའི་ཞུ་ཡིག །”ཅེས་འཁོད་པས། གསེར་འཕྱང་ནི་ལོ་རྒན་དྲུག་ཅུའི་ནང་གསེས་ཀྱི་མེ་མོ་བྱ་ལོ་དང་། སྤྱི་ལོ(༡༥༣༧)ལོར་ཁེལ་ཞིང་། སྨིན་ཟླའི་ནང་རྒྱལ་དབང་ཀུན་མཁྱེན་ཆེན་པོ་སྒར་ཆེན་དང་བཅས་པ་རྭ་སྒྲེང་དང་སྟག་ལུང་སོགས་ཕྱོགས་སུ་ཕེབས་སྐོར་ཙམ་ཡིན་པར་སེམས། དེའི་དུས་མཁས་དབང་དཔལ་ཁང་ཞབས་སྒར་ཆེན་བཞུགས་པར་དཔའ་བོ་གཙུག་ལག་ཕྲེང་བའི་མདུན་དུ་ཕུལ་བའི་ཆབ་ཤོག་འདིར་གསལ་བས་སོ། །

མཁས་དབང་དཔལ་ཁང་པ་ཁོང་གིས་དཔའ་བོ་གཙུག་ལག་ཕྲེང་བའི་མདུན་ནས་བཀའ་ཆོས་ཞུ་བཞིན་བཞུགས་པ་དང་། དཔའ་བོ་རིན་པོ་ཆེ་ནི་ཀརྨ་པའི་རྒྱལ་ཚབ་ཡིན་པས་མཁས་དབང་མཆོག་གིས་གདམས་པ་ཐུགས་ཉམས་སུ་བཞེས་པས་ཐུན་མིན་གྱི་རྟོགས་པ་ཀློང་དུ་གྱུར་པའི་ཚུལ། 《ཡང་ཐུ་རིགས་ཀྱི་ལྷ་ངག་དབང་རིན་ཆེན་ཕུན་ཚོགས་ལ་ཕུལ་བ》འི་ཆབ་ཤོག་ལས། “འདི་ན་དཔལ་ལྡན་ཀརྨ་པའི། །ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ། །ཕྱོགས་བཅུའི་རྒྱལ་བས་དབང་བསྐུར་བའི། །རྒྱལ་ཚབ་གཙུག་ལག་ཕྲེང་བའི་ཞབས། །མོས་པའི་གཙུག་གིས་གུས་བསྙེན་ནས། །གྲངས་མེད་ཆོས་ཀྱི་བདུད་རྩི་ཡིས། །བློ་གྲོས་བུམ་བཟང་འགེངས་བརྩོན་པས། །སྲིད་པའི་ཚ་གདུང་བསིལ་སྙམ་བྱེད། །”ཅེས་གསལ་བས་སོ། །

དེ་ནས་མཁས་དབང་དཔལ་ཁང་མཆོག་དཔའ་བོ་གཙུག་ལག་ཕྲེང་བའི་དྲུང་ནས་ཟབ་ཆོས་རྒྱ་མཚོ་ལ་ལོངས་སྤྱོད་བཞིན་བཞུགས་པར་སྤྲོ་བས། སྡེ་པ་ཡར་རྒྱབ་པའི་བཀའ་དང་ལེན་མ་གནང་བའི་ཚུལ། 《ཡང་ས་སྐྱོང་ངག་དབང་རིན་ཆེན་ཕུན་ཚོགས་ལ་ཕུལ་བ》འི་ཆབ་ཤོག་འོག་མ་ལས། “བདག་ཀྱང་ཕྱོགས་བཅུའི་རྒྱལ་བ་ཀརྨ་པའི། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་རྒྱལ་ཐབས་ལ། །དབང་བསྐུར་ཅོད་པན་བཅིངས་པ་རྒྱལ་བའི་སྲས། །མཆོག་གི་སྤྲུལ་སྐུ་གཙུག་ལག་ཕྲེང་བ་ཡི། །ཞབས་སྐྱེས་པདྨའི་རྡུལ་ཕྲེང་མཐའ་ཡས་པའི། །ཡོན་ཏན་རིན་ཆེན་བདུན་གྱིས་མངོན་མཐོ་བ། །རྙོག་མེད་དམ་པའི་གཙུག་གི་རྒྱན་དམ་པར། །དཀོན་མཆོག་རྒྱ་མཚོའི་སྙིང་པོར་གུས་བསྙེན་ནས། །ཉིན་བཞིན་ཡེ་ཤེས་ཐུགས་རྗེའི་སྤྲིན་ཕུང་ལས། །དབང་ལུང་མན་ངག་ཆོས་ཀྱི་ཆར་ཆེན་པོས། །ངག་དབང་བདག་བློའི་ལྡེང་ཀ་ཆུང་ངུ་ཡང་། །མང་ཐོས་ཆོས་ཀྱི་རྒྱ་མཚོར་གྱུར་སྙམ་བྱེད། །དེ་ཕྱིར་རླུང་ལྟར་མགྱོགས་པ་བྱ་མ་རྟའི། །སྐུལ་ཚིག་རྟ་བརྒྱའི་ཁ་ལོས་མྱུར་དྲངས་ཀྱང་། །ཡིད་ཀྱི་ཤིང་རྟ་བསྐྱོད་པར་མ་ནུས་པས། །མོད་ལ་ཁྱོད་དྲུང་ཕྱིན་པ་སྤོབས་མ་གྱུར། །”ཅེས་ཆབ་ཤོག་འདིར་སྡེ་པ་ཡར་རྒྱབ་པས་མཁས་དབང་ཁོང་གདན་འདྲེན་ཡང་ནས་ཡང་དུ་ཞུས་ཀྱང་ཕེབས་མེད་པར་ཤེས་ཐུབ་བོ། །

རྒྱལ་ཚབ་གྲགས་པ་དཔལ་འབྱོར་བླ་མ་བསྟེན་ཚུལ།

ཀརྨ་ཤིང་རྟའི་མཆོད་བརྗོད་ལས། “སྟོན་པ་མཆོག་གི་རྒྱལ་ཚབ་དམ་པ་བཤད་སྒྲུབ་བསྟན་པའི་གསལ་བྱེད་དང་། །འཇིགས་བྲལ་ཀུན་མཁྱེན་སྲས་ཀྱི་ཐུ་བོ་རྒྱལ་བ་རྒྱ་མཚོའི་གདུང་འཚོབ་པ། །མཆོག་གི་སྤྲུལ་སྐུ་རྩོད་བྲལ་གྲགས་པའི་རྔ་ཆེན་སྲིད་གསུམ་ཁྱབ་པར་སྒྲོག །”ཅེས་དང་། མཁས་དབང་དཔལ་ཁང་ལོ་ཙཱའི་གསུང་རྩོམ《དཔལ་ཀརྨ་པའི་ཆོས་སྐྱོང་གཙོ་འཁོར་བདུན་གྱི་རྗེས་གནང་ཇི་ལྟར་བྱ་ཚུལ་གྱི་ཟིན་བྲིས་བདུད་འཇོམས་རྡོ་རྗེའི་མེ་ཆར》ལས། “ཡང་ན། རྗེ་མི་བསྐྱོད་རྡོ་རྗེ་ལ་རྒྱལ་ཚབ་དཀོན་མཆོག་འབངས་དང་། སྤྲུལ་སྐུ་གྲགས་པ་དཔལ་འབྱོར་དང་། རྒྱལ་སྲས་གཙུག་ལག་ཕྲེང་བ་དང་བཅས་པས་གསན། དེ་གསུམ་གས་ཀརྨ་ཕྲིན་ལས་གཉིས་པ་ལ་གནང་བའོ། །”ཞེས་འཁོད་པས། རྒྱལ་ཚབ་གྲགས་པ་དཔལ་འབྱོར་དྲུང་ནས་མ་མགོན་རྗེས་གནང་སོགས་བཀའ་ཆོས་དུ་མ་གསན་པར་མངོན་ནོ། །

མཁན་ཆེན་ཆེན་ཆོས་འགྲུབ་སེང་གེ་ཡོངས་འཛིན་དུ་བསྙེན་ཚུལ།

མཁས་དབང་དཔལ་ཁང་ཆོས་རྗེས་ཚོགས་དགེ་འདུན་སྒང་པའི《མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་ཞབས་དྲུང་དུ་ཕུལ་བའི་ཞུ་ཡིག》ལས། “ད་ནི་ལོ་ཟླ་ཙམ་གྱི་ཚེ་ཞབས་ལ། །ཆོས་བརྒྱད་སྨིག་རྒྱུའི་འདོད་པས་མི་འཚང་བར། །གངས་དང་ནགས་ཁྲོད་རི་བོའི་སུལ་རྣམས་སུ། །རྩེ་གཅིག་སྒྲུབ་པའི་རྒྱལ་མཚན་གཟུག་པར་སྨོན། །དེ་ཕྱིར་མདོ་རྒྱུད་བསྟན་བཅོས་རྒྱ་མཚོའི་བཅུད། །སྲིད་པ་ནད་བརྒྱ་འཕྲོག་པ་གྲུབ་པའི་སྨན། །རྣལ་འབྱོར་ཡན་ལག་དྲུག་ལྡན་ཟབ་ལམ་གྱིས། །རྨོངས་བདག་རྗེས་སུ་འཛིན་པའི་བཀའ་དྲིན་མཛོད། །”ཅེས་མཁས་དབང་དམ་པ་ཁོང་གིས་མཁན་ཆེན་ཆོས་འགྲུབ་སེང་གེའི་ཞབས་ལ་གཏུགས་ནས་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་དྲུག་གི་ཟབ་ཁྲིད་གསན་པའི་ཆེད་དུ་ཆབ་ཤོག་འདི་ཕུལ་བ་དང་། གཞན་ཡང་དཔལ་ཁང་པ་ཉིད་ཀྱིས་གསུང་རྩོམ《ཚེ་དཔག་མེད་ལྷ་དགུའི་སྒྲུབ་ཐབས་དང་དབང་གི་ཆོ་ག་འཆི་མེད་བདུད་རྩིའི་འདོད་འཇོ》འི་བླ་བརྒྱུད་ལས། “རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། དེ་ལས་སྔགས་འཆང་ཀུན་དགའ་རྒྱལ་པོ། སློབ་དཔོན་རྣམ་རྒྱལ་རིན་ཆེན། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། མཁན་ཆེན་ཆོས་གྲུབ་སེང་གེ་རྣམས་ཀྱིས་གསན། དེ་བཞི་གས་ཀརྨ་ཕྲིན་ལས་གཉིས་པ་ལ་གནང་བའོ། །”ཞེས་དང་། “ཡང་ན་ངོར་ཆེན་ནས། རོང་པ་ཡོན་ཏན་དཔལ། སློབ་དཔོན་བླ་མ་རྒྱལ་མཚན། སྤྱན་སྔ་ཆོས་ཀྱི་གྲགས་པ། དེ་ལས་ལོ་ཆེན་ཆོས་སྐྱོང་བཟང་པོ། མཁན་རིན་པོ་ཆེ་ཆོས་འགྲུབ་སེང་གེ །འབུམ་རབ་འབྱམས་པ་རིན་ཆེན་ཆོས་དབང་། དེ་གསུམ་གས་ཀརྨ་ཕྲིན་ལས་གཉིས་པ་ལའོ། །”ཡང་བརྒྱུད་པ་གཞན་ནས་ཆོས་གྲུབ་སེང་གེ་སོགས་ལས་ཐོབ་ཚུལ་དང་། “ཡང་ན་ཀུན་མཁྱེན་གངས་པ། ས་བཟང་མ་ཏི། གཉག་དབོན་བསོད་ནམས་བཟང་པོ། མཁན་ཆེན་པདྨ་བཟང་པོ། མདོ་སྔགས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན། མཁན་རིན་པོ་ཆེ་ཆོས་གྲུབ་སེང་གེ །དེས་ཀརྨ་ཕྲིན་ལས་གཉིས་པའོ། །”ཞེས་སློབ་དཔོན་ཛེ་ཏཱ་རིའི་ལུགས་ཀྱི་ཚེ་དཔག་མེད་ལྷ་དགུའི་བཀའ་དབང་བརྒྱུད་པ་མི་འདྲ་བ་གསུམ་ཐོབ་ཚུལ་སྨོས་ཤིང་། ཡང་མཁས་དབང་དཔལ་ཁང་ཆོས་མཛད་ཉིད་ཀྱིས་གསུང་རྩོམ《དཔལ་ཀརྨ་པའི་ཆོས་སྐྱོང་གཙོ་འཁོར་བདུན་གྱི་རྗེས་གནང་ཇི་ལྟར་བྱ་ཚུལ་གྱི་ཟིན་བྲིས་བདུད་འཇོམས་རྡོ་རྗེའི་མེ་ཆར》ལས། རྣམ་སྲས་ཀྱི་རྗེས་གནང་སྐབས། “གཉག་དབོན་མཁན་ཆེན་སེང་གེ་དཔལ། མཁས་གྲུབ་རབ་འབྱོར་སེང་གེ །ཀུན་མཁྱེན་ཆོས་གྲུབ་སེང་གེ །དེ་ཉིད་ཀྱི་ཀརྨ་ཕྲིན་ལས་པ་ལ་གནང་བའོ། །”ཞེས་འཁོད་པས། མཁན་ཆེན་པའི་དྲུང་ནས་རྣམ་སྲས་ཀྱི་རྗེས་གནང་སོགས་ཟབ་ཆོས་དུ་མ་གསན་པ་གསལ་བ་དང་། སྔགས་གྲྭ་སློབ་དཔོན་གྱིས《ཚེ་དབང་གྲུབ་རྒྱལ་མའི་བླ་བརྒྱུད》ལས། “ཡང་བརྒྱུད་པའི་རྣམ་གྲངས་གཅིག་ལ། འབར་ར་བ་ནས། བཟད་པ་རིན་རྒྱལ། སྐྱེས་མཆོག་སྨོན་ལམ་པ། ཆོས་རྗེ་བསོད་ནམས་དཔལ་བཟང་། མཁན་ཆེན་ཆོས་གྲུབ་སེང་གེ །དཔལ་ཁང་པ་ཕྲིན་ལས་གཉིས་པ།” ཞེས་གསལ་བས་སོ། །

དེ་ཙམ་མ་ཡིན་པ་མཁན་ཆེན་ཆོས་གྲུབ་སེངྒེའི་དྲུང་ནས་ཟབ་ཆོས་ཅི་རིགས་གསན་པར། “བསམས་ཡས་མཆིམས་ཕུའི་གདན་ས་དཔལ་ཁང་ཆོས་རྗེ་སོགས་མང་དག་ལ། སྒྲུབ་ཐབས་བརྒྱ་རྩ་སོགས་དབང་རྗེས་གནང་མ་ཚང་པ་མེད་པ་དང་། ཀུན་མཁྱེན་རོང་པོའི་བཀའ་འབུམ་ཐོར་བུ་བ། བྱམས་ཆོས་སྡེ་ལྔ་སོགས་ངེས་པའི་དོན་ལས་བརྩམས་པའི་ལུང་བཤད།” ཅེས་《མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེངྒེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན》ལས་འཁོད་པས། དཔལ་ཁང་ལོ་ཙཱས་བཀའ་ཆོས་གསན་པའི་ལོ་ནི། ལྕགས་འབྲུག་སྤྱི་ལོ(༡༥༢༠)ལོའི་ནང་ཙམ་ཡིན་པར་མཁན་ཆེན་པའི་རྣམ་ཐར་ལས་ཤེས་ཐུབ།

མཁན་ཆེན་ཆོས་གྲུབ་སེངྒེའི་དྲུང་ནས་སྔགས་ལུགས་ཀྱི་དབང་དང་རྗེས་གནང་། མདོ་ལུགས་གཞུང་ཆེན་རྣམས་ཀྱི་ལྗགས་ཁྲིད་སོགས་ཐོབ་པ་ཙམ་མ་ཡིན་པར་དགེ་ཚུལ་སློང་གི་སྡོམ་པའང་བཞེས་པར《འབྲི་ཁུང་སྤྱན་སྔ་ཀུན་སྤངས་རིན་ཆེན་ཕུན་ཚོགས་ཀྱི་དྲུང་དུ་ཕུལ་བའི་ཞུ་ཡིག》ལས། “སྔོན་དུས་གངས་ཅན་འདུལ་འཛིན་ཐམས་ཅད་ཀྱི། །གཙུག་རྒྱན་དྷརྨ་སིདྷི་སིང་ཧའི་ཞབས། །བསྐལ་བཟང་སངས་རྒྱས་དྲུག་པ་ཀརྨ་པའི། །མཁན་པོར་མངའ་གསོལ་ཤར་ཕྱོགས་ཀོང་ལུང་གི །རྣམ་ཐོས་རི་བོའི་སྤོ་ལ་སྤྱན་དྲངས་ཏེ། །གསོལ་བཞིའི་ལས་ཀྱི་ཕྱག་བཞེས་རྣམ་དག་གིས། །རྒྱལ་དབང་ཐུགས་ཀྱི་བཞེད་པ་ཡོངས་གང་ནས། །སླར་ཡང་ཆིབས་ཀྱི་ཁ་ལོ་བསྒྱུར་བ་ལས། །ས་ལ་གནས་པའི་འོག་མིན་ཙ་མ་ཏི། །ཞེས་གྲགས་ཆོས་ཀྱི་ཕོ་བྲང་ཆེན་པོ་དེར། །ཡབ་སྲས་དགྱེས་པར་མཇལ་བའི་ཞབས་འབྲིང་དུ། །ལེགས་བྱས་མཐུ་ཡིས་བདག་ཀྱང་མཆིས་པ་ན། །རྒྱལ་བ་གང་གི་ཞལ་བཟང་རི་བོང་ཅན། །མཚན་དཔེའི་དཀྱིལ་འཁོར་གང་བ་མཐོང་བ་དང་། །གསུང་དབྱངས་ལྷ་ཡི་རྔ་སྒྲ་དམ་ཆོས་ཀྱི། །ཆར་ཆེན་དུས་སུ་འབེབ་པ་ཐོས་པ་ན། །”ཞེས་དང་། “ཡོངས་འཛིན་དམ་པ་དགུང་ལོའི་ཚོགས་སྨིན་པའི། །བཀའ་སྩལ་ལྕི་བ་བཟློག་པར་མ་སྤོབས་པས། །རེ་ཞིག་སོམ་ཉིའི་གོམ་པ་གྱ་ཚོམ་དུ། །པཀྵུའི་ཀླུང་གི་ལྷོ་ཕྱོགས་བརྒལ་བ་ལས། །རིང་བ་མིན་པར་ཁོ་བོའི་མཁན་པོ་མཆོག །གཟུགས་སྐུའི་དཀྱིལ་འཁོར་ཆོས་དབྱིངས་བསྡུས་པ་ན། །ཅི་བྱའི་གཏོལ་དང་བྲལ་བའི་སྐྱོ་ཤུགས་ཀྱིས། །ཡུན་རིང་མྱ་ངན་མུན་པའི་ཁང་བུར་ཆུད། །”ཅེས་འཁོད་པས། མཁན་ཆེན་ཆོས་གྲུབ་སེངྒེའི་དྲུང་ནས་དགེ་ཚུལ་སློང་གི་བསླབ་པ་ནོད་པར། “ཁོ་བོའི་མཁན་པོ་མཆོག །”ཅེས་གསུངས་པས་ཤེས་ཐུབ་ལ། མཁན་ཆེན་མཆོག་སྐུ་མ་གཤེགས་ཙམ་ནས་དྲུང་དུ་བཅར་ནས་ཞབས་ཏོག་བགྱིས་ཤིང་། མྱ་ངན་ལས་འདས་རྗེས་དགོངས་རྫོགས་སྒྲུབ་པ་སོགས་མཛད་དེ་དམ་པ་ཁོང་སེམས་སྡུག་གིས་ཡུན་རིང་མནར་བར་སྨོས་ཤིང་། མཁན་ཆེན་ཆོས་གྲུབ་སེངྒེ་ནི། ས་བྱི་སྤྱི་ལོ(༡༥༢༨)ལོའི་ཟླ་བ་དྲུག་པའི་ཉེར་གཅིག་ཉིན་ཞི་བར་གཤེགས་པར《མཁན་ཆེན་ཆོས་གྲུབ་སེངྒེའི་རྣམ་ཐར་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན》ལས་གསལ་བས་སོ། །

མེ་ཕག་སྤྱི་ལོ(༡༥༢༧)ལོར་རྒྱལ་དབང་མི་བསྐྱོད་ཞབས་བསྙེན་པར་རྫོགས་སྐབས་མཁས་དབང་དཔལ་ཁང་པས་བསྙེན་རྫོགས་དང་རྣམ་སྲས་རྗེས་གནང་ཞུས་པ་ཡིན་ནམ་སྙམ། 《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ལས། “དེའི་ཚེ་མཁན་པོ་ལས་ཚེ་དཔག་མེད་གྲུབ་རྒྱལ་ལྷ་མང་གི་ཚེ་དབང་ཞུས། རྣམ་སྲས་མདུང་དམར་ཅན་ཆོས་སྐྱོང་དུ་ཕུལ་ཞིང་།” ཞེས་ཀུན་མཁྱེན་ཆེན་པོའི་རྣམ་ཐར་ཐད་དུ་གསལ་བས། མཁས་དབང་མཆོག་སྐབས་དེར་ཀོང་པོ་རྩེ་ལྷ་སྒང་དུ་བཞུགས་ཡོད་དམ་སྙམ་སྟེ་དཔྱད་པའི་གནས་སོ། །

 

ཇོ་ནང་ཀུན་དགའ་གྲོལ་མཆོག་གི་ཞབས་དྲུང་ནས་ཟབ་ཆོས་དུ་མ་ནོད་པར་མཛད་དེ། 《ཀུན་མཁྱེན་ཆོས་ཀྱི་རྗེ་ཀུན་དགའ་གྲོལ་མཆོག་ལ་ཕུལ་བ》འི་ཆབ་ཤོག་ལས། “ཨ་ཧོ་རྗེ་བཙུན་ཀུན་མཁྱེན་ཆོས་ཀྱི་རྗེ། །ཡབ་གཅིག་བཀའ་དྲིན་མཉམ་མེད་ཐུགས་རྗེའི་གཏེར། །ཡུད་ཙམ་བརྩེ་བས་བདག་ལ་དགོངས་སུ་གསོལ། །སྙིགས་དུས་འདུལ་དཀའི་སྐྱེ་དགུ་གདུལ་བའི་སླད། །མ་ལུས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་མཐུ་གཅིག་བསྡུས་ཁྱོད་སྤྲུལ་ན། །ཁྱོད་མཚུངས་རྣམ་འདྲེན་འཇིག་རྟེན་གསུམ་ན་སུ། །མཁས་པའི་རྒྱུ་སྐར་གྲངས་མེད་བྱོན་གྱུར་ཀྱང་། །སྨྲ་བའི་ཉི་མ་མཆོག་ཁྱོད་མ་ཤར་ན། །འཇིག་རྟེན་མུན་པ་སེལ་དང་དགེ་ལེགས་ཀྱི། །པད་ཚལ་འབྱེད་ལ་མེ་ཁྱེར་ཁོ་ནར་ཟད། །མདོ་རྒྱུད་ལུང་རིགས་བསྟན་བཅོས་མན་ངག་གི །ཆུ་ཀླུང་ཀུན་འདུས་རྒྱ་མཚོ་ཁྱོད་མཐོང་ན། །མང་ཐོས་དྲེགས་པས་རྣམ་བསྒྱིངས་གཞན་གྱི་བློ། །ཀུ་ཤའི་རྩེ་མོར་ཆགས་པའི་ཆུ་ཐིགས་ཉིད། །”ཅེས་སོགས་གསལ་བས་སོ། །

 

དབུས་སྨྱོན་ཧེ་རུ་ཀ་ཀུན་དགའ་བཟང་པོའི་ཞབས་ལ་གཏུགས་ནས་གདམས་པ་གསན་པར་མངོན་ཏེ། 《རྗེ་བཙུན་དབུས་སྨྱོན་ཧེ་རུ་ཀ་ལ་ཕུལ་བ》འི་ཆབ་ཤོག་ལས། “ན་མོ་གུ་རུ་བཛྲ་དྷ་རཱ་ཡ། ཁྱབ་བདག་རྒྱལ་བ་ཀུན་ཡབ་རྡོ་རྗེ་འཛིན། །དགའ་བཞིའི་གར་གྱིས་བདེ་ཆེན་རྣམ་རོལ་སྐུ། །རྡོ་རྗེའི་ཐེག་ལམ་བཟང་པོའི་འདྲེན་པ་མཆོག །ཡབ་གཅིག་ཧེ་རུ་ཀ་དཔལ་ཞབས་ཀྱི་དྲུང་། །མི་འཕྲོག་མོས་གུས་དྲག་པོས་ཡན་ལག་མཆོག །ཞབས་ཀྱི་པདྨར་ལན་བརྒྱར་བཏུད་བྱས་ཏེ། །རྡོ་རྗེའི་སློབ་འབངས་རྣམས་ཀྱི་ཐ་ཆུང་དེས། །གསོལ་འདེབས་སྙིང་གི་གདུང་དབྱངས་འདི་སྐད་ཞུ། །”ཞེས་གསལ་ཞིང་། ས་སྐྱ་བདག་ཆེན་ནམ་མཁའི་མཚན་ཅན་གྱི་དྲུང་ནས་བདེ་མཆོག་ནག་པོའི་སྐོར་གྱི་བཀའ་ཆོསགསན་པར་བདག་ཆེན་མཆོག་ལ་ཕུལ་བའི་ཆབ་ཤོག་ལས་གསལ་བས་འོག་ནས་འཆད་པར་འགྱུར་རོ། །

གཞན་ཡང་མཁས་དབང་དཔལ་ཁང་ལོ་ཙཱའི་གསུང་རྩོམ《དཔལ་ཀརྨ་པའི་ཆོས་སྐྱོང་གཙོ་འཁོར་བདུན་གྱི་རྗེས་གནང་ཇི་ལྟར་བྱ་ཚུལ་གྱི་ཟིན་བྲིས་བདུད་འཇོམས་རྡོ་རྗེའི་མེ་ཆར་》དང་། 《ཚེ་དཔག་མེད་ལྷ་དགུའི་དབང་གི་ཆོ་ག་འཆི་མེད་བདུད་རྩིའི་འདོད་འཇོ》འི་བླ་མ་བརྒྱུད་པ་དང་། ཀརྨ་མཁས་མཆོག་གཞན་ཕན་དབང་པོའི་གསུང་། 《ཚེ་དབང་གྲུབ་རྒྱལ་མའི་ལོ་རྒྱུས་མདོར་བསྡུས》ལས་འཁོད་པ་ལྟར་ན། ཏྲེ་ཆེན་ནམ་མཁའ་རྒྱ་མཚོ་དང་། ཏྲེ་ཆུང་ཆོས་ཀྱི་རྒྱ་མཚོ། རུ་པ་བསམ་གཏན་རྒྱ་མཚོ། དབོན་རིན་པོ་ཆེ་ངག་དབང་ཆོས་རྒྱལ། བདག་ཆེན་ངག་དབང་པ། བདག་ཆེན་ཨ་ཆེ་བ། སྔགས་འཆང་ཀུན་དགའ་རྒྱལ་པོ། སློབ་དཔོན་རྣམ་རྒྱལ་རིན་ཆེན། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། རབ་འབྱམས་པ་ཚུལ་ཁྲིམས་དབང་ཕྱུག །འབུམ་རབ་འབྱམས་པ་རིན་ཆེན་ཆོས་དབང་། མཁས་གྲུབ་གྲགས་འབྱོར་ཤེས་རབ། སྤྱན་ལུང་པ་གཞོན་ནུ་ཆོས་གྲུབ། མཁས་གྲུབ་དཔལ་ལྡན་བཟང་པོ་སོགས་དགེ་བའི་བཤེས་གཉེན་བརྒྱད་ཅུ་རྩ་ལྔའི་ཞབས་ལ་གཏུགས་པར། 《རྡོ་རྗེ་འཆང་ཀརྨ་པའི་དགོངས་པ་གསལ་བར་བྱེད་པའི་བསྟན་བཅོས་ཐར་པའི་ལམ་ཆེན་བགྲོད་པའི་ཤིང་རྟ》འི་མཆོད་བརྗོད་ལས། “གཞན་ཡང་གང་ཐུགས་ཉེར་ཞིའི་མཁའ་ལ་ཡེ་ཤེས་ཐུགས་རྗེའི་སྤྲིན་གཏིབས་ནས།  །དམ་ཆོས་བདུད་རྩིའི་གྲུ་ཆར་འབེབས་པས་དགེ་བའི་ལོ་འབྲས་མཆོག་བསྐྲུན་པའི།  །མཚན་ལྡན་བླ་མ་བརྒྱད་ཅུ་རྩ་ལྔ་ཡོན་ཏན་ཁུར་གྱིས་ཆེས་ལྕི་བ།  །དེ་དག་ཀུན་ལའང་སྒོ་གསུམ་རབ་དང་བཀའ་དྲིན་དྲན་པའི་སྤྱི་བོས་འདུད།  །”ཅེས་གསལ་བས། དེ་ལྟར་མཁས་པའི་དབང་དཔལ་ཁང་ལོ་ཙཱ་ངག་དབང་ཆོས་ཀྱི་རྒྱ་མཚོ་མཆོག་གིས། དཔལ་རྒྱལ་བའི་དབང་པོ་ཀརྨ་པ་མི་བསྐྱོད་རྡོ་རྗེའི་དབུས་མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་བརྒྱད་ཅུ་གྱ་ལྔ་ཙམ་གྱི་ཞབས་དྲུང་དུ་བསྙེན་ཞིང་། མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཞུང་ལུགས་རབ་འབྱམས་ལ་མཁྱེན་རྟོགས་འགྲན་ཟླ་དང་བྲལ་བའི་མཁས་པ་ཆེན་པོར་གྱུར་ཅིང་། གང་གསན་ཐམས་ཅད་ཐོས་བསམ་སྒོམ་པས་ཉམས་བཞེས་ཁོ་ན་མཛད་དེ་རང་དོན་དུ་སྤངས་རྟོགས་མངོན་དུ་གྱུར། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཆོས་དང་རིག་གནས་ལ་སྲི་ཞུ་བླ་ན་མེད་པ་བསྒྲུབས་པར་མཛད་དོ། །

མཁས་དབང་དཔལ་ཁང་ལོ་ཙཱའི་མཛད་ཕྲིན་ཇི་ལྟར་བསྐྱངས་ཚུལ།

དེའང་རྒྱལ་དབང་ཀརྨ་པས《ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་པའི་བྱང་ཕྱོགས་གངས་ཅན་འདི་ན་ཀརྨ་པ། །རིམ་པར་བྱོན་ལས་བདུན་པ་རང་བྱུང་ནི། །ཀུན་མཁྱེན་ཆོས་རྗེའི་སློབ་མར་གྱུར་འགའ་ཡི། །བཀའ་འབངས་མི་བསྐྱོད་རྡོ་རྗེའི་སྤྱད་པའི་རབས། །》ལས། “ཀརྨ་ཕྲིན་ལས་གཉིས་པ་མིང་གཞན་ཀརྨ་འཇིགས་བྲལ་སྦས་པའི་སྡེ་ཞེས་པ། གངས་ཅན་གྱི་སྙན་ངག་མཁན་ཐམས་ཅད་ཀྱི་སླད་ནོར་བུ་གཅིག་པ(པུ)གངས་ཅན་དུ་གྲགས་པའི་ཁྲིད་ལུང་ཕལ་ཆེར་ཐོབ་ཅིང་དེ་དག་འཆད་པ་ལ་བསྙེངས་པ་མེད་པ། དཀྱིལ་འཁོར་རབ་འབྱམས་ཀྱི་རྡོ་རྗེ་སློབ་དཔོན་གྱི་བྱ་བ་ལ་དེང་སང་གངས་ཅན་ན་རང་མཉམ་སྲིད་པ་ཙམ་ལས་རང་ལས་མཁས་པ་གཞན་དུ་མེད་པ་སོགས་བསྟན་བཅོས་ལ་དབང་འབྱོར་བའང་ཁོ་བོ་ལ་མོས་ཞེན་གྱི་ཕུ་དུད་བགྱིས་པའི་མཐུས་གྲུབ་པ་དང་།” ཞེས་སྩལ་བས་མཚོན། རྒྱལ་དབང་ཀརྨ་པས་ཐུགས་གཙིགས་ཆེ་ཐང་མཛད་པ་བཞིན། མཁས་དབང་དཔལ་ཁང་ལོ་ཙཱ་མཆོག་གིས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སྤྱི་དང་བྱེ་བྲག་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་དེ། མཁས་དབང་ཉིད་ཀྱིས་ཀྱང་《བསྟན་བཅོས་ཆེན་པོ་ཀརྨ་ཤིང་རྟ》འི་རྩོམ་བྱང་དུ། “གང་དེའི་བསྟན་པ་ཤིང་རྟ་ཡི། །སྲོལ་ཆེན་ཕྱོགས་བརྒྱར་འདྲེན་པ་ལ། །ཕྲིན་ལས་གསེར་གྱི་འཁོར་ལོའི་ཤུགས། །རྩིབས་སྟོང་ལྡན་ལ་མངའ་མཛད་པ། །ཀརྨ་པ་ཞེས་སྙན་གྲགས་ཀྱི། །འོད་ཟེར་བྱེ་ཕྲག་འཆར་མཁས་པས། །སྙིགས་དུས་མཚན་མོའི་མུན་པར་ཡང་། །ཆོས་ཀྱི་ཉི་མ་བླ་ན་མེད། །རྒྱལ་ཀུན་ཡེ་ཤེས་སྤྱི་ཡི་གཟུགས། །རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་། །མཚན་ཙམ་རྣ་བར་ལྷུང་བ་ཡང་། །ས་གསུམ་འགྲོ་ན་རྙེད་དཀའ་བ། །བཅོམ་ལྡན་མི་བསྐྱོད་དགའ་བའི་དབྱངས། །བདག་སྙིང་དད་པའི་གེ་སར་དབུས། །འབྲལ་མེད་བསྟེན་ལས་མདོ་དང་རྒྱུད། །རིས་མེད་སྦྲང་རྩིའི་དགའ་བས་མྱོས། །”ཞེས་དང་། ཡང་དེར། “ངག་གི་དབང་ཕྱུག་འཇམ་པའི་རྡོ་རྗེ་དགྱེས་པའི་ཞལ་སྐྱིན་དབྱངས་ཅན་བློ་གྲོས་ཟབ་ཅིང་རྒྱ་ཆེས་སྙེམས་པའི་སྡེས། །ཀརྨ་པར་གྲགས་ཁམས་གསུམ་བླ་མའི་ཕྲིན་ལས་དབང་ཕྱུག་གཉིས་པའི་མིང་འཛིན་རྩོམ་འཆད་རྩོད་ལ་ཐོགས་མེད་ཀྱི། །ཁྱུ་མཆོག་འཇིགས་བྲལ་རྒྱ་ཆེན་གསུང་རབ་ལུང་རྟོགས་ནོར་བུའི་གཏེར་མཛོད་གྱུར་ཀྱང་གངས་ཅན་འགྲོ་འདིར་སྦས་པའི་སྡེ། །ལྷག་བསམ་བློ་གྲོས་ཕུལ་དུ་བྱུང་ཡང་ས་འོག་གཏེར་བཞིན་གཞན་ལ་ཕན་མིན་ཡིད་འབྱུང་མཆི་མའི་དབའ་ཀློང་གཡོ། །”ཞེས་དང་། ཡང་དེར། “མགོན་དེས་བདག་ལ་དཔལ་ལྡན་ཀརྨ་པའི། །ཕྲིན་ལས་དབང་ཕྱུག་གཉིས་པའི་ལུང་བསྩལ་ལ། །འདི་ལ་གྲོགས་དག་ཁོང་ནས་རབ་འཁྲུགས་པའི། །ཟུག་རྔུ་རྣོན་པོའི་སྨྲ་བ་ཅི་འཚལ་ཏོ། །སྐྱེས་ཐོབ་བློ་དང་སྦྱོར་བྱུང་བརྩོན་འགྲུས་ཀྱིས། །གསུང་རབ་ཚིག་དོན་ཀུན་ལ་ཐོགས་མེད་འདིར། །ཀརྨ་ཕྲིན་ལས་དང་པོའི་དང་པོ་ཞེས། །མཁས་པའི་ཚོགས་ནང་བརྗོད་ཀྱང་དོན་དང་ལྡན། །”ཞེས་གསུངས་པ་ལྟར། མཁས་དབང་དཔལ་ཁང་ཞབས་ཀྱིས་མཛད་ཕྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་བ་གཞིར་བཅས་ཀྱང་ཇི་བཞིན་བརྗོད་པར་རྔོ་མི་ཐོགས་སོ། །འོན་ཀྱང་འབྲེལ་ཡོད་ཀྱི་ཡིག་ཚང་ལས་འབྱུང་བ་བཞིན་དམིགས་བསལ་འགའ་སྨོས་ན། ཀརྨའི་སྒར་ཆེན་གྱི་ཐ་སྙད་རིག་གནས་སྐོར་གྱི་སློབ་དཔོན་མཛད་ཚུལ། གྲྭ་ནང་བྱམས་པ་གླིང་སོགས་སུ་འཆད་ཉན་གནང་ཚུལ། ལྷ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་གི་གདན་ས་དང་། བསམ་ཡས་མཆིམས་ཕུའི་བླ་མ་གཅིག་ལྕོགས་གནང་ཚུལ། ཞལ་སློབ་མང་པོ་བསྐྱེད་བསྲིང་མཛད་ཚུལ། མདོ་སྔགས་རིག་གནས་དང་བཅས་པའི་བསྟན་བཅོས་དུ་མ་བརྩམས་ཚུལ་ལོ། །

དེའང་མཁས་དབང་དཔལ་ཁང་ཞབས་ཀྱིས་ཀརྨའི་སྒར་ཆེན་འཛམ་གླིང་རྒྱན་གྱི་ཀློག་པའི་གྲྭ་ཀརྨ་གཞུང་ལུགས་གླིང་དུ་སྒྲ་ཀཱ་ཙན་དབྱངས་གསུམ་དང་། སྡེབ་སྦྱོར། སྙན་ངག །མངོན་བརྗོད། སུམ་རྟགས་དག་སོགས་ཐ་སྙད་རིག་གནས་སྐོར་འཆད་པའི་སློབ་དཔོན་མཛད་པར། ཀརྨའི་རིན་ཆེན་དར་རྒྱས་ཀྱི་གསུང་། 《སྙན་ངག་ཟུར་རྒྱན་དཔེ་དོན་གསལ་བའི་མེ་ལོང་ཞེས་བྱ་བ》ལས། “འཇིག་རྟེན་དབང་ཕྱུག་དཔལ་ཀརྨ་པ་ཆེན་པོའི་སྒར་ཆེན་འཛམ་གླིང་རྒྱན་མཆོག་གི་རིག་གནས་ཀྱི་སློབ་དཔོན་ངག་གི་དབང་ཕྱུག་མང་ཐོས་ཆོས་ཀྱི་རྒྱ་མཚོ་དབྱངས་ཅན་སྙེམས་པའི་སྡེའམ་མཚན་གཞན་ཀརྨ་ཕྲིན་ལས་གཉིས་པ་འཇིགས་བྲལ་གསུང་རབ་གཏེར་མཛོད་སྦས་པའི་སྡེའི་ཞལ་ལུང་དྲི་མ་མེད་པ་ཇི་ལྟ་བ་བཞིན་དུ་སྙན་ངག་ལེའུ་བར་པའི་ཟུར་རྒྱན་དཔེ་དོན་གསལ་བའི་མེ་ལོང་འགོད་པ་ལ།” ཞེས་འཁོད་པས། དཔལ་ཁང་ལོ་ཙཱ་བ་མཆོག་གིས་ཀརྨའི་སྒར་ཆེན་གྱི་རིག་གནས་ཀྱི་སློབ་དཔོན་མཛད་པའི་དུས་ཚོད་ནི། མེ་བྱ་སྤྱི་ལོ(༡༥༣༧)ལོའི་སྟོད་རྒྱལ་དབང་ཀུན་མཁྱེན་ཆེན་པོ་སྒར་ཆེན་དང་བཅས་པ་འབྲི་གུང་ཀླུང་ཤོད་དུ་བཞུགས་སྐབས་སམ། ས་ཁྱི་སྤྱི་ལོ(༡༥༣༨)ལོར་རྒྱལ་དབང་ཀུན་མཁྱེན་ཆེན་པོ་སྒར་ཆེན་དང་བཅས་པ་མཚུར་ཕུ་སྐུངས་ཀྱི་རི་ཁྲོད་སོགས་ཕེབས་བཞུགས་མཛད་སྐབས་ཡིན་པར་སེམས། མེ་བྱ་ལོར་མཁས་དབང་མཆོག་སྒར་ཆེན་དུ་བཞུགས་པར《ཆོས་མཛད་བློ་གྲོས་རབ་གསལ་ཉི་མ་ལ་ཕུལ་བ》འི་ཆབ་ཤོག་ལས་གསལ་བ་དང་། ས་ཁྱི་ལོར་སྒར་ཆེན་བཞུགས་པར《དག་ཡིག་ངག་སྒྲོན》གྱི་རྩོམ་བྱང་ལས་གསལ་བས་ཤེས་ཐུབ་བོ། །

གཉིས་པ། མཁས་དབང་དཔལ་ཁང་པ་མཆོག་གྲྭ་ཆེན་པོ་བྱམས་པ་གླིང་སོགས་སུ་བསྟན་དོན་མཛད་པའི་ཚུལ། དེའང་《ཡར་རྒྱབ་ལྷ་སྲས་རིན་ཆེན་ཕུན་ཚོགས་ལ་ཕུལ་བ》འི་ཆབ་ཤོག་འོག་མ་ལས། “སྐལ་དམན་བདག་ལ་བརྩེ་ཞིང་བྱམས་ཐུགས་ཀྱིས། །དཔལ་མགོན་བྱམས་པའི་གླིང་གི་ཀློག་པའི་གྲྭ། །རིག་གྲོལ་བརྒྱ་ཕྲག་འདུས་པའི་སློབ་དཔོན་གྱི། །བཀའ་ནན་མགྲིན་པའི་རྫ་རྔ་ཆེར་བརྡུང་བ། །རྟག་ཏུ་དབེན་པ་ལ་དགའ་སྒོམ་སྒྲུབ་ཀྱི། །སྙིང་པོར་འབད་འདོད་བློ་ཆུང་བདག་ཅག་ལ། །སྙིང་ལ་མི་བཟད་གདུང་བའི་ཟུག་རྔུ་ནི། །ཅི་ཡང་སྐྱེད་པ་རྡོ་རྗེའི་ཚེར་མར་གྱུར། །སྔོན་དུས་ཤིན་ཏུ་ལྕི་བའི་བཀའ་ཡི་ཁུར། །གསེར་གྱི་ཅོད་པན་འདེགས་པར་མ་ནུས་པ། །ཅུང་ཟད་ཁས་ལེན་དམ་བཅའ་ཚིག་གི་ཕྲེང་། །ཆུ་རིས་ཙམ་ཞིག་མཁའ་ལ་ཤར་བའི་རྗེས། །ཐམས་ཅད་མཁྱེན་གཟིགས་རྒྱལ་དབང་ཀརྨ་པའི། །བཀའ་ལུང་རྡོ་རྗེ་སྙིང་པོ་བཟློག་དཀའ་བས། །ཅི་བྱ་གཏོལ་མེད་མི་བཟད་མནག་དཀའ་བའི། །དམ་ཚིག་ཆད་པའི་འཇིགས་ཆེན་གྱིས་སྐྲག་པས། །སྒྱུ་འཕྲུལ་ལུས་ཀྱི་འཕྲུལ་འཁོར་མ་བརྗེས་པར། །དམྱལ་བའི་སྡུག་བསྔལ་བདག་ལ་མངོན་སུམ་གྱུར། །”ཅེས་འཁོད་པར་གཞིག་ན། རྒྱལ་དབང་ཀརྨ་པ་དང་སྡེ་པ་ཡར་རྒྱབ་པ་ལྷན་ནས་བཀའ་སྩལ་ནས། མཁས་དབང་དཔལ་ཁང་པ་མཆོག་ཆོས་གྲྭ་བྱམས་པ་གླིང་གི་འཆད་ཉན་གྱི་སློབ་དཔོན་དུ་བསྐོ་བཞག་གནང་བ་ཞལ་གྱི་བཞེས་ནས། དམ་པ་ཁོང་ཆོས་གྲྭ་བྱམས་པ་གླིང་དུ་ཕེབས་ཤིང་། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལས་འཕྲོས་པའི་ཟབ་ཆོས་ཅི་རིགས་བཀའ་ཁྲིད་སྩལ་བར་གདོན་མི་བྱ་ལ། ཞོར་དུ་གཞན་སྐད་དུ་འཁོད་པའི་ཆོས་རིགས་དུ་མ་བོད་སྐད་དུ་བསྒྱུར་སྤེལ་མཛད་ཚུལ། 《ཆོས་ཀྱི་རྗེ་ས་སྐྱ་བདག་ཆེན་ནམ་མཁའི་མཚན་ཅན་གྱི་དྲུང་དུ་ཕུལ་བ》འི་ཆབ་ཤོག་གོང་འོག་ལས། “སྤྱི་བརྟོལ་བསྐྱེད་དེ་ཞུ་བའི་དོན་པོ་ནི། །པཎ་ཆེན་ཤུ་བྷཱ་ཀ་རའི་རྒྱ་དཔེ་ལས། །གསང་སྔགས་མཐར་ཐུག་དགྱེས་པ་རྡོ་རྗེའི་རྒྱུད། །དཔལ་ལྡན་བརྟག་པ་གཉིས་པ་ཝརྟུ་ལའི། །ཡི་གེར་བྲིས་པའི་གླེགས་བམ་སྒྲུབས་ཤིག་ཅེས། །འདའ་བར་དཀའ་ཞིང་བསྒྲུབ་པར་མི་ནུས་པའི། །བཀའ་ལུང་གསེར་གྱི་ཅོད་པན་ཆེས་ལྕི་བ། །སྤྱི་བོར་ལྷུང་བའི་མོད་ལ་ཁོ་བོའི་ཡིད། །སྡུག་བསྔལ་བརྒྱས་མནར་མྱ་ངན་ཁུང་བུར་ཆུད། །”ཅེས་སོགས་ནས། “ཞུ་ཡིག་ཚིག་དོན་བཟང་པོའི་མདོངས་མཐའ་ཅན། །བགྲང་ལྡན་ས་ག་ཅན་གྱི་དཀར་ཚེས་ལ། །དཔལ་ལྡན་ནཱ་ལེནྡྲ་ཡི་སྐྱེད་ཚལ་དེར། །བྱམས་གླིང་སཱ་ལའི་ནགས་ནས་འཕུར་ཏེ་སོང་།།       །།”ཞེས་འཁོད་པས། གཞུང་ཆེན་རྣམས་འཆད་ཁྲིད་གནང་བ་ཙམ་མ་ཟད། ས་སྐྱའི་བདག་ཆེན་མཆོག་ནས་པཎ་ཆེན་ཤུ་བྷཱ་ཀ་རའི་རྒྱ་དཔེ་དགྱེས་པ་རྡོ་རྗེའི་རྒྱུད་དཔལ་བརྟག་པ་གཉིས་པ་བོད་སྐད་དུ་བསྒྱུར་དགོས་པའི་བཀའ་སྩལ་ཚུལ་དང་། བདེ་མཆོག་ནག་པོའི་སྐོར་གྱི་བཀའ་ཆོས་སྩལ་བའང་རྟོགས་ཐུབ་བོ། །

གཞན་ཡང་སྡེ་པ་ཡར་རྒྱབ་པའི་སྲས་རིན་ཆེན་ཕུན་ཚོགས་ཀྱིས་བཀའ་སྩལ་ནས་དཔལ་ལྡན་འོག་མིན་ཞེས་པའི་ཆོས་གྲྭར་འཆད་ཉན་གྱི་སློབ་དཔོན་དུ་མཁས་དབང་ཁོང་གདན་འདྲེན་ཞུས་ཤིང་། རྒྱུ་མཚན་ནི་དམ་པ་ཁོང་གིས་ཉ་དབོན་ཀུན་དགའ་དཔལ་གྱི་གཞུང་ལུགས་གཙིགས་སུ་འཛིན་ཕྱིར་ཏེ། ཡིན་ན་དམ་པ་ཁོང་དབེན་པ་ལ་ཐུགས་དགྱེས་ཕྱིར་དེར་ཕེབས་མ་ཐུབ་པའི་ཚུལ། 《ལྷ་སྲས་གཞོན་ནུ་བྱམས་ལྡན་རིན་ཆེན་ཕུན་ཚོགས་ལ་ཕུལ་བ》འི་ཞུ་ཡིག་ལས། “ཆོས་གྲྭ་ཆེན་པོ་དཔལ་ལྡན་འོག་མིན་གྱི། །དགེ་འདུན་འདུས་པའི་ཚོགས་ཀྱིས་མགྲིན་གཅིག་ཏུ། །ཉ་དབོན་ཆོས་ཀྱི་རྗེ་ཡི་རིང་ལུགས་ཀྱི། །རྒྱལ་མཚན་འཛིན་པར་བློ་བཟང་ཁྱོད་འོས་ཞེས། །བདག་ལ་ཡང་ཡང་བསྐུལ་དང་ལྷན་ཅིག་པར། །ནོར་འཛིན་བདག་པོའི་སྙན་གྱི་བུ་གར་ཡང་། །ཞུ་འཕྲིན་མེ་ཏོག་མང་དུ་འཐོར་བའི་ཚེ། །བདག་ལ་བྱམས་ངོར་ལྷ་ཁྱོད་རབ་དགྱེས་པའི། །བཞད་མདངས་མུ་ཏིག་དོ་ཤལ་འགྲེམས་བཞིན་དུ། །སྐྱེ་བོས་དབེན་པའི་ཁང་བུར་གསང་བའི་བཀས། །ཕྲལ་དང་ཡུན་གྱི་དགེ་མཚན་ཀུན་བསྟན་ནས། །ལྷག་པའི་ཐུགས་བསམ་ཟླ་ཚེས་ལྟར་དཀར་བས། །གང་ལ་ཅི་དགོས་ཐབས་མཁས་ཕན་ཐོགས་ཁུར། །མཐའ་དག་ཉིད་ཀྱིས་བདག་གིར་དགྱེས་པའི་ཕྱིར། །ཚུལ་འདིར་ཞུ་བ་དང་དུ་མ་བླང་ཞེས། །བཟང་པོའི་བཀའ་ལུང་ནན་ལྕིར་སྩལ་ན་ཡང་། །གཅིག་ཏུ་ལུགས་གཉིས་འབྱོར་པས་བསྐལ་བ་དང་། །གཉིས་སུ་སྙིགས་མའི་སྐྱོན་བརྒྱས་སྐྱོ་བ་དང་། །གསུམ་དུ་སྒོམ་སྒྲུབ་སྙིང་པོར་ལེན་འདོད་ཕྱིར། །སྤྲོས་པའི་གནས་འདིར་བཞེད་པ་འགའ་མ་མཆིས། །”ཞེས་གསལ་བས་སོ། །

གཞན་ཡང་མཁས་དབང་དཔལ་ཁང་ཆོས་མཛད་ཀྱི་མཛད་ཕྲིན་གྱི་ཆ་ཤས་ཡིག་ཚང་འཁོད་པ་ནི། གོང་སྨོས་ཀྱི་དུས་ཚོད་དེའི་གཡས་གཡོན་ཙམ་ནས་དཔལ་དགྱེས་པ་རྡོ་རྗེའི་བརྟག་པ་གཉིས་པའི་འགྲེལ་པ་རྔོག་པའི་རིན་ཆེན་རྒྱན་འདྲ་འབྲུག་ཆེན་ངག་དབང་ཆོས་རྒྱལ་གྱི་བཀའ་བཞིན་ཞུས་དག་མཛད་པའི་ཚུལ། དེ་ཉིད་ལ་ཕུལ་བའི་ཆབ་ཤོག་ལས། “སྔོན་ཆད་བཀའ་སྩལ་ལྕག་གིས་བསྐུལ་བའི་དོན། །དཔལ་ལྡན་དགྱེས་པ་རྡོ་རྗེའི་རྒྱུད་འགྲེལ་མཆོག །རིན་ཆེན་རྒྱན་འདྲའི་གླེགས་བམ་ལན་ཅིག་གིས། །དག་པར་བགྱིས་ནས་ལ་གོར་ཕུལ་བ་ལགས། །”ཞེས་གསལ་བས་སོ། །

གསུམ་པ། དཔལ་རྒྱལ་དབང་ཀརྨ་པ་མི་བསྐྱོད་ཞབས་ཀྱི་སློབ་ཚོགས་ཀྱི་ཁྲོད་ནས་མཁས་དབང་དམ་པ་ཁོང་མཁས་བཙུན་བཟང་གསུམ་དང་། འཆད་རྩོད་རྩོམ་པ་སོགས་གང་ཅིའི་ཐད་ནས་མཛད་ཕྲིན་འབུར་དུ་ཐོན་པ་ན། དཔལ་རྒྱལ་བའི་དབང་པོ་ཀུན་མཁྱེན་མི་བསྐྱོད་ཞབས་ཀྱིས། ཀརྨ་ཕྲིན་ལས་གཉིས་པ་འཇིགས་བྲལ་གསུང་རབ་གཏེར་མཛོད་སྦས་པའི་སྡེ་ཞེས་པའི་མཚན་དང་།   ཀརྨ་པའི་བསྟན་པ་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་པར་མངའ་གསོལ་ཞིང་ཐུགས་སྲས་ཀྱི་མཐུ་བོར་གྱུར། དེའང་ཀརྨ་ཕྲིན་ལས་ཞེས་པ་ནི་གོ་ཐོབ་ཀྱི་མིང་ཁྱད་པར་བ་ཡིན་ཞིང་ཀརྨ་པའི་བཤད་སྒྲུབ་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཕྲིན་ལས་ཀྱི་བྱེད་པོའི་མཚན་གནས་ཡིན་ལ། ཐོག་མར་ཀརྨ་པ་ཆོས་གྲགས་རྒྱ་མཚོས་ཉིད་ཀྱི་སློབ་མ་རབ་འབྱམས་སྨྲ་བ་མང་པོའི་ཁྲོད་ནས་དྭགས་པོ་པཎ་ཆེན་གསུམ་པར་ཀརྨ་ཕྲིན་ལས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལྷ་ཞེས་པའི་མཚན་གྱི་ཅོད་པན་སྩལ་ཞིང་། དེ་ནས་བཟུང་ཀརྨ་ཕྲིན་ལས་ཞེས་པ་ནི་ཀརྨ་ཀཾ་ཚང་གི་གལ་ཆེའི་མི་སྣ་གོ་ཐོབ་ཀྱི་མཚན་གནས་དམིགས་བསལ་ཞིག་ཏུ་གྱུར། རྒྱལ་དབང་མི་བསྐྱོད་ཞབས་ཀྱིས་མཁས་དབང་དཔལ་ཁང་པ་ལ་ཀརྨ་ཕྲིན་ལས་གཉིས་པ་ཞེས་སྩལ་བ་ནི་བཀའ་བསྟན་འཛིན་སྐྱོང་སྤེལ་བའི་ཆེད་དུ་ཐུགས་དགོངས་བཞེད་པའི་ཕྱིར་རོ། །

དེའང་ཀརྨ་ཕྲིན་ལས་གཉིས་པ་འཇིགས་བྲལ་གསུང་རབ་གཏེར་མཛོད་སྦས་པའི་སྡེས། ལྷ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་གདན་སར་འཆད་ཉན་གྱི་སློབ་དཔོན་དང་། བསམ་ཡས་མཆིམས་ཕུའི་སྒྲུབ་སྡེའི་བླ་མ་གཅིག་ལྕོགས་སུ་མཛད་པའི་ཚུལ། འབྲེལ་ཡོད་ཀྱི་ཡིག་ཚང་རྣམས་སུ་འཁོད་པ་བཞིན་འདིར་རིམ་པར་སྨོས་ན། དང་ཐོག་མཁས་དབང་དཔལ་ཁང་ཞབས་ཐུབ་ཆེན་ཆོས་འཁོར་གླིང་གི་གདན་སར་གདན་འདྲེན་ཞུ་མཁན་ནི་བདག་མོ་ངག་དབང་རྒྱལ་མོ་ཞེས་པས་རེ་ཞུ་ཕུལ་བས། དམ་པ་ཁོང་གིས་ཞལ་བཞེས་གནང་ཞིང་། བདག་མོ་མཆོག་ནས་མཐུན་རྐྱེན་རོགས་དན་བྱེད་པར་དོན་འཆོལ་དགོས་ཚུལ། 《བྱང་བརྒྱུད་ས་ཡི་བདག་མོ་ངག་དབང་རྒྱལ་མོ་ལ་ཕུལ་བའི་ཞུ་ཡིག》ལས། “འདི་ན་དགོངས་པ་བཟང་པོ་གསེར་འདྲ་བ། །དམན་ལ་ལྷག་པར་བརྩེ་བའི་ཐུགས་རྗེ་ཡིས། །ཤིན་ཏུ་ཉམ་ཆུང་འབྱོར་པས་རྒྱང་བསྲིངས་པ། །ས་ཡི་བུ་གར་སྤྱོད་འོས་བདག་འདྲ་ལ། །རབ་ཏུ་ཞུམ་པའི་སྤོབས་པ་གཟེངས་བསྟོད་ཕྱིར། །ཐུབ་ཆེན་ཆོས་ཀྱི་འཁོར་ལོའི་གདན་སའི་བཀའ། །ཞལ་འཆེས་བཟང་པོས་བརྒྱན་པ་ཉེར་སྩལ་ཡང་། །ཇི་འདྲ་སྙམ་སེམས་སོམ་ཉིའི་འདམ་དུ་བྱིངས། །དལ་འབྱོར་གཡོ་བ་མྱུར་དུ་འཇིག་པ་དང་། །སྙིགས་དུས་སྐྱེ་བོའི་སྤྱོད་ཚུལ་མཐོང་བས་ཀྱང་། །རྣམ་གཡེང་སྤྲོས་པ་བསྐྱུངས་ནས་རི་སུལ་དུ། །སྒྲུབ་པའི་སྙིང་པོ་འབའ་ཞིག་སྙིང་ལ་བརྣགས། །འོན་ཀྱང་རང་ཞི་སྤངས་ནས་གཞན་གྱི་དོན། །སྲོག་ལ་བབས་ཀྱང་ལྷུར་ལེན་དམ་པ་ཉིད། །བདག་ནི་དམན་ཡང་དམ་པའི་མཛད་སྤྱོད་ལ། །ལྷག་པར་གུས་པས་ཚུལ་འདི་སྒྲུབ་པར་ཞུ། །གནས་སྐབས་དེར་ནི་བྱམས་བརྩེའི་སྤྱན་རས་ཀྱིས། །དྲག་པར་འཚོ་ཞིང་ཐུགས་རྗེའི་ལྕགས་ཀྱུས་ཀྱང་། །རྗེས་སུ་བཟུང་ནས་ཉམ་ཆུང་བདག་ཅག་གི །མགོན་དང་དཔུང་གཉེན་གྱུར་པའི་བཀའ་དྲིན་མཛོད། །”ཅེས་འཁོད་པས་ཤེས་ཐུབ།

དེ་ནས་མི་རིང་བར་ལྷ་ལྡན་ཐུབ་ཆེན་གདན་སར་ཆིབས་བསྒྱུར་གནང་བར་མཛད་པ་ཨེ་ཡིན་སྙམ། དེའང་《ལྷ་བུ་གཞོན་ནུ་ཚེ་དབང་དོན་གྲུབ་ལ་ཕུལ་བ》འི་ཆབ་ཤོག་ལས། “འོན་ཀྱང་དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། །ས་སྐྱོང་དབང་མོའི་ཐུགས་རྗེའི་མཐུ་དཔལ་ལ། །ཉེ་བར་བརྟེན་ན་བདག་འདྲའི་ཉམ་ཆུང་ཡང་། །མཐའ་གཉིས་ལོག་པའི་གཡང་སར་མི་ལྷུང་སྙམ། །དེ་ལྟར་རེ་བ་ཕྲ་མོའི་པད་རྩ་ལ། །ཡིད་ཀྱི་རེ་བ་བརྟེན་པའི་ངུར་པ་བདག །ལྷ་ལྡན་ཆུ་གཏེར་ཆེ་དང་ཉེ་བའི་ངོགས། །འདུན་པའི་གཤོག་རླབས་བསྐྱོད་དེ་འཕུར་བ་ལགས། །སྐབས་དེར་ལུགས་གཉིས་མཁྱེན་པའི་སྤུ་སྡུག་ཅན། །གཞོན་ནུ་ངང་པའི་དེད་དཔོན་ཁྱོད་ཀྱིས་ནི། །སྙིང་གཏམ་མགྲིན་པའི་རྫ་རྔ་བརྡུང་བཞིན་དུ། །ཕན་བདེའི་ཐབས་ཚུལ་སྒོ་མང་འདོམས་ཤིག་གུ། །”ཞེས་འཁོད་པས། དེ་ནས་གྲོ་བཞིན་ཟླ་བའི་ནང་ཆིབས་བསྐྱོད་གནང་བར་ཆབ་ཤོག་འདིའི་མཇུག་ཏུ། “དེ་སྐད་གྲོ་བཞིན་ཅན་གྱི་ཕྱོགས་ཕྱི་མའི། །རྒྱལ་བ་གཉིས་པའི་ཚེས་ལ་དབེན་པའི་གནས། །ལྗོན་ཤིང་ལོ་འདབ་རྒྱས་པའི་ནགས་ཀླུང་ནས། །རབ་དགའ་རྒྱས་པའི་ངག་གིས་དང་བར་ཞུས། །”ཞེས་འཁོད་ཀྱང་། མཁས་དབང་མཆོག་ཐུབ་ཆེན་གྱི་གདན་སར་ཕེབས་ལོ་གང་ཡིན་ཆབ་ཤོག་གོང་འོག་འདིར་གསལ་ཁ་མ་བྱུང་ལ། འོན་ཀྱང་ཆབ་ཤོག་འདིར་གྲོ་བཞིན་ཅན་གྱི་ཕྱོགས་ཕྱི་མའི་རྒྱལ་བ་གཉིས་པའི་ཚེས་ལ་ཞེས་གསལ་བས། གྲོ་བཞིན་ཟླ་བ་ནི་ལོ་དུས་གང་ཡིན་མ་སྨོས་པས་ཤེས་རྟོགས་བྱ་བར་རྔོ་མི་ཐོགས་སོ། །

འོན་ཀྱང་དཔལ་རྒྱལ་དབང་ཀརྨ་པའི་ཞབས་དྲུང་དུ་ཕུལ་བའི་ཞུ་ཡིག་དང་། ས་སྐྱོང་ཚེ་དབང་བསོད་ནམས་དར་རྒྱས་སོགས་ལ་སྩལ་བའི་ཆབ་ཤོག་རྣམས་ལས། གྲོ་བཞིན་ཅན་ཞེས་སྨོས་པ་དང་། མཁས་དབང་མཆོག་དྭགས་པོ་རོང་དུ་རྒྱལ་དབང་རིན་པོ་ཆེའི་ཞབས་དྲུང་དུ་ཆེད་ཕེབས་གནང་ནས་དགོངས་པ་ཞུས་པར་གསལ་ལ། 《ཆོས་བྱུང་མཁས་པའི་དགའ་སྟོན》ལས། སྡེ་པ་སྐུ་རབ་པས་སྒར་ཆེན་གདན་དྲངས་པར་སྨོས་པ་ཙམ་ལས་ལོ་ཚིགས་མི་གསལ་ཡང་། 《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》འི་ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་རྣམ་ཐར་ལས། “ཡོས་ལོའི་སྨོན་ལམ་མཛད། སོས་ཀ་ཁྲོམ་སར་བཞུགས།” ཞེས་སྨོས་པས། ཆུ་ཡོས་སྤྱི་ལོ(༡༥༤༣)ལོར་ཡར་སྟོད་དང་དྭགས་པོ་སྐུ་རབ་ཏུ་བཞུགས་པ་དང་། ཤིང་འབྲུག་སྤྱི་ལོ(༡༥༤༤)ལོར་དྭགས་ལྷ་སྒམ་པོ་དང་། སྐུ་རབ་སྡེ་པའི་ཁྲི་ཐོག་པ་བསྐོ་བ། ཟུར་རིའི་གྲྭ་ཚང་བཙུགས་པ་བཅས་གནང་ནས། བྱར་སྐྱིད་ཕུག་ཏུ་ཕེབས། ཤིང་སྦྲུལ་སྤྱི་ལོ(༡༥༤༥)ལོར་མོན་དོམ་ཚང་དུ་ཕེབས། དབུ་མ་འཇུག་པའི་ཊཱིཀ་ཆེན་བརྩམས་པར་མཛད། མེ་རྟ་སྤྱི་ལོ(༡༥༤༦)ལོར་རྒྱལ་ཚབ་སྤྲུལ་སྐུ་ཞི་བར་གཤེགས་པའི་དགོངས་རྫོགས་སྒྲུབ་པར་མཛད།  དབྱར་སྨད་ཟུལ་ཕུར་ཕེབས་པ་བཅས་གུང་སྒྲིག་ན། ཤིང་སྦྲུལ་སྤྱི་ལོ(༡༥༤༥)ལོའམ། མེ་རྟ་སྤྱི་ལོ(༡༥༤༦)ལོའི་གྲོ་བཞིན་ཟླ་བའི་ནང་མཁས་དབང་དཔལ་ཁང་པའི་དྲུང་དུ་ཐུབ་ཆེན་གདན་སར་ཕེབས་དགོས་པའི་བཀའ་ཡིག་སྐུ་མདུན་དུ་འབྱོར་བ་ཨེ་ཡིན་སྙམ།

འོ་ན་མཁས་དབང་དཔལ་ཁང་པ་མཆོག་ཐུབ་ཆེན་གདན་སར་ལོ་དུས་གང་དུ་ཕེབས་པ་ཡིན་སྙམ་ན། མཁས་དབང་ཁོང་དང་འབྲེལ་བའི་ཡིག་ཚང་ལས་ལོ་ཚིགས་མི་འདྲ་བ་གཉིས་བྱུང་སྟེ། དང་པོ་ནི། 《ཆོས་བྱུང་མཁས་པའི་དགའསྟོན》ལས། “ལུག་ལོ་ལ་སྨྱུག་ལ་ཚ་རག་བརྒྱུད་མཚུར་ཕུར་ཕེབས་ཏེ་གཞལ་ཡས་ཁང་དང་གསེར་ཐོག་ལ་སོགས་པའི་ཞིག་གསོ་རྒྱ་ཆེར་མཛད། ཐུབ་ཆེན་དང་མཆིམས་ཕུའི་བླ་མར་མཁས་གྲུབ་དཔལ་ཁང་པ་ངག་དབང་ཆོས་ཀྱི་རྒྱ་མཚོམཚུར་ཕུའི་ཆོས་འཆད་དུ་རྔོག་ཚང་འོག་མའི་ཞལ་ངོ་མཁས་གྲུབ་བསོད་ནམས་བསྟན་འཛིན། ལེགས་བཤད་གླིང་དུ་མཁས་མཆོག་བསོད་ནམས་བཟང་པོ་རྣམས་བསྐོས།”  ཞེས་སྨོས་པའི་དབང་དུ་བྱས་ན། མེ་ལུག་སྤྱི་ལོ(༡༥༤༧)ལོར་རྒྱལ་དབང་མི་བསྐྱོད་ཞབས་གདན་ས་མཚུར་ཕུར་ཞབས་སོར་འཁོད་སྐབས་ལྷ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་གི་འཆད་ཉན་གྱི་སློབ་དཔོན་དང་། བསམ་ཡས་མཆིམས་ཕུའི་སྒྲུབ་སྡེའི་བླ་མར་དཔལ་ཁང་ལོ་ཙཱ་ངག་དབང་ཆོས་ཀྱི་རྒྱ་མཚོའམ། ཀརྨ་ཕྲིན་ལས་གཉིས་པ་གསུང་རབ་གཏེར་མཛོད་སྦས་པའི་སྡེ་བཤད་སྒྲུབ་ཀྱི་ཆོས་གྲྭ་དེ་གཉིས་ཀྱི་དབུ་འཛིན་གཅིག་ལྕོགས་སུ་བསྐོས་པར་གསུངས།

གཉིས་པ་ནི། 《ས་ཧོར་གྱི་རྒྱལ་རིགས་ཚེ་དབང་བསོད་ནམས་དར་རྒྱས་ལ་ཕུལ་བ》འི་ཞུ་ཡིག་ལས། “ཚིགས་བཅད་བརྒྱ་རྩ་བརྒྱད་པའི་ཞུ་མཆིད་ལ། །མཁྱེན་བརྩེ་སྤྱན་རས་ཡང་ཡང་གཟིགས་པའི་སླད། །ཁ་དོག་རབ་ཏུ་བཀྲ་བའི་དར་ཟབ་དང་། །བཟའ་ཤིང་ཕུར་མ་བཟང་པོ་ཅུང་ཟད་འབུལ། །ཟིལ་གནོན་ལོ་ཡི་ཐོག་མ་མཆུ་ཅན་གྱི། །ཟླ་བ་ཚེས་པའི་དགའ་བ་གསུམ་པ་ལ། །གྲུབ་པའི་ཚོགས་ཀྱིས་བརྟེན་པའི་ནགས་ཁྲོད་ནས། །མི་འཕྲོག་དད་པའི་སེམས་ཀྱིས་ཕུལ་བ་དགེ  །”ཞེས་ཟིལ་གནོན་ལོའི་མཆུ་ཟླ་ཚེས་གསུམ་ཞེས་སྨོས་པ་དང་། 《ཡར་རྒྱབ་དཔོན་ཆེན་ཀུན་དགའ་བསོད་ནམས་གྲགས་པ་ཆོས་སྐྱོང་རྣམ་རྒྱལ་ལ་ཕུལ་བ》འི་ཞུ་ཡིག་ལས། “བདག་ནི་རྒྱལ་དབང་བཀའ་ཡི་ལུང་བཟང་པོ། །རི་ལྟར་ལྕི་བ་གསེར་གྱི་ཅོད་པན་དེ། །འདེགས་པར་དཀའ་བས་གཞན་དབང་འདི་ནང་དུ། །གཉིས་འཐུང་རབ་མྱོས་ཇི་བཞིན་ཡིད་ནུབ་ཚེ། །སྔོན་དུས་རི་དྭགས་དཀྱུ་བའི་ནགས་ཀྱི་མཐོངས། །བུང་བ་དར་དིར་རྩེ་བའི་རི་སུལ་དུ། །དུལ་བའི་དྲང་སྲོང་བཞིན་དུ་བག་བརྐྱངས་ནས། །རང་དབང་སྤྱོད་པའི་དཔལ་དེ་ལྷག་པར་དྲན། །”སོགས་ནས། ཞེས་ཟིལ་གནོན་གྱི་ལོ་སྨིན་དྲུག་ཅན་གྱི་ཕྱོགས(སྔ)མའི་རྒྱལ་བ་དང་པོའི་ཚེས་ལ་ལྷ་དང་དྲང་སྲོང་གྲུབ་པ་དང་རིག་འཛིན་དུ་མས་མངོན་པར་བརྟེན་པའི་ནགས་ཚལ་ནས་ཕུལ་བའི་ཞུ་ཡིག།       །།”ཞེས་ཟིལ་གནོན་ལོའི་སྨིན་དྲུག་ཅན་གྱི་ཕྱོགས་སྔ་མའི་རྒྱལ་བ་དང་པོའི་ཚེས་ལ་ཞེས་འཁོད་པས། ཆབ་ཤོག་ཁག་གཉིས་པོ་ནི་ལོ་དེའི་སྟོད་སྨད་དུ་བསམ་ཡས་མཆིམས་ཕུ་ནས་སྩལ་ཞིང་། ལོ་དེར་ལྷ་ལྡན་ཐུབ་ཆེན་གྱི་གདན་ས་དང་མཆིམས་ཕུའི་ཐུགས་འགན་བཞེས་པར་གསལ་བས། རྗེ་དཔའ་བོའི《ཆོས་བྱུང་མཁས་པའི་དགའ་སྟོན》ལས། མཁས་གྲུབ་དཔལ་ཁང་ཞབས་ལྷ་ལྡན་ཐུབ་ཆེན་དང་བསམ་ཡས་མཆིམས་ཕུའི་བླ་མ་དང་། དེ་དང་ཆབས་ཅིག་སྨྱུག་ལ་ལེགས་བཤད་གླིང་། མཚུར་ཕུའི་ཆོས་འཆད་པ་རྣམས་ལུག་ལོར་བསྐོས་པར་གསུངས་པ་ནི། རྒྱལ་དབང་མཆོག་མཚུར་ཕུར་ཕེབས་ཐོག་དམ་པ་ཁོང་རྣམ་གསུམ་གདན་ས་དེ་རྣམས་ཀྱི་སློབ་དཔོན་དུ་མངལ་གསོལ་ལྷན་ཅིག་མཛད་པའམ། ཡང་ན་བརྗོད་བདེའི་དབང་གི་སྟབས་གཅིག་ཏུ་བཀོད་པ་ཨེ་ཡིན་སེམས། མཁས་དབང་དཔལ་ཁང་ལོ་ཙཱ་མཆོག་ཐུབ་ཆེན་གདན་ས་དང་མཆིམས་ཕུའི་བླ་མར་ཕེབས་ལོ་ནི། གོང་སྨོས་ཆབ་ཤོག་གཉིས་པོར་ཟིལ་གནོན་ལོ་ཞེས་གསལ་བས། ཟིལ་གནོན་ནི་ལོ་རྒན་དྲུག་ཅུའི་ནང་གསེས་མེ་ཕོ་རྟ་ལོ་དང་། སྤྱི་ལོ(༡༥༤༦)ལོ་ཁེལ་བས་འཆུག་མེད་ཡིན་ལ། ཆབ་ཤོག་འདི་གཉིས་མཁས་དབང་མཆོག་གི་གསུང་འཁྲུལ་མེད་ཡིན་པས། བློ་གཏད་ཕེར་བའོ། །

མེ་རྟ་སྤྱི་ལོ(༡༥༤༦)ལོའི་ཟླ་བ་གསུམ་པའི་ནང་ཙམ་ལ་མཁས་དབང་དཔལ་ཁང་པ་མཆོག་ཐུབ་ཆེན་གདན་སའི་སློབ་དཔོན་གནང་དགོས་པའི་བཀའ་ཡིག་འབྱོར་འཕྲལ་དྭགས་པོ་རོང་གི་ས་ཆར་རྒྱལ་དབང་རིན་པོ་ཆེའི་དྲུང་དུ་དགོངས་ཞུར་བཅར་ཡང་བཀའ་དགོངས་མ་ཁྲོལ་བས་སྒར་ཆེན་ནས་ཕྱག་བཏེགས། རིམ་པས་ཐུབ་ཆེན་གདན་སར་ཆིབས་བསྐྱོད་གནང་བར《ས་ཧོར་སྲས་པོ་ཚེ་དབང་བསོད་ནམས་དར་རྒྱས་ལ་སྩལ་བ》འི་ཆབ་ཤོག་ལས། “སྐྱབས་གནས་དམ་པའི་ཞལ་དང་སའི་དབང་མོའི། །བཀའ་ནན་དབུགས་འབྱིན་གསེར་གྱི་ཅོད་པན་ལས། །ཆེས་ཆེར་ལྕི་བ་འདེགས་པར་མ་ནུས་པས། །བླ་ནས་ཉེར་བསྔགས་ཕོ་ཉའི་ཕྱི་བཞིན་དུ། །རང་དབང་མེད་པར་ལེ་ལོའི་གོམ་པ་ཟུང་། །གྱ་ཚོམ་འདོར་བས་པཀྵུའི་ཀླུང་བརྒལ་ནས། །ས་ག་ཅན་གྱི་དཀར་ཚེས་དགེ་བ་ལ། །ལྷ་ལྡན་ས་ཡི་ཐིག་ལེར་སོང་བ་ལགས། །”ཞེས་འཁོད་པས། ས་ག་ཟླ་བའི་ཡར་ངོར་ལྷ་སར་ཐུབ་ཆེན་གདན་སར་ཕེབས་འབྱོར་བྱུང་བ་དང་། དེ་ནས་མཁས་དབང་མཆོག་ཐུབ་ཆེན་ཆོས་འཁོར་གླིང་གི་གདན་སར་ཟབ་རྒྱས་ཆོས་ཀྱི་འཆད་ཉན་གནང་བའི་ཆེད་ཞབས་སོར་འཁོད་པར། 《ལྷའི་སྲས་པོ་ཙིནྡྷ་རཱ་ཛཱི་མ་ལ་ཕུལ་བ》འི་ཆབ་ཤོག་ལས། “དེ་ལྟར་ལྷ་ལྡན་ས་ཡི་ཐིག་ལེ་གང་། །ཐུབ་ཆེན་ཆོས་ཀྱི་འཁོར་ལོའི་དགའ་ཚལ་གྱི། །དཔག་བསམ་ལོ་འདབ་སྟུག་པོའི་གྲིབ་བསིལ་ནས། །ཆུ་སྟོད་ཟླ་བ་དཀར་པོའི་ཚེས་ལ་ཞུས།།       །།”ཞེས་འཁོད་པར་གཞིག་ན། མེ་རྟ་སྤྱི་ལོ(༡༥༤༦)ལོའི་ས་ག་ཟླ་བའི་ནང་མཁས་དབང་མཆོག་ལྡན་ཐུབ་ཆེན་གདན་སར་ཕེབས་ཤིང་། འཆད་ཉན་གནང་བཞིན་བཞུགས་པ་དང་། མེ་ལུག་སྤྱི་ལོ(༡༥༤༧)ལོར་རྒྱལ་དབང་ཀུན་མཁྱེན་ཆེན་པོ་མཚུར་ཕུར་གསེར་ཐོག་ཞིག་གསོའི་སྐབས་དང་སྦྲགས་མཁས་དབང་དཔལ་ཁང་པ་སོགས་ཆོས་གྲྭ་གསུམ་གྱི་འཆད་ཉན་གྱི་སློབ་དཔོན་སྟབས་གཅིག་ཏུ་བསྐོ་བཞག་དང་མངལ་གསོལ་མཛད་པ་གོར་མ་ཆག་གོ །

མཁས་དབང་དམ་པ་མཆོག་གིས་ཐུགས་བརྩོན་ལྷོད་མེད་ཀྱིས་འཆད་རྩོད་རྩོམ་གསུམ་སོགས་བསྟན་འགྲོའི་དོན་ལ་འབད་པ་ཆེར་བསྐྱེད་ཀྱིས་ཐུབ་ཆེན་གདན་ས་འཛིན་སྐྱོང་བ་གནང་བ《པཎ་ཆེན་བསོད་ནམས་གྲགས་པའི་དྲུང་དུ་ཕུལ་བ》འི་ཆབ་ཤོག་ལས། “ལྷག་པར་སྤྱན་རས་གཟིགས་དབང་ཀརྨ་པས། །ཉིད་གསུང་ལེགས་བཤད་མང་དུ་གཟིགས་པ་ལས། །མདོ་སྔགས་བཤད་སྒྲུབ་ཤིང་རྟ་ཆེན་པོ་ཞེས། །བསྟོད་བསྔགས་སིལ་སྙན་ལན་བརྒྱར་སྒྲོག་པ་ན། །མི་འཕྲོག་དང་བའི་ཤུགས་དྲག་ཆེར་གཡོས་པས། །ཁྱོད་དྲུང་ཆོས་ཀྱི་འཁོར་ལོའི་དགའ་ཚལ་དེར། །རིག་གྲོལ་སྨྲ་བའི་བཤེས་གཉེན་བརྒྱ་ཕྲག་དང་། །ལྷན་ཅིག་ལེགས་བཤད་དགའ་སྟོན་མྱང་བཞེད་ཀྱང་། །སློང་མོའི་འཚོ་བ་རང་གིས་སྔོན་སྤྱད་པའི། །ལས་ཀྱི་འཕེན་པའི་རླུང་ཤུགས་བཟློག་དཀའ་བས། །ཐུབ་ཆེན་ཆོས་ཀྱི་འཁོར་ལོ་ཀརྨ་པའི། །བཀའ་ནན་ཞགས་པས་དབང་མེད་བཅིངས་པར་གྱུར། །སླད་དུ་རིང་བ་མིན་པར་ལུང་རིགས་ཀྱི། །རོ་བརྒྱ་ལྡན་པ་དམ་ཆོས་སྦྲང་རྩིའི་བཅུད། །ཉིད་ཞལ་པདྨའི་ཀུན་དགའ་ལས་བྱུང་བས། །འབེལ་མཆིད་བུང་བའི་དར་དིར་སྒྲོག་པར་སྨིན། །”ཞེས་འཁོད་པས། སྐབས་དེར་པཎ་ཆེན་བསོད་ནམས་གྲགས་པ་ཞལ་མཇལ་དང་ཆོས་ཀྱི་འབེལ་གཏམ་གནང་བར་སྤྲོ་ཡང་ཆོས་གྲྭའི་ཕྱག་ལས་བྲེལ་སྟབས་མཇལ་བའི་གོ་སྐབས་མ་བྱུང་བ་གསལ་བས་སོ། །

དུས་སྐབས་དེར་ཐུབ་ཆེན་ཆོས་འཁོར་གླིང་གི་གདན་ས་བདག་སྐྱོང་བྲལ་ནས་ལོ་ཤས་སོང་བས་ཆེད་རྙིངས་ཧྲུལ་ཅན་གྱི་ཁང་སྟོང་འགའ་ལས་ཐོས་བསམ་སྒོམ་པའི་བྱ་བཞག་ཐམས་ཅད་མེད་པའི་ཁར་རྟག་པར་གཞན་གྱི་བཙིར་གནོན་འོག་སྐུ་ངལ་མང་པོ་བརྒྱུད་དགོས་པར《གདུང་བརྒྱུད་བསོད་ནམས་རྒྱལ་མཚན་ལ》སྩལ་བའི་ཆབ་ཤོག་འོག་མ་ལས། “རྒྱལ་མཆོག་བཀའ་ལུང་དམ་ཚིག་སྙིང་པོ་ཅན། །འདི་ཀོ་སྡུག་བསྔལ་རྒྱས་པའི་བཙོན་ར་རུ། །བདག་ལུས་རང་དབང་མེད་པར་འཆིང་བ་ལ། །ཐབས་བརྒྱས་བྲལ་དཀའ་རྡོ་རྗེའི་ཞགས་པར་གྱུར། །དེ་ལས་ཐུབ་ཆེན་ཆོས་ཀྱི་འཁོར་ལོ་ཞེས། །མིང་སྙན་གྲགས་སྐམ་རྣ་བའི་རྒྱན་གྱུར་ཀྱང་། །ལུགས་གཉིས་འབྱོར་པ་སྤངས་པའི་ཁང་སྟོང་ནང་། །རྔོན་པའི་རྒྱ་རྙིར་དྲངས་པའི་རི་དྭགས་བཞིན། །དོན་མེད་གཡེང་བ་དུ་མའི་ཟིང་ལོང་གིས། །ཐོས་བསམ་སྒོམ་པའི་བྱ་བ་ཀུན་ཉམས་པས། །ཡིད་སྐྱོ་མྱ་ངན་དུ་མའི་ཟུག་རྔུ་ཡིས། །ཤིན་ཏུ་མནར་བ་བདག་གི་སྣང་ཚུལ་ལ། །”ཞེས་དང་། 《སྒར་ཆེན་གྱི་ཕྱག་མཛོད་ཀརྨ་དོན་དམ་སྐྱོང་ལ་ཕུལ་བ》འི་ཞུ་ཡིག་ལས། “ཐུབ་ཆེན་གདན་ས་ཁྲལ་མིའི་བཅུ་དཔོན་འདྲ། །ལུགས་གཉིས་བྱ་བ་དོན་ལྡན་ཅི་ཡང་མེད། །ཕྱག་བདར་ཐིགས་ཚགས་ངན་ལས་ཁོ་ནས་བྲལ། །ཕོགས་ཆས་ཉུང་ངུས་རྒྱུན་དུ་བཀྲེན་ཞིང་ཕོངས། །ཐུབ་ཆེན་གདན་ས་ཁྱིམ་སྟོང་ཁང་གཉེར་འདྲ། །རང་གི་ཡོ་བྱད་འཁུར་ནས་གཞན་གྱི་གཡོག །གོས་སྟན་ཐབ་ཆས་མི་ཤོམས་ཀུན་ལ་གཡོར། །ཉིན་མཚན་འཁྱོལ་དུས་མེད་པས་བྱ་ར་བྱེད། །”ཅེས་སོགས་འཁོད་པས། སྐབས་དེའི་ཐུབ་ཆེན་ཆོས་འཁོར་གླིང་གི་གདན་སའི་གནས་བབས་ཞིབ་ཕྲ་སྒར་ཆེན་གྱི་གུའི་གུང་པ་ཀརྨ་དོན་དམ་སྐྱོང་ལ་སྩལ་བའི་ཆབ་ཤོག་ལས་གསལ་བས་དེར་གཟིགས།

མཁས་དབང་མཆོག་གིས་ཐུབ་ཆེན་དང་མཆིམས་ཕུའི་སློབ་དཔོན་གྱི་ཐུགས་འགན་བཞེས་ནས་བཤད་སྒྲུབ་ཀྱི་བསྟན་པ་འཕེལ་རྒྱས་གཏོང་ཆེད་ཉིད་དང་འབྲེལ་ཡོད་ཀྱི་དབུས་གཙང་ཁུལ་གྱི་སྡེ་དཔོན་རྣམས་ལ་མཐུན་རྐྱེན་རོགས་འདེགས་དགོས་པའི་འབོད་བསྐུལ་གནང་བར《དབུ་ཚལ་བ་གཞོན་ནུ་ཚེ་དབང་རྡོ་རྗེ་ལ་ཕུལ་བའི་ཞུ་ཡིག》ལས། “བདག་ནི་གངས་ཅན་ས་ཡི་ཐིག་ལེ་མཆོག །ལྷ་ལྡན་རྣམ་པར་རྒྱལ་བའི་དགེ་གནས་ཞེས། །ཤཱཀྱ་མུ་ནེའི་ཞབས་སེན་ཉིན་བྱེད་དག །འཆར་ཀའི་འོད་ཀྱི་དྲ་བས་སྣང་བྱས་པའི། །ཐུབ་ཆེན་ཆོས་ཀྱི་འཁོར་ལོར་ལས་དབང་གིས། །རྒྱལ་དབང་བཀའ་ལུང་ཞགས་པས་བཅིངས་པ་ན། །རྣམ་གཡེང་འདུ་འཛིའི་རླུང་ཤུགས་བཟློག་དཀའ་བས། །སེམས་ཀྱི་མར་མེ་རབ་ཏུ་གཡོ་ཞིང་མཆིས། །”ཞེས་དབུ་ཚལ་བར་སྩལ་བའི་ཆབ་ཤོག་གོང་འོག་དང་།

ཐུབ་ཆེན་གདན་སར་མདོ་སྔགས་ཀྱི་གཞུང་ལུགས་འཆད་ཉན་མཛད་པ་གཞིར་བཞག་ཐོག་རྒྱུད་སྡེ་གོང་འོག་དུ་མའི་སྒྲུབ་མཆོད་ལོ་དུས་ལྟར་འཚོགས་ཚུལ། 《བྱ་པ་ཁྲི་དཔོན་ཀརྨ་སྒྲུབ་བརྒྱུད་དཔལ་བཟང་སོགས་ལ་སྩལ་བ》འི་ཆབ་ཤོག་ལས། “སྐབས་ཀྱི་ཞུ་མཆིད་ཞྭ་ནག་ཅན་ཞབས་ཀྱི། །སྤྲུལ་སྐུའི་འཕྲེང་རྒྱུད་བདུན་པས་ཕྱག་མཚན་དུ། །ཉེར་བཞེས་ཐུབ་ཆེན་ཆོས་ཀྱི་འཁོར་ལོ་ཞེས། །ལྷ་ལྡན་ས་ཡི་གཙུག་ལག་ཁང་བཟང་དེར། །ངན་འགྲོ་རྣམ་སྦྱོང་ཀུན་རིག་རྣམ་སྣང་བའི། །དཀྱིལ་འཁོར་སྒྲུབ་ཅིང་མཆོད་པའི་དུས་སྟོན་ལ། །ཕན་བདེའི་གནང་སྐྱེས་རིམ་བཞིན་སྩོལ་བའི་རྒྱུན། །དེ་ཡང་སྔ་མཁོ་བཞིན་གྱི་བཀའ་དྲིན་ཞུ། །ཞུ་མཆིད་འདི་ཡང་ཞབས་རྡུལ་པདྨ་ལ། །བུང་བའི་ན་ཆུང་ཇི་བཞིན་རེག་ཕྱིར་དུ། །ཀུ་མུད་འདབ་མའི་གོས་བཟང་ལྷ་ཡི་དར། །རྣམ་བཀྲའི་རྒྱ་ཡིས་མཚན་ཏེ་གུས་པར་འབུལ། །ཞེས་ཐུབ་ཆེན་ཆོས་ཀྱི་འཁོར་ལོའི་གཙུག་ལག་ཁང་ནས་ཕུལ་བའི་ཞུ་ཡིག།       །།”ཅེས་ཀུན་རིག་གི་སྒྲུབ་མཆོད་ཀྱི་མཆོད་ཐེབས་སམ་འགྲོ་གྲོན་ཐམས་ཅད་བྱ་པ་ཁྲི་དཔོན་ཀརྨ་སྒྲུབ་བརྒྱུད་དཔལ་བཟང་ལ་སྔར་རྒྱུན་བཞིན་གནང་དགོས་པར་སྐུལ་ལྕག་སྩལ་བར་གསལ་བས་སོ། །

དེར་མ་ཟད་བསམ་ཡས་མཆིམས་ཕུའི་སྒྲུབ་སྡེའི་བོད་ཟླ་བཅུ་གཅིག་པའི་བཅོ་ལྔར་སྒྲུབ་གྲྭ་རྣམས་རས་ཆོས་ཕེབས་པ་ལའང་མཐུན་རྐྱེན་རོགས་འདེགས་དགོས་པའི་ཚུལ། 《ཕུན་ཚོགས་གླིང་དུ་ནང་སོ་བརྒྱ་བྱིན་པ་ལ་ཕུལ་བ》འི་ཆབ་ཤོག་ལས། “ལུགས་གཉིས་འབྱོར་པས་སྤངས་པ་བདག་འདྲ་བས། །གང་ལ་ཞུ་བའི་སྤོབས་པ་མ་མཆིས་ཀྱང་། །ཡིད་བཞིན་འདོད་པ་འཇོ་བའི་དཔག་བསམ་ལ། །སྤྱི་བརྟོལ་བསྐྱེད་དེ་གསོལ་བའི་དོན་པོ་ནི། །ལྷ་ཁྱོད་རིས་མེད་རྒྱལ་བའི་བསྟན་པ་དང་། །བསྟན་འཛིན་སྐྱེས་ཆེན་རྣམས་ལ་ཆེས་གུས་པས། །རྣལ་འབྱོར་དབང་ཕྱུག་ནམ་མཁའི་མཚན་ཅན་གྱི། །ཐུགས་ཀྱི་སྲས་ཞེས་གྲགས་པའི་བ་དན་གསལ། །དེ་ཕྱིར་གྲུབ་བརྙེས་དེ་དང་པད་འབྱུང་སོགས། །རྒྱ་བོད་གྲུབ་ཆེན་དུ་མའི་བསྟི་གནས་མཆོག །གྲུབ་པའི་སྡེ་འདིར་དད་ལྡན་འདུས་པའི་ཚོགས། །གཏུམ་མོའི་དྲོད་ཀྱི་ཆེ་བ་དབྱུང་བ་ལ། །རས་འབུད་ཅེས་བྱར་གྲགས་པའི་དུས་སྟོན་ཚེ། །རྣམ་དཀར་སྐུ་ཡི་རིམ་གྲོ་རྒྱུན་ཆགས་པའི། །བཀའ་སྲོལ་བཟང་པོ་གསེར་གྱི་ཉག་ཐག་དེ། །རྒྱུན་ཆད་མེད་པའི་བཀའ་དྲིན་སྩོལ་ཞིག་གུ། །”ཞེས་འཁོད་པས་སོ། །

དེ་ལྟར་ཆོས་རྗེ་དཔལ་ཁང་ལོ་ཙཱས་བཤད་སྒྲུབ་ཀྱི་ཆོས་སྡེ་གཉིས་པོར་འཛིན་སྐྱོང་གནང་ནས་དུས་ཚོད་གང་མཚམས་སོང་ནས། ཐུབ་ཆེན་གདན་ས་ནི་དཀའ་རྙོག་གི་རྒྱར་ཆུད་པས་འཛིན་སྐྱོང་ཤིན་ཏུ་དཀའ་བས། མཁས་དབང་ཁོང་ནི་ཆོས་པ་ཉམ་ཆུང་ཡིན་པའི་ཁར་དབེན་པའི་རི་སུལ་དུ་སྒྲུབ་པ་ལ་རྩེ་གཅིག་གཞོལ་བའི་ཐུགས་འདུན་ཡོད་ཐོག་དམ་བཅའ་ཡང་བཞག་ཡོད་ཅིང་། དཀའ་རྙོག་དེ་ལས་གཡོལ་ཐབས་ཀྱི་ཐུགས་འདུན་རྒྱུན་ཆགས་སུ་མངའ་ཞིང་། འཇོན་ནུས་ཅན་གྱི་མི་ཆེ་བླ་དཔོན་འགར་རོགས་དན་ཡོང་བར་སྦྲན་པས། ངོ་དགའ་སྤྲེལ་ལད་ལ་དགའ་བའི་གཡོ་ཅན་འགས་རྒྱལ་དབང་མཆོག་གི་སྙན་དབང་དུ་ཕྲ་མ་དང་ཞུ་ལོག་བྱས་རྐྱེན་དགོངས་པ་ཅུང་ཟད་འཚོམ་པར་གསན་ནས། རྒྱལ་དབང་ཀུན་མཁྱེན་ཆེན་པོའི་སྐུ་མདུན་དུ་བཅར་ཞིང་། ཐུབ་ཆེན་གདན་སའི་སློབ་དཔོན་ནས་བཀའ་དགོངས་གནང་བར་ཞུ་བ་ཕུལ་ཀྱང་། བཀའ་དགོངས་མ་ཁྲོལ་མ་ཟད། དེ་ལས་ལྡོག་སྟེ་ཐུབ་ཆེན་གདན་ས་མི་འཛིན་ཐབས་མེད་ཀྱི་བཀའ་ནན་གཙིགས་ཆེན་ཕབ་པས། མཁས་དབང་མཆོག་ཅི་བྱ་གཏོལ་བྲལ་དུ་གྱར་ནས། ལོ་གསུམ་རིང་ཐུགས་འགན་ཁུར་བའི་ཞལ་བཞེས་ཕུལ་བར། 《ཀོན་དིང་གུ་ཤྲི་ཆེན་ཧཱ་ཧོ་ངག་གི་དབང་ཕྱུག་བཀྲ་ཤིས་གྲགས་པ་རྒྱལ་མཚན་བཟང་པོ》ར་སྩལ་བའིཆབ་ཤོག་ལས། “དེང་དུས་ས་ཡི་བུ་གུར་སྲིན་བུ་བཞིན། །ཡིད་ཞུམ་དམན་ཕོངས་བདག་ལ་ཡང་དང་ཡང་། །ཐུབ་ཆེན་ཆོས་ཀྱི་འཁོར་ལོ་སོང་ཞིག་ཅེས། །རྒྱལ་དབང་བཀའ་ཡི་གནམ་ལྕགས་སྤྱི་བོར་ལྷུང་། །ཀྱེ་མ་མི་བསྲུན་གདུག་པའི་སྤྲིན་ནག་གིས། །གོ་སྐབས་བསྒྲིབས་ལས་རྒྱལ་མཆོག་ཞབས་སེན་གྱི། །ཉི་མའི་སྣང་བ་ཡུན་རིང་མ་ཤར་བས། །འདམ་སྐྱེས་རབ་ཏུ་རྙིངས་པའི་ཚལ་ཇི་བཞིན། །ཕྱི་ནང་ཉེས་བརྒྱས་གང་བ་གནས་གཞིའི་ཁུར། །སྟོབས་ལྡན་ས་སྲུང་གིས་ཀྱང་གླགས་དཀའ་བ། །དེ་འདྲ་ཆོས་དང་སྲིད་ཀྱི་འབྱོར་པའི་ལུས། །ཉམ་ཆུང་བདག་འདྲས་ཇི་ལྟར་བླང་ནུས་སྙམ། །བག་ཞུམ་ཡིད་ཀྱི་སྦུར་མ་ཅི་དྲག་གི །ཐབས་ཚུལ་སེམས་པའི་རླུང་གིས་འདས་པ་བཞིན། །དགོངས་པའི་འཆིང་བ་དགྲོལ་ཕྱིར་དྭགས་རོང་དུ། །ཐམས་ཅད་མཁྱེན་དྲུང་བཀའ་སྤྱད་བརྒྱས་བགྲོད་ཚེ། །ཀུན་མཁྱེན་ཉིད་ཀྱང་ཚུལ་འདི་བདག་རང་གི །ལས་མུན་སྟུག་པོས་བསྒྲིབས་ཏེ་མ་གཟིགས་པར། །འདའ་དཀའི་དམ་ཚིག་ཆད་པས་སྡིགས་པའི་གསུང་། །རྡོ་རྗེའི་ལྕག་གིས་ནན་ལྕིར་གཞུས་པ་ན། །བླ་ནས་བཙལ་བའི་བཀའ་ཡི་ར་བ་ལས། །ནེམ་ནུར་ལམ་དུ་བགོམ་པར་མ་ནུས་པས། །”ཞེས་འཁོད་ཅིང་། མཁས་དབང་ཉིད་ཀྱི་ཆབ་ཤོག་གི་གོ་རིམ་གྱི་ཆ་ནས་ཐུབ་ཆེན་གདན་སར་ཕེབས་གྲུབ་ཅིང་། མཛད་ཕྲིན་གང་མཚམས་བསྐྱངས་གནང་བའི་རྗེས་སུ་བཀོད་འདུག་ཀྱང་། རྒྱལ་དབང་ཀུན་མཁྱེན་ཆེན་པོས་ཐུབ་ཆེན་གདན་སའི་ཐུགས་འགན་བཞེས་དགོས་པའི་བཀའ་འཕྲིན་འབྱོར་ཐོག །མཁས་དབང་མཆོག་ལྷ་སར་ཕེབས་ནས་ཐུབ་ཆེན་གདན་སའི་གནས་སྟངས་ལ་རྒྱུན་ལོན་གནང་བར་བསྟེན་ཤིན་ཏུ་རྙོག་འཛིང་རང་བཞིན་ཅན་ཡིན་པར་ཤེས་རྟོགས་བྱུང་ནས། དཔལ་རྒྱལ་དབང་ཀརྨ་པའི་དྲུང་དུ་དགོངས་ཁྲོལ་ཞུ་བར་སྐུ་བཅར་ཞུས་པར། ཆབ་ཤོག་འདིར“དགོངས་པའི་འཆིང་བ་དགྲོལ་ཕྱིར་དྭགས་རོང་དུ། །”ཞེས་འཁོད་པར་གཞིག་ན། མེ་རྟ་སྤྱི་ལོ(༡༥༤༦)ལོར་རྒྱལ་དབང་ཀུན་མཁྱེན་ཞབས་དང་སྒར་ཆེན་ཟུལ་ཕུར་མ་ཕེབས་གོང་ཙམ་ཡིན་ནམ་སྙམ།  རེད་དེ་སླད་ནས་ཡིག་ཚང་གཞན་ནས་མཁས་དབང་དཔལ་ཁང་ཞབས་དང་ཐུབ་ཆེན་གདན་སའི་སྐོར་མཐོང་ཐོས་བྱུང་ན་དཔྱད་བསྡུར་བྱ་བའི་གནས་སོ། །

དེ་ལས་གཞན་ཡང་རྒྱལ་དབང་ཀརྨ་པས་ཐུབ་ཆེན་གདན་ས་དང་མཆིམས་ཕུའི་སྒྲུབ་སྡེ་འཛིན་དགོས་པའི་བཀའ་གཙིགས་དོ་ནན་སྩལ་བས། དཔལ་ཁང་ལོ་ཙཱ་མཆོག་ནས་བྱ་ཐབས་མ་རྙེད་ནས་ལོ་གསུམ་རིང་བཤད་སྒྲུབ་ཀྱི་ཆོས་སྡེ་གཉིས་འཛིན་སྐྱོང་བྱེད་པར་ཞལ་བཞེས་གནང་བར《དབུ་ཚལ་བ་ཚེ་དབང་རྡོ་རྗེ་ལ་སྩལ་བ》འི་ཆབ་ཤོག་འོག་མ་ལས། “ཡོངས་འཛིན་དམ་པ་ཀུན་མཁྱེན་ཆོས་ཀྱི་རྗེ། །བསྐལ་བཟང་སངས་རྒྱས་དྲུག་པ་ཀརྨ་པས། །ཀརྨ་ཕྲིན་ལས་གཉིས་པའི་ལུང་བསྩལ་ནས། །མི་ཐེག་བསྟན་པའི་ཁུར་ཅིག་བདག་ལ་གཏད། །ལྷ་ལྡན་ཐུབ་ཆེན་ཆོས་ཀྱི་འཁོར་ལོ་དང་། །ཟམ་གཡང་མཆིམས་ཕུའི་སྒྲུབ་གྲྭ་ཟུང་འབྲེལ་དུ། །ཐུབ་དབང་བསྟན་པའི་སྙིང་པོ་བཀའ་བརྒྱུད་ཀྱི། །དམ་ཆོས་བཤད་སྒྲུབ་རིང་ལུགས་བཟུང་ཞིག་གསུངས། །”སོགས་ནས། “བློ་ཆུང་བདག་འདྲས་བླངས་བར་ནུས་མིན་ན། །དགོངས་པའི་འཆིང་བ་གློད་ཅེས་གསོལ་བཏབ་ཀྱང་། །ཕྱི་མ་མེད་པའི་བཀའ་ལུང་རྡོ་རྗེའི་ཚིག །གསེར་གྱི་རི་ལྟར་ལྕི་བ་མ་ཐེག་པས། །ལོ་གསུམ་དམ་བཅའི་རི་མོ་མྱུར་བྲིས་ནས། །གྱ་ཚོམ་བགྲོད་པས་གནས་འདིར་ཕྱིན་ལགས་མོད། །”ཅེས་འཁོད་པར་གཞིག་ན། རྒྱལ་དབང་ཀརྨ་པ་མཆོག་གིས་མཁས་དབང་དཔལ་ཁང་ཞབས་ལ། ཀརྨ་ཕྲིན་ལས་གཉིས་པ་འཇིགས་བྲལ་གསུང་རབ་གཏེར་མཛོད་སྦས་པའི་སྡེ་ཞེས་མཚན་དང་གོ་ཐོབ་ཐུབ་ཆེན་གདན་སའི་སློབ་དཔོན་དུ་བསྐོ་བཞག་གནང་སྐབས་སྩལ་བར་གསལ་བས་སོ། །

འོན་ཀྱང་ལོ་ངོ་བཞིའི་རྗེས་ནས་རྒྱལ་དབང་ཀརྨ་པས་བཤད་སྒྲུབ་ཀྱི་ཆོས་སྡེ་གཉིས་ཀྱི་བླ་མ་ནས་བཀའ་དགོངས་ཁྲོལ་བར《དབུ་ཚལ་བ་ཚེ་དབང་རྡོ་རྗེ་ལ》གནང་བའི་ཆབ་ཤོག་གོང་མ་ལས། “དབྱངས་ཅན་མགྲིན་པར་ཆགས་པའི་སྨྲ་མཁས་བདག །སྔོན་དུས་རྗེ་བཙུན་ཐམས་ཅད་མཁྱེན་ཞབས་ཀྱི། །བཀའ་ལུང་ལྕི་བའི་ལྕགས་ཀྱུས་ཉེར་དྲངས་པས།  །སྒར་ཆེན་ཆོས་ཀྱི་སྐྱེད་ཚལ་བགྲོད་པ་ལས། །ཁྲིམས་ལྡན་བརྒྱ་ཕྲག་ལྷག་པའི་འདུན་ས་ཆེར། །ཚིག་གི་དྲི་ལྡན་དོན་བཟང་སྦྲང་རྩི་ཅན། །ལེགས་བཤད་མེ་ཏོག་སར་པའི་འདུ་འགོད་ཀྱིས། །བློ་གསལ་རེ་བའི་སྙིམ་པ་འགེངས་པ་ལ། །བགྲང་བྱ་རྫོགས་པའི་ཆ་ཤས་བཞི་འདས་མཐར། །བློ་བཟང་བདག་ལ་རྒྱལ་དབང་ཆེར་དགྱེས་པའི། །དགོངས་པའི་འཆིང་བ་ཅུང་ཟད་ལྷོད་པ་ཡིས། །”ཞེས་འཁོད་པས། བཤད་སྒྲུབ་ཀྱི་ཆོས་སྡེ་གཉིས་ཀྱི་གདན་སའི་ཐུགས་འགན་བཞེས་ནས་ལོ་བཞི་སོང་མཚམས་ཆོས་སྡེ་གཉིས་ཀྱི་དབུ་འཛིན་ནས་དགོངས་ཁྲོལ་ཐོབ་པར་སྨོས་ཀྱང་། རིམ་གྱིས་ཆོས་སྡེ་གཉིས་ཀྱི་ཐུགས་འགན་བཞེས་པར་མངོན་ཏེ། མཆིམས་ཕུའི་སྒྲུབ་སྡེར་དཀའ་རྙོག་འཕྲད་ཅིང་དབུ་ཚལ་བ་ཚེ་དབང་རྡོ་རྗེ་ལ་ཞུ་བ་ཕུལ་བར་ཆེད་ཕེབས་གནང་བ《དགའ་ལྡན་རྒྱལ་བུ་དོན་གྲུབ་རབ་བརྟན་རྒྱལ་པོ་ལ་ཕུལ་བ》འི་ཆབ་ཤོག་ལས། “དེ་ཡང་བོད་ཡུལ་ཨོ་ཌི་ཡཱ་ཎའི་ཞིང་། །ཆོས་འཁོར་ཟབ་ཡངས་མཆིམས་ཕུའི་སྒྲུབ་གྲྭ་ནས། །ལས་ངན་རྩོད་ཟློས་ཚེ་འདིའི་གཅོད་རྒྱ་པ། །འཆུག་མེད་དུས་བཏབ་སྟེང་དུ་མ་སླེབས་ན། །ཉེས་མནོང་མེད་ཀྱང་དྲང་པོར་མི་འབབ་པའི། །ཁྲིམས་གཉིས་གནམ་ལྕགས་ཐོག་ཏུ་ལྷུང་ངོ་ཞེས། །རང་གཞན་སྡེ་རིགས་གཉིས་ཀྱིས་ཡང་དང་ཡང་། །བསྙེན་སྲིང་སེམས་ཀྱི་ལྕག་འདེབས་ཡི་གེའི་ཕྲེང་། །རྣོ་ཞིང་རྩུབ་པ་གསེར་གྱི་ཁབ་ལྟ་བུས། །རྣ་བ་འབུབས་པའི་ཟུག་རྔུས་བསྐུལ་བ་བཞིན། །ཟླ་བ་ཉ་བའི་ཚེས་ལ་བཤུལ་ལམ་དུ། །སློང་མོའི་ཆས་ཀྱིས་འཇུག་པར་གཡར་དམ་བཅས། །དེ་ཕྱིར་དེང་དུས་མཛེས་སྐུ་ལྷའི་སྐྱེ་མཆེད། །སྐལ་བཟང་མིག་ལ་མངོན་སུམ་མ་གྱུར་ཀྱང་། །རིང་བ་མིན་པར་དངོས་མཇལ་རྫོགས་ལྡན་གྱི། །དགའ་སྟོན་ཆེ་ལ་རྟག་ཏུ་རོལ་བར་སྨོན། །”ཞེས་སྒྲུབ་སྡེའི་དཀའ་རྙོག་གི་སླད་དབུ་ཚལ་པས་བཀའ་ཤོག་ཛ་དྲག་ཅན་སྐུ་གམ་དུ་འབྱོར་ནས་མཁས་དབང་མཆོག་དེའི་དོན་དུ་ཆེད་ཕེབས་གནང་བ་ཨེ་ཡིན་སྙམ། མཁས་དབང་དཔལ་ཁང་ལོ་ཙཱས་ལྷ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་དང་། བསམ་ཡས་མཆིམས་ཕུའི་སྒྲུབ་སྡེ་གཉིས་འཆད་རྩོད་རྩོམ་གྱི་སྒོ་ནས་འཛིན་སྐྱོང་ཇི་ལྟར་གནང་བ། ཐུབ་ཆེན་ཆོས་འཁོར་གླིང་གི་འཕེལ་འགྲིབ་སྐོར་རགས་གླེང་བ་ཞེས་པའི་རྩོམ་ཡིག་ལོགས་སུ་ཡོད་པས་དེར་གཟིགས།

ཡང་《བསྟན་བཅོས་ཆེན་པོ་ཀརྨ་ཤིང་རྟ》འི་རྩོམ་བྱང་ལས་འཁོད་པ་ལྟར་ན། མཁས་དབང་དཔལ་ཁང་ཞབས་ཀྱིས། ས་བྱ་སྤྱི་ལོ(༡༥༤༩)ལོའིཟླ་བ་དང་པོར《བསྟན་བཅོས་ཆེན་པོ་ཀརྨ་ཤིང་》རྩོམ་པའི་དབུ་བསམ་ཡས་མཆིམས་ཕུའི་སྒྲུབ་སྡེར་བཙུགས་ཤིང་། ལོ་དེའིཟླ་བ་དགུ་པའི་ཚེས་གསུམ་ཉིན་ལྷ་ལྡན་ཆོས་འཁོར་གླིང་གི་གཙུག་ལག་ཁང་དུ་རྩོམ་པ་ཡོངས་སུ་གྲུབ་པར《ཀརྨ་ཤིང་རྟ》འི་རྩོམ་བྱང་ལས་གསལ་བས། མཁས་དབང་དམ་པ་ཁོང་གིས་ལོ་གཅིག་ནང་ལྷ་ས་དང་མཆིམས་ཕུར་རེ་མོས་ཀྱིས་ཕར་ཚུར་འབྱོན་བཞུགས་གནང་སྟེ་བཤད་སྒྲུབ་ཀྱི་ཆོས་སྡེ་གཉིས་འཛིན་སྐྱོང་གནང་བ་དང་། ལོ་དེར་ཐུབ་ཆེན་གདན་སའི་སློབ་དཔོན་གྱི་ཐུགས་འགན་བཞེས་པར་ཤེས་ཐུབ་བོ། །

མཁས་དབང་དཔལ་ཁང་ཞབས་ཀྱིས་བཤད་སྒྲུབ་ཀྱི་ཆོས་སྡེ་གཉིས་པོའི་དབུ་འཛིན་གནང་བ་ལོ་ངོ་བཞི་ཚང་ནས་རྒྱལ་དབང་མཆོག་གིས་དགོངས་ཁྲོལ་ཐུབ་པའི་དབང་དུ་བྱས་ན། ས་བྱ་སྤྱི་ལོ(༡༥༤༩)ལོའིལོ་མཇུག་ནས་ལོ་བཞི་ཚང་འགྲོ་ཡང་། ཤིང་སྟག་སྤྱི་ལོ(༡༥༥༤)ལོའི་ཟླ་བ་ལྔ་པར་མཁས་དབང་མཆོག་བསམ་ཡས་མཆིམས་ཕུར་ཞབས་སོར་འཁོད་པར《གདུང་བརྒྱུད་རིན་པོ་ཆེ་སྣེའུ་གདོང་རྩེའི་ཁྲི་ཐོག་ཏུ་ཕེབས་དུས་ཕུལ་བའི་ཞུ་ཡིག》ལས། “མང་ཐོས་ཆོས་སྨྲ་བའི་དགེ་སློང་རྡོ་རྗེ་འཛིན་པ་ཀརྨ་ཕྲིན་ལས་འཇིགས་བྲལ་གསུང་རབ་གཏེར་མཛོད་སྦས་པའི་སྡེས་ཀུན་དགའི་ལོ་སྣྲོན་གྱི་ཟླ་བའི་གཟའ་ཚེས་བཟང་པོ་ལ། ལྷ་དང་གྲུབ་པ་དྲང་སྲོང་གི་ཚོགས་དུ་མས་བསྟེན་པར་འོས་པའི་རི་བོ་ཟམ་གཡང་དཔལ་གྱི་མཆིམས་ཕུའི་ནགས་ཁྲོད་དབེན་པ་ནས་ཆེད་དུ་བརྗོད་པ་ཕྱོགས་དུས་ཐམས་ཅད་དུ་བཀྲ་ཤིས་པར་གྱུར་ཅིག།       །།”ཅེས་གསལ་བས་སོ། །

ཞལ་སློབ་མཁས་མང་བསྐྱེད་བསྲིང་མཛད་ཚུལ།

དེའང་འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱི་གསུང་། 《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ཟླ་བ་ནོར་བུ་ཆུ་ཤེལ་ཕྲེང་བ》ལས། “སི་ཏུ་ཆོས་ཀྱི་གོ་ཆ་དང་། རྒྱལ་ཚབ་གྲགས་པ་དོན་གྲུབ་སོགས་ཀྱི་ཡོངས་འཛིན་མཛད་ཅིང་།” ཞེས་གསུངས་ཀྱང་། སི་ཏུ་ཆོས་ཀྱི་གོ་ཆ་ཉིད་ཀྱི་ཞལ་གསུང་། 《རྗེ་བཙུན་ཆོས་ཀྱི་གོ་ཆའི་རྣམ་པར་ཐར་པ་སྐལ་ལྡན་མཆོག་གི་མིག་འཕྲུལ》ལས། “པཎ་ཆེན་ཕྲིན་ལས་པའི་སྤྱན་སྔར་ཟབ་ལམ་སྔགས་ཀྱི་ཁྲིད་ཀྱི་ལུང་དུ་མ་དང་། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་མ་ལ་སོགས་པའི་ཉམས་ཁྲིད་དུ་མ་དང་། རིགས་གསུམ་མགོན་པོ་ལ་སོགས་རྗེས་གནང་གི་སྐོར་དུ་མ་དང་། ཞིང་སྐྱོང་སོགས་བསྟན་སྲུང་གི་སྐོར་དུ་མ་དང་། དོ་ཧ་སྐོར་གསུམ་གྱི་རྒྱས་བཤད། ནང་དོན་གྱི་བཀའ་འགྲེལ། ཐར་རྒྱན་གྱི་རྣམ་བཤད། ཕར་ཕྱིན་གྱི་སྤྱི་དོན་ལ་སོགས་པ་བཀའ་དྲིན་ཤིན་ཏུ་ཆེ།” ཞེས་འཁོད་པར་གཞིག་ན། ཀརྨ་ཕྲིན་ལས་དང་པོ་ཡིན་པར་ཤུགས་ལས་གོ་ནུས་ལ། གང་ཡིན་ཞེ་ན། པཎ་ཆེན་ཕྲིན་ལས་པ་ཞེས་པས། རྗེ་བཙུན་ཀརྨ་ཕྲིན་ལས་པའི་མཚན་གཞན་དྭགས་པོ་པཎ་ཆེན་གསུམ་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལྷ་ཞེས་འབོད་པའི་ཕྱིར་དང་། དཔལ་ཁང་ལོ་ཙཱར་པཎ་ཆེན་ཞེས་འབྲེལ་ཡོད་ཀྱི་ཡིག་ཚང་རྣམས་ལས་ད་ཕན་མཇལ་བར་མ་གྱུར་ལ། འོན་ཀྱང་མཁས་དབང་དཔལ་ཁང་ཞབས་ལ་པཎ་ཆེན་ཞེས་སྨོས་ཀྱང་མི་ཆོག་པ་མ་ཡིན་ནོ། །

རྒྱལ་ཚབ་སྐུ་ཕྲེང་བཞི་པ་གྲགས་པ་དོན་གྲུབ་ནི། 《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ཟླ་བ་ནོར་བུ་ཆུ་ཤེལ་ཕྲེང་བ》འི་རྒྱལ་ཚབ་གྲགས་པ་དོན་གྲུབ་ཀྱི་རྣམ་ཐར་ལས། དཔལ་ཁང་ལོ་ཙཱ་ཡོངས་འཛིན་དུ་བསྟེན་པ་མི་གསལ་བས་ཅུང་ཟད་དོགས་པས། སླད་ནས་འབྲེལ་ཡོད་ཀྱི་ཡིག་ཚངས་གཞན་རྙེད་ན་ཞིབ་དཔྱད་བྱ་བའི་གནས་སོ། །འོན་ཀྱང་རྒྱལ་ཚབ་གྲགས་པ་དོན་གྲུབ་ཀྱིས་ཡོངས་འཛིན་དུ་བསྟེན་ན་དུས་ཚོད་འགྲིག་པར་སེམས། གཞན་ཡང་བྱང་པ་འཚོ་མཛད་ཀརྨ་འོད་ཟེར། སྒང་ར་ལོ་ཙཱ་བ་འོད་ཟེར་རྒྱལ་མཚན། “སྒང་ར་བས་ནི་དཔལ་ཁང་ལོ་ཙཱ་བ་ལ་ཡང་ཀར་ལུགས་བཤད་རྒྱུན་རྫོགས་པར་ཉན་ནོ། །”ཞེས་མདར་སྟོད་དགྲ་འདུལ་དབང་པོའི་གསུང་། 《ཐ་སྙད་རིག་གནས་ཇི་ལྟར་བྱུང་ཚུལ་བློ་གསར་མགྲིན་རྒྱན་ལེགས་ནོར་བུའི་ཕྲེང》ལས་གསལ་བས་སོ། །སྡེ་པ་འཕྱོངས་རྒྱས་པའི་སྲས་པོ་ཚེ་དབང་བསོད་ནམས་དར་རྒྱས་སོགས་སྡེ་དཔོན་དུ་མ་ལ་རིག་གནས་སྐོར་འཛུབ་ཁྲིད་དང་། གྲྭ་ནང་བྱམས་པ་གླིང་དང་། ཐུབ་ཆེན་ཆོས་འཁོར་གླིང་གི་འཆད་ཉན་གྱི་སློབ་དཔོན་གནང་བས་མཚོན། སློབ་ཚོགས་མང་པོ་ལ་མདོ་རྒྱུད་ཀྱི་གཞུང་བཤད། དབང་རྒྱུད་གདམས་ངག །བཟོ་དང་། སྒྲ། སྙན་ངག །སྡེ་སྦྱོར། བརྡ་སྤྲོད་སོགས་བཅུ་ཕྲག་རིག་པའི་གནས་རྣམས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་བར་མཛད་དེ། སྤྱི་དང་བྱེ་བྲག་གི་བསྟན་པ་ལ་བཀའ་དྲིན་གཞལ་དུ་མེད་པའོ། །

མཁས་དབང་མཆོག་གིས་བསྟན་རྒྱུན་དུ་བཞག་པའི་གསུང་རྩོམ་གྱི་སྐོར།

སྤྱིར་དཔལ་ཁང་ལོ་ཙཱའམ། མཁས་དབང་ཀརྨ་ཕྲིན་ལས་པར་མཚོན་ན་ཐུན་མོང་དང་ཐུན་མིན་གྱི་རིག་གཞུང་རྣམས་ཀྱི་དགོངས་འགྲེལ་གྱི་བསྟན་བཅོས་མང་པོ་བརྩམས་མཛད་པ་གོར་མ་ཆག །འོན་ཀྱང་འབྲེལ་ཡོད་ཀྱི་ཡིག་ཚང་དང་། དེང་སང་དངོས་སུ་མཇལ་དུ་ཡོད་པའི་གསུང་རྩོམ་རྣམས་ཀྱི་མཛད་བྱང་ལས་འཁོད་པ་ལྟར་དུས་ཚོད་ནམ་བརྩམས་པ་དང་། ས་གནས་གང་དུ་བརྩམས་པར་ཤེས་རྟོགས་བྱ་རྒྱུ་ནི་དོ་གལ་ཤུན་ཏུ་ཆེ་བར་སེམས། དེས་ན་ཡིག་ཚོགས་ལ་མ་འཛེམ་པར་རྩོམ་བྱང་རྣམས་ཐད་ཀར་འགོད་པར་བྱ་སྟེ། 《བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་བསྟན་བཅོས་ཚིག་ལེའུར་བྱས་པ་མཁས་པའི་ངག་གི་སྒྲོན་མ》ནི། བསྟན་བཅོས་དེའི་མཇུག་བྱང་དུ། “བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་བསྟན་བཅོས་ཚིག་ལེའུར་བྱས་པ་མཁས་པའི་ངག་གི་སྒྲོན་མ་ཞེས་བྱ་བ་འདི་ནི། སྡོམ་བརྩོན་མཁྱེན་བརྩེའི་མངའ་བདག་བྱང་པ་འཚོ་མཛད་ཀརྨ་འོད་ཟེར་བའི་གསུང་གིས་བསྐུལ་ཏེ། ཤཱཀྱའི་དགེ་སློང་ངག་དབང་ཆོས་ཀྱི་རྒྱ་མཚོ་དབྱངས་ཅན་སྙེམས་པའི་སྡེ་ཞེས་བྱ་བས། རྣམ་འཕྱང་གི་ལོ་ཐ་སྐར་ཟླ་བའི་གྲལ་ཚེས་བཅོ་ལྔ་ལ་སྤྱན་རས་གཟིགས་ཀརྨ་པའི་སྒར་ཆེན་དུ་གྲུབ་པར་བགྱིས་པའོ། །”ཞེས་འཁོད་པས། རབ་བྱུང་དགུ་པའི་ས་ཁྱི་སྤྱི་ལོ(༡༥༣༨)ལོའིཟླ་བ་པའི་ཚེས་བཅོ་ལྔའི་ཉིན་བརྩམས་མཇུག་གྲུབ་ཅིང་། དུས་སྐབས་དེར་སྒར་ཆེན་གནམ་གཞུང་ངམ། མཚུར་ཕུ་སྐུངས་ཀྱི་རི་སུལ་དུ་ཡོད་ཚུལ་གོང་སྨོས་ལྟར་རོ། །

《རྡོ་རྗེ་འཆང་ཀརྨ་པའི་དགོངས་པ་གསལ་བར་བྱེད་པའི་བསྟན་བཅོས་ཐར་པའི་ལམ་ཆེན་བགྲོད་པའི་ཤིང་རྟ》ནི། བསྟན་བཅོས་ཆེན་པོ་དེའི་རྩོམ་བྱང་དུ། “དེ་ལྟར་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་བསྟན་པ་མཐའ་དག་དང་ཁྱད་པར་རྡོ་རྗེ་འཆང་ཀརྨ་པའི་དགོངས་པ་གསལ་བར་བྱེད་པའི་བསྟན་བཅོས་ཐར་པའི་ལམ་ཆེན་བགྲོད་པའི་ཤིང་རྟ་ཞེས་བྱ་བ་འདི་ནི། བསྐལ་པ་བཟང་པོའི་སངས་རྒྱས་དྲུག་པ་སེང་གེའི་སྤྲུལ་པའི་སྐུ་ཞྭ་ནག་ཅོད་པན་འཛིན་པ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་ཞབས་ཀྱི་བཀའ་སྩལ་སྤྱི་བོར་ལྷུང་བ་དང་། མཁས་པ་དང་གྲུབ་པའི་སྐྱེས་བུ་དམ་པ་གང་ཟག་ལ་མི་རྟོན་ཞིང་ཆོས་ལ་རྟོན་པ་གཟུ་བོར་གནས་པའི་ཐུགས་ཅན་འགའ་ཞིག་དང་། བློ་གསལ་ཞིང་ཡིད་གཞུངས་ལ་དད་བརྩོན་དང་ལྡན་པའི་དོན་གཉེར་མང་པོས་ནན་གྱིས་བསྐུལ་ཏེ་ཡི་གེའི་རྐྱེན་ཡང་སྦྱར་བ་ལ་བརྟེན། འཇིག་རྟེན་གསུམ་གྱི་མགོན་པོ་རྗེ་བཙུན་ཀརྨ་པའི་སློབ་འབངས་མང་ཐོས་ཆོས་སྨྲ་བའི་དགེ་སློང་རྡོ་རྗེ་འཛིན་པ་ཀརྨ་ཕྲིན་ལས་གཉིས་པ་འཇིགས་བྲལ་གསུང་རབ་གཏེར་མཛོད་སྦས་པའི་སྡེས། འཕགས་པའི་ཡུལ་དུ་ཞི་བ་ཞེས་པ་ས་མོ་བྱ་ལོ་མཆུའི་ཟླ་བ་ཆོ་འཕྲུལ་ཆེན་པོའི་དུས་ཆེན་ལ་སྒྲུབ་གནས་ཀྱི་རྒྱལ་པོ་ཟམ་གཡང་མཆིམས་ཕུའི་ནགས་ཁྲོད་དབེན་པར་དབུ་བཙུགས་ཏེ། ལོ་དེ་ཉིད་ཀྱི་ཟླ་བ་དགུ་པ་ཐ་སྐར་ཅན་གྱི་གྲལ་ཚེས་གསུམ་ལ། ལྷ་ལྡན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཐུབ་ཆེན་ཆོས་ཀྱི་འཁོར་ལོའི་གཙུག་ལག་ཁང་ཆེན་པོར་ཡོངས་སུ་རྫོགས་པར་སྦྱར་བའི་ཡི་གེ་པ་ནི་པུ་ཎྱ་དྷརྨེ་ལོ་ཀའོ། །”ཞེས་འཁོད་པས། རབ་བྱུང་དགུ་པའི་ས་བྱ་སྤྱི་ལོ(༡༥༤༩)ལོརཀརྨ་པའི་དགོངས་པ་དབུ་མ་ཐལ་འགྱུར་དུ་བཀྲལ་འིབསྟན་བཅོས་ཆེན་པོ་ཀརྨ་ཤིང་རྟ་བརྩམས་ཤིང་། བརྩམས་གནས་ནི་གོང་འཁོད་ལྟར་རོ། །

《ཚིག་རྒྱན་སྙན་ངག་གི་བསྟན་བཅོས་མེ་ལོང་གི་རྒྱན་གྱི་དཔེར་བརྗོད་བཀླགས་པས་ཀུན་ཤེས》དང་། 《སྒྲ་རྒྱན་གབ་ཚིག་རྟགས་སྐྱོན་སེལ་བ་དང་བཅས་པའི་སྙན་ངག་གི་རྣམ་བཤད》ནི།  བསྟན་བཅོས་དེའི་མཇུག་རྩོམ་དུ། “དེ་ལྟར་ཚིག་རྒྱན་སྙན་ངག་གི་བསྟན་བཅོས་མེ་ལོང་གི་རྒྱན་གྱི་དཔེར་བརྗོད་རབ་གསལ་བཀླགས་པས་ཀུན་ཤེས་ཞེས་བྱ་བ་འདི་ནི།   གངས་ཅན་གྱི་རྒྱལ་ཕྲན་དྲེགས་པ་ཅན་ཐམས་ཅད་ཀྱི་བསྒྲུན་དུ་མེད་པའི་རྒྱལ་རྒྱུད་ཤིང་སཱ་ལ་ལྟར་མངོན་པར་མཐོ་བ་ས་ཧོ་རའི་རིགས་ཀྱི་ཐིག་ལེར་འཁྲུངས་པའི་ལྷ་གཞོན་ནུ།   གཙུག་ལག་མཐའ་དག་ལ་མཁྱེན་པའི་ཡེ་ཤེས་ལྷག་པར་རྒྱས་ཤིང་དེས་པ་དང་དུལ་བ་དང་ངང་ཚུལ་བཟང་བ་དང་དཀྱེལ་ཆེ་བ་དང་རྟུལ་ཕོད་པ་དང་རྣམ་པར་གནོན་པ་ལ་སོགས་པ་བསྔགས་པར་འོས་པའི་ཡོན་ཏན་གྱི་ནོར་བུ་ཟད་མི་ཤེས་པའི་བང་མཛོད་དུ་གྱུར་པ།   སྤྲུལ་པའི་ལྷ་སྲས་ཆོས་ཀྱི་སྤྱན་ལྡན་དཔལ་ཚེ་དབང་བསོད་ནམས་དར་རྒྱས་དབྱངས་ཅན་དགྱེས་པའི་ལང་ཚོ་ཞེས་སྙན་པར་གྲགས་པའི་བཀའ་ལུང་གིས་བསྐུལ་ནས།   བོད་ཡུལ་གངས་རིའི་ཁྲོད་ཀྱི་སྙན་ངག་མཁན་ཤཱཀྱའི་དགེ་སློང་ངག་གི་དབང་ཕྱུག་མང་ཐོས་ཆོས་ཀྱི་རྒྱ་མཚོ་དབྱངས་ཅན་སྙེམས་པའི་སྡེ་ཞེས་སམ།   མིང་གཞན་ཀརྨ་ཕྲིན་ལས་གཉིས་པ་འཇིགས་བྲལ་གསུང་རབ་གཏེར་མཛོད་སྦས་པའི་སྡེས་མཛེས་བྱེད་ཀྱི་ལོ་ཐ་སྐར་གྱི་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བའི་ཚེས་བཟང་པོ་ལ།   ཆོས་རྒྱལ་བྱང་ཆུབ་སེམས་དཔའི་སྐུ་མཁར་འཕྱིང་བར་སྟག་རྣམ་པར་རྩེ་བའི་གཞལ་མེད་ཁང་ཆེན་པོའི་བ་གམ་ལྔ་པའི་དེའུ་མིག་ཀུན་ཏུ་བཟང་པོའི་ཕོ་བྲང་དུ་སྦྱར་བའོ།  །”ཞེས་སྨོས་པས་སྙན་ངག་གི་དཔེར་བརྗོད་ནི། རབ་བྱུང་དགུ་པའི་ཆུ་ཡོས་སྤྱི་ལོ(༡༥༤༣)ལོའི་ཟླ་བ་དགུ་པའི་ཚེས་གཅིག་ཉིནབརྩམས་གྲུབ་ཅིང་། བརྩམས་གནས་འཕྱོང་རྒྱས་འཕྱི་བར་སྟག་རྩེའི་ཕོ་བྲང་ཡིན་པར་སེམས།

གཞན་ཡང་《མིང་གི་མངོན་བརྗོད་པདྨ་དཀར་པོའི་ཕྲེང་བ།》དང་། 《ཆབ་ཤོག་གི་སྐོར་ལེགས་པར་བཤད་པ་རིན་པོ་ཆེའི་ཕྲེང་བ》སོགས་གསུང་རྩོམ་དུ་མ་ད་ལྟ་དངོས་སུ་བཞུགས་པ་རྣམས་ཀྱི་བརྩམས་པའི་ལོ་ཚིགས་མི་གསལ། མཁས་དབང་ཁོང་གི་གསུང་རྩོམ་ཡིག་ཚང་དུ་འཁོད་ཅིང་རྙེད་སོན་མ་བྱུང་བའི་སྐོར། བསྟན་བཅོས་ཆེན་པོ་ཀརྨ་ཤིང་རྟའི་བསྲུང་བྱ་དམ་ཚིག་དང་སྡོམ་པའི་རྣམ་པར་གཞག་པ་ལེའུ་བཅུ་དྲུག་པར་བསྐུར་བྱ་སྨིན་བྱེད་དབང་གི་རྣམ་གཞག་བཤད་པའི་སྐབས།  “དེས་ན་འདི་ཉིད་ཀྱི་རྣམ་གཞག་ལག་ལེན་གོ་དོན་དུ་བཅས་པ་ཞིབ་ཅིང་རྒྱས་ལ། ལུང་དང་རིགས་པ་དང་མན་ངག་དང་མཐའ་གཅོད་དུ་མས་བརྒྱན་ཏེ། ཁོ་བོས་བྱས་པའི་དབང་བསྐུར་སྤྱིའི་རྣམ་གཞག་གི་བསྟན་བཅོས་ཆེན་མོ་རྡོ་རྗེ་ཉི་མའི་སྣང་བ་ཞེས་བྱ་བར་བཀོད་ཡོད་པས་དེ་ཉིད་དུ་བལྟ་བར་བྱའོ། །”ཞེས་འཁོད་པའི《དབང་བསྐུར་སྤྱིའི་རྣམ་གཞག་གི་བསྟན་བཅོས་ཆེན་མོ་རྡོ་རྗེ་ཉི་མའི་སྣང་བ》དང་། ཡང་བསྟན་བཅོས་ཆེན་པོ་ཀརྨ་ཤིང་རྟའི་གཉིས་མེད་རྒྱུད་ཀྱི་རྫོགས་རིམ་ནཱ་རོ་པའི་ཆོས་དྲུག་གི་རྣམ་གཞག་སྙིང་པོ་བསྡུས་ནས་བཀོད་པ་ལེའུ་ཉེར་ལྔ་པར་ནཱ་རོ་པའི་ཆོས་དྲུག་གི་རྣམ་གཞག་བཤད་པའི་སྐབས། “དེ་ཡང་ཉི་ཟླ་ལྟར་གྲགས་པའི་རྫོགས་རིམ་གྱི་རྒྱལ་པོ་ནཱ་རོའི་ཆོས་དྲུག་འདི་ལ་གངས་ཅན་གྱི་ཁྲོད་ན་ཡིག་ཆའི་རྣམ་གྲངས་ཆེས་མང་མོད། བརྒྱུད་པ་གོང་མ་རྣམས་ཀྱིས་ནི་གསུང་ངག་འབའ་ཞིག་ལ་ལྟོས་དགོས་སུ་མཛད་པས་ཡིག་རྙིང་རྣམས་སུ་གདམས་པའི་ས་བོན་ཙམ་ལས་མ་བཀོད། ཕྱིས་བྱོན་གྱི་མཁས་རློམ་བརྒྱུད་པ་ནས་བརྒྱུད་པའི་ཞལ་ལུང་མ་ཐོབ་ཅིང་རྒྱུད་སྡེའི་ཕྱག་རྒྱ་མ་ཁྲོལ་པ་རྣམས་ཀྱི་རང་གར་བྱས་པའི་ཁྲིད་ཡིག་ཕལ་མོ་ཆེ་ནི། དོན་གྱི་ཟབ་གནད་དང་ཚིག་གི་ལེགས་བཤད་གང་ཡང་མེད་པའི་འདྲ་མིན་སྣ་བསྡུས་ལག་རྐྱོང་གི་རྐྱལ་བུ་འདྲ་བ་ཁོ་ན་དང་དེ་ལའང་གསེར་ཆོས་སུ་བྱེད་པ་དག་མང་དུ་མཐོང་བ་ན། ཁོ་བོ་ཅག་དམ་པའི་ཆོས་ཀྱི་སྐལ་བ་ཆེས་མཆོག་ཏུ་གྱུར་པས་རྗེ་བཙུན་ཀརྨ་པ་སོགས་རྡོ་རྗེ་འཆང་དང་མི་གཉིས་པའི་ཡོངས་འཛིན་རྣམས་ཀྱི་ཞལ་གྱི་གདམས་པ་ནི་མང་དུ་ཐོབ། སྐྱེས་ཐོབ་ཀྱི་ཤེས་རབ་དང་སྦྱོར་བའི་བརྩོན་པ་མི་དམན་པས་མཐའ་དྲུག་ཚུལ་བཞིའི་ཕྱག་རྒྱ་ཕྱེད་དེ་རྒྱུད་སྡེའི་གསང་མཛོད་ནི་མངོན་དུ་གྱུར། བསགས་པའི་ཁྱད་པར་ཆེས་ཕུལ་དུ་བྱུང་བས་བཀའ་བརྒྱུད་རིན་པོ་ཆེའི་རིང་ལུགས་འཛིན་ཞིང་ཟབ་ཁྲིད་འདི་ཉིད་ལ་རྣལ་འབྱོར་དུ་བྱེད་པའི་མྱོང་བ་ནི་ཅུང་ཟད་དང་ལྡན། དེའི་ཕྱིར་འདི་སྐོར་གྱི་རྣམ་གཞག་འཆད་རྩོམ་གང་ལ་ཞུགས་ཀྱང་སྤོབས་པའི་མཚོ་ཆེན་བརྡོལ་ཏེ་ལྕེ་ལག་ལ་ངལ་བ་མི་ཟད་པ་བྱིན་པའི་ལུགས་བཞིན་དུ། རྫོགས་པའི་སངས་རྒྱས་ཀརྨ་པའི་ཞལ་ལུང་གི་ཁྲིད་ཡིག་ཆེན་མོ་ཟབ་ལམ་སྦས་པ་འབུམ་འཁྱིལ་ཞེས་པ་ལེགས་པར་སྦྱར་བ་ཡིན་གྱི། ཞིབ་ཅིང་རྒྱས་པའི་མཐའ་གཅོད་བཤད་པའི་རྣམ་གྲངས་དང་བཅས་པ་བཞེད་ན་དེ་ཉིད་ལས་ཤེས་དགོས་པར་བསྟན་ནས། འདིར་ནི་གླེགས་བམ་ཆེས་པའི་འཇིགས་པས་ཟབ་མོའི་གནད་དོན་མི་ཤེས་སུ་མི་རུང་བ་རྣམས་བསྡུས་ཏེ་བཀོད་པའོ་ཞེས་གདམས་སོ། །”ཞེས་འཁོད་པའི《ནཱ་རོའི་ཆོས་དྲུག་གི་ཁྲིད་ཡིག་ཟབ་ལམ་སྦས་པའི་འབུམ་འཁྱིལ》དང་།  ཡང་བསྟན་བཅོས་ཆེན་པོ་ཀརྨ་ཤིང་རྟའི་གཉིས་མེད་རྒྱུད་ཀྱི་རྫོགས་རིམ་རྣལ་འབྱོར་ཡན་ལག་དྲུག་གི་རྣམ་གཞག་མདོར་བསྡུས་པ་དང་། དྭགས་སྐོར་གྱི་ཕྱག་ཆེན་གྱི་རྣམ་གཞག་མ་འདུས་པའི་དོགས་སྤོང་ཟུར་ཙམ་སྨོས་པ་ལེའུ་ཉེར་དྲུག་པར་རྣལ་འབྱོར་ཡན་ལག་དྲུག་གི་རྣམ་གཞག་བཤད་པའི་སྐབས། “འདི་དག་ནི་གསང་ཆེན་བླ་ན་མེད་པའི་རྒྱུད་ཀྱི་རྒྱལ་པོ་མཐའ་དག་གི་རྫོགས་རིམ་མཐར་ཐུག་རྣལ་འབྱོར་ཡན་ལག་དྲུག་གི་གོ་དོན་རྣམ་གཞག་དང་། ཉམས་ལེན་ཁྲིད་ཀྱི་རིམ་པའི་མན་ངག་གལ་ཆེ་བ་རགས་པ་ཙམ་བཀོད་པ་ཡིན་གྱི། ཞིབ་ཅིང་རྒྱས་པར་ནི་ཁོ་བོས་བྱས་པའི་རྣལ་འབྱོར་ཡན་ལག་དྲུག་གི་ཁྲིད་ཡིག་ཆེན་མོ་ཟུང་འཇུག་རྡོ་རྗེའི་ཤིང་རྟ་ཞེས་བྱ་བ་ལས་ཤེས་པར་བྱའོ། །”ཞེས་འཁོད་པའི་《རྣལ་འབྱོར་ཡན་ལག་དྲུག་གི་ཁྲིད་ཡིག་ཆེན་མོ་ཟུང་འཇུག་རྡོ་རྗེའི་ཤིང་རྟ》སྟེ་བསྐྱེད་རྫོགས་ཀྱི་དཀའ་གནད་ལྷུག་པར་བཀྲོལ་བའི་ཟབ་ཁྲིད་ཀྱི་བསྟན་བཅོས་གསུམ་དང་།

མཁས་དདབང་ཉིད་ཀྱི་གསུང་རྩོམ་ཆབ་ཤོག་སྐོར་ལས། 《རིགས་ལྡན་ས་སྐྱོང་བའི་དབང་པོ་ངག་དབང་རྣམ་རྒྱལ་དཔལ་བཟང་པོ་ལ་ཕུལ་བའི་ཞུ་ཡིག་ཚངས་དགྱེས་རོལ་མོ》ལས། “ཇི་ལྟར་སྩལ་བའི་བཀའ་ཡི་ལུགས་བཟང་དང་། །རྗེས་མཐུན་ཚིག་འགའ་སླར་ཡང་གསོལ་བ་ནི། །བདག་འདྲས་གཞན་ལ་ཕན་པར་མི་སྤོབས་ཀྱང་། །རང་གི་སེམས་ལ་ལེགས་བཤད་གོམས་ཕྱིར་དུ། །རིག་པའི་གནས་དང་རྡོ་རྗེ་ཐེག་གསང་གི །དགོངས་འགྲེལ་བསྟན་བཅོས་སྔོན་མེད་འགའ་བྱས་པ། །ཕལ་ཆེར་རེག་ཟིན་ཡི་གེར་ལུས་པ་དང་། །ཟིན་གྲུབ་རྣམས་ཀྱང་ཡུལ་གཞན་འཕྱན་པ་ལས། །དེང་དུ་བཀའ་བཞིན་འབུལ་བར་མ་ནུས་ཀྱང་། །གངས་ཅན་བྷོ་ཊའི་སྡེབ་སྦྱོར་བསྟན་བཅོས་ཆེ། །མཁས་པའི་ངག་གི་སྒྲོན་མ་ཞེས་བྱ་དང་། །གསར་རྙིང་བརྡ་ཡི་རྣམ་དབྱེ་ཇི་བཞིན་དུ། །གསལ་བྱེད་རིན་ཆེན་སྒྲོན་མེའི་ཕྲེང་བ་དང་། །སྣ་ཚོགས་མིང་གི་མངོན་བརྗོད་ཆེས་རྒྱས་པ། །རིན་ཆེན་ཕུང་པོ་གཞུང་དང་འགྲེལ་པར་བཅས། །རྡོ་རྗེ་ཐེག་མཆོག་གསང་ཆེན་བླ་མེད་ཀྱི། །རིམ་གཉིས་རྣམ་གཞག་མཐའ་དག་གསལ་གྱུར་པའི། །བསྟན་བཅོས་ལེགས་བཤད་ཉི་འོད་སྟོང་ལྡན་གྱི། །གླེགས་བམ་རྣམས་ལ་རྣམ་བཀྲའི་རྒྱས་མཚན་ཏེ། །གུས་པར་འབུལ་ན་ཆོས་ཀུན་གཟིགས་པའི་སྤྱན། །རབ་གསལ་བུང་བའི་གར་གྱིས་རྩེན་བཞིན་དུ། །ལེགས་བཤད་སྦྲང་རྩི་དངར་བས་དགྱེས་མཛད་ནས། །སླར་ཡང་ཆབ་མི་འཚལ་བར་རང་ཅག་ལ། །ངེས་པར་སྩོལ་བའི་སྐུ་དྲིན་མཛོད་ཅིག་གུ། །”ཞེས་འཁོད་པས། 《གསར་རྙིང་བརྡ་ཡི་རྣམ་དབྱེ་འགྲེལ་པ་གསལ་བྱེད་རིན་ཆེན་སྒྲོན་མེའི་ཕྲེང་བ》དང་། སྣ་ཚོགས་མིང་གི《མངོན་བརྗོད་ཆེས་རྒྱས་པ་རིན་ཆེན་ཕུང་པོ》འི་གཞུང་དང་། དེའི་འགྲེལ་པ། 《གསང་ཆེན་རྡོ་རྗེ་ཐེག་པའི་རིམ་གཉིས་རྣམ་གཞག་མཐའ་དག་གསལ་བའི་བསྟན་བཅོས་ལེགས་བཤད་ཉི་འོད་སྟོང་ལྡན》ཞེས་བྱ་བ་དང་། འབྲི་གུང་རིག་འཛིན་ཆོས་ཀྱི་གྲགས་པའི་གསུང་ཡ་མཱ་རིའི་སྦྱིན་སྲེག་དངོས་གྲུབ་འདོད་འཇོའི་ཁ་སྐོང་ལས། རྗེ་ཀརྨ་ཕྲིན་ལས་གཉིས་པས་མཛད་པ《རྒྱུད་སྡེ་རྒྱ་མཚོའི་སྦྱིན་སྲེག་གི་རྣམ་བཤད་གསལ་བྱེད་ཡེ་ཤེས་འབར་བའི་མེ་དཔུང་ལེགས་བཤད་འོད་ཀྱི་དཀྱིལ་འཁོར》ཞེས་བྱ་བ་ཡོད་པར་གསལ་བ་བཅས་དང་། གཞལ་ཡས་ཁང་གི་རྣམ་བཤད། དཔལ་ཡེ་ཤེས་མགོན་པོའི་ལོ་རྒྱུས་འབེ་ལོས《དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ཅན་ལྕམ་དྲལ་གྱི་ཆོ་གའི་དམིགས་རིམ་གསལ་བར་བཀོད་པ་སྔགས་ནག་ཁ་ཡི་ཧོང་གཏམ》ལས་གསུངས་པ་སོགས་བསྟན་བཅོས་དུ་མ་བརྩམས་པ་དང་། གཞན་ཡང་མདོ་སྔགས་རིག་གནས་དང་བཅས་པའི་སྔོན་མེད་འགའ་བརྩམས་ཀྱང་ཁ་ཤས་ཡུལ་གཞན་དུ་འཁྱར་བ་དང་། འགའ་ཞིག་ཟིན་བྲིས་སུ་བཏབ་ཅིང་གླེགས་བམ་གྱི་གཟུགས་སུ་མ་གྲུབ་པའང་ཡོད་ཚུལ་ཆབ་ཤོག་ཚངས་དགྱེས་རོལ་མོ་ལས་གསལ་བས་སོ། །

མཁས་དབང་མཆོག་གི་སྐུ་ཚེའི་མཇུག་གི་མཛད་ཕྲིན་ཇི་ལྟར་བསྐྱངས་ཚུལ།

དེ་ལྟར་བཤད་སྒྲུབ་ཀྱི་རྣམ་གཉིས་ཀྱི་བླ་མ་གནང་གྲུབ་ནས་དུས་ཚོད་གང་དུ་སྐུ་ངལ་གསོས་པ་འབྲེལ་ཡོད་ཀྱི་ཡིག་ཚང་ལས་མི་གསལ། འོན་ཀྱང་མཁས་དབང་ཉིད་ཀྱི་ཆབ་ཤོག་དང་། 《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ཟླ་བ་ནོར་བུ་ཆུ་ཤེལ་ཕྲེང་བ》ལས་ཞྭ་དམར་ལྔ་པའི་རྣམ་ཐར་དང་ཕན་ཚུན་གུང་སྒྲིག་ན། ས་རྟ་སྤྱི་ལོ(༡༥༥༨)ལོརཞྭ་དམར་རིན་པོ་ཆེ་སྒར་ཆེན་དང་བཅས་པ་ལྷོ་བྲག་ཏུ་དཔའ་བོ་རིན་པོ་ཆེར་ཕྱག་འབུལ་དུ་ཆེད་ཕེབས་སྐབས་མཁས་དབང་དཔལ་ཁང་པ་སྒར་ཆེན་དུ་བཞུགས་པར་རིན་སྤུངས་སུ་ཕུལ་བའི་ཆབ་ཤོག་ལས་གསལ་ལ། ཡང་བྱང་ངམ་རིང་དང་། རིན་སྤུངས་ཀྱི་ས་ཆ་སོགས་ལས་ཆིབས་བསྐྱོད་གནང་བར་ཡང་འཁོད་པས། ཤིང་ཡོས་སྤྱི་ལོ(༡༥)ལོར་མཆིམས་ཕུའི་སྒྲུབ་སྡེ་ནས་ཞལ་གྱེས་པ་ཡིན་ནམ་སྙམ། ཐུབ་ཆེན་གདན་སའི་སློབ་དཔོན་ནས་གོང་གསལ་ལྟར་བགྲང་བྱ་བཞི་སོང་རྗེས། ལྕགས་ཁྱི་སྤྱི་ལོ(༡༥༥༠)ལོའི་ནང་ཙམ་ནས་ཞལ་གྱེས་པར་སེམས། རེད་དེ་ཡིག་ཚང་གཞན་ལས་ཐུབ་ཆེན་གདན་ས་དང་། དཔལ་ཁང་ལོ་ཙཱ་དང་འབྲེལ་བའི་སྐོར་རྙེད་སོན་བྱུང་ན་དཔྱད་བསྡུར་བྱ་བའི་གནས་སོ། །

ལྕགས་སྤྲེལ་སྤྱི་ལོ(༡༥༦༠)ལོའིཟླ་བ་གཉིས་པར་ཞྭ་དམར་ལྔ་པ་མཆོག་གིས་རྗེ་བརྒྱད་པའི་ཚེམས་གདུང་མཆོད་རྟེན་རབ་གནས་གྲུབ་འཕྲལ། ཀརྨ་ཕྲིན་ལས་གཉིས་པ་དང་། ཟུར་རི་བླ་མ་སོགས་གཉུག་མར་བཞུགས་པའི་སྐྱེས་ཆེན་དུ་མ་དང་། དགེ་སློང་བསམ་གཏན་པ་དང་། དབོན་བཟོད་བཟང་སོགས་བྱང་ངོས་ཀྱི་རི་པ་དང་། དགོན་སྡེར་བཞུགས་པའི་ཚོགས་པ་ཉིས་སྟོང་ལྷག་ལ་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་ཡོངས་རྫོགས་དང་། གཞན་ཡང་སོ་སོའི་མོས་བསྟུན་བཞིན་དབང་བཀའ་ཁྲིད་ལུང་མན་ངག་ཅི་རིགས་གནང་སྐབས་མཁས་དབང་དཔལ་ཁང་པ་མཆོག་གདན་ས་ཡངས་པ་ཅན་དུ་བཞུགས་ཤིང་། གཉུག་མར་གནས་པའི་སྐྱེས་ཆེན་དུ་མ་ཞེས《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ཟླ་བ་ནོར་བུ་ཆུ་ཤེལ་ཕྲེང་བ》ལས་ཞྭ་དམར་ལྔ་པའི་རྣམ་ཐར་ཐད་སྨོས་པས། མཁས་དབང་དཔལ་ཁང་པ་སོགས་དབེན་པར་ཐུགས་དམ་ཉམས་བཞེས་ཁོ་ན་ལྷུར་ལེན་མཛད་པར་མངོན།

ལྕགས་སྤྲེལ་སྤྱི་ལོ(༡༥༦༠)ལོའིཟླ་བ་ལྔ་པའི་ཚེས་བཅུ་གསུམ་ཉིན་སྒར་ཆེན་ཁམས་སུ་ཕེབས་པར་བཀྲ་ཤིས་མཐོང་སྨོན་དུ་བཞུགས་སྒར་སྐར་གནོན་མཛད་སྐབས། ཞྭ་དམར་དཀོན་མཆོག་འབངས་ཀྱིས་ཆོས་རྗེ་དཔལ་ཁང་པདང་། སྒོམ་ཆེན་གཞོན་བློ་བ་སོགས་གཞི་བཞུགས་ཕལ་ཆེར་རྣམས་ལ་ཕྱག་འབུལ་བགྱིསཔར《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ཟླ་བ་ནོར་བུ་ཆུ་ཤེལ་ཕྲེང་བ》ལས་ཞྭ་དམར་ལྔ་པའི་རྣམ་ཐར་དུ་གསལ་བས། མཁས་དབང་དཔལ་ཁང་ལོ་ཙཱ་ནི་སྐབས་དེར་ཀརྨ་བཀའ་བརྒྱུད་པ་མཚོན་ན་མི་སྣགལ་ཆེན་ཡིན་ས། ཞྭ་དམར་རིན་པོ་ཆེའི་དབུས་རྒྱལ་བ་ཡབ་སྲས་རྣམས་ཀྱིས་ཀྱང་བཀུར་བཟོས་ཆེར་མཛད་པར་ཤེས་ཐུབ་བོ། །

མཁས་དབང་མཆོག་གི་འདས་ལོ་ལ་དཔྱད་པ།

དཔལ་ཁང་ལོ་ཙཱ་མཆོག་དགོངས་པ་ཞི་དབྱིངས་སུ་མནལ་བའི་ལོ་ཚིགས་ཞིབ་ཕྲ་མ་ངེས་ལ། འོན་ཀྱང་ཡིག་ཚང་ཕན་ཚུན་གུང་སྒྲིག་ན། རབ་བྱུང་དགུ་པའི་ལྕགས་སྤྲེལ་སྤྱི་ལོ(༡༥༦༠)ལོར་དམ་པ་ཁོང་སྐུ་འཚོ་བཞུགས་ཡིན་པར《ཀཾ་ཚང་ཆོས་འབྱུང་རབ་འབྱམས་ཟླ་བ་ནོར་བུ་ཆུ་ཤེལ་ཕྲེང་བ》ལས་སྨོས་ཤིང་ འདས་ལོ་གང་ཡིན་མི་གསལ། འོན་ཀྱང་ཀརྨ་མཁས་མཆོག་གཞན་ཕན་དབང་པོའི་སྡེའི་གསུང་རྩོམ《བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མའི་ལོ་རྒྱུས་རྡོ་རྗེ་ཐེག་པའི་ཟབ་གསང་འདོད་དགུའི་བུམ་བཟང་》གི་རྩོམ་བྱང་དུ། “རྒྱལ་དབང་ཀརྨ་པ་ཡབ་སྲས་རྣམས་ཀྱིས་ཐུགས་རྗེས་འཚོ་བའི་བཀའ་འབངས། ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ཀརྨ་མཁས་མཆོག་གཞན་ཕན་དབང་པོའི་སྡེ་ཞེས་བགྱི་བས་རང་ལོ་ལྔ་བཅུ་པ་ཆུ་བྱི་ཧོར་ཟླ་གཉིས་པ་ལ། གྲུབ་པའི་སློབ་དཔོན་པདྨ་སམྦྷ་བའི་སྒྲུབ་གནས་ཀྱི་འདབས་རིག་འཛིན་རྒྱལ་བྱེད་ཚལ་གྱི་གཙུག་ལག་ཁང་དུ་དབུ་བཙུགས་ནས། ཧོར་ཟླ་དྲུག་པའི་རྒྱལ་མཆོག་ཀརྨ་པའི་མཆོད་པའི་དུས་ཆེན་ཉེར་བརྒྱད་ཀྱི་ཉིན། སྤྲོ་ཞིང་དང་བ་འདྲེན་པ་གྲྭ་ཕྱི་ཐར་པ་གླིང་གི་གཙུག་ལག་ཁང་དུ་རྫོགས་པར་སྦྱར་བའོ། །འདིས་ཀྱང་སྒྲུབ་བརྒྱུད་ཀྱི་བསྟན་པ་ཡུན་རིང་དུ་གནས་པའི་རྒྱུར་བསྔོའོ། །”ཞེས་སྨོས་པས། རྡོ་རྗེ་རྣལ་འབྱོར་མའི་ལོ་རྒྱུས་བརྩམས་གྲུབ་པའི་ཆུ་བྱི་ལོ་ནི། རབ་བྱུང་བཅུ་པའི་ཆུ་བྱི་སྤྱི་ལོ(༡༦༡༢)ལོར་ཁེལ་ཞིང་། ཆུ་བྱི་མི་ལོ་ལྔ་བཅུ་ཡར་དེད་པས། རབ་བྱུང་དགུ་པའི་ཆུ་ཁྱི་སྤྱི་ལོ(༡༥༦༢)ལོར་སྔགས་གྲྭ་སློབ་དཔོན་ཀརྨ་མཁས་མཆོག་གཞན་ཕན་དབང་པོ་སྐུ་འཁྲུངས་པར་གསལ། ཁོང་ནི་མཁས་དབང་དཔལ་ཁང་ལོ་ཙཱའི་སྐུ་སྐྱེ་ཡིན་ཚུལ། 《དཔལ་དུས་ཀྱི་འཁོར་ལོའི་སྤྱི་བཤད་མཁས་པའི་མགུལ་རྒྱན》གྱི་སྦྱར་བྱང་དུ། “དཔལ་ཁང་ལོ་ཙཱའི་སྐྱེ་བ་མཁས་མཆོག་གཞན་ཕན་དབང་པོའི་སྡེས་མཛད་པའོ། །”ཞེས་གསལ་བ་དང་། སི་ཏུ་ཆོས་ཀྱི་རྒྱལ་མཚན་དགེ་ལེགས་དཔལ་བཟང་པོའི་གསུང་《དཔལ་ཡེ་ཤེས་ཀྱི་མགོན་པོ་རྡོ་རྗེ་བེར་ནག་པོ་ཅན་གྱི་ལོ་རྒྱུས་ཀུན་གྱིས་སྤྱོད་ཡུལ་མ་ཡིན་པའི་མཆོག་གསང་གསལ་བར་བསྒྲགས་པ་ངོ་མཚར་གསར་པའི་གཏམ་སྙན》ལས། “སྔགས་གྲྭ་རིག་འཛིན་མཁའ་སྤྱོད་གླིང་གི་སློབ་དཔོན་སྐྱེས་སྦྱངས་ཀྱི་བློ་གྲོས་དང་ལྡན་པ་དཔལ་ཁང་སྐུ་སྐྱེ་ཀརྨ་མཁས་མཆོག་གཞན་ཕན་དབང་པོ”ཞེས་གསུངས་པས། ཀརྨ་གཞན་ཕན་དབང་པོ་ནི་མཁས་དབང་དཔལ་ལོ་ཙཱའི་སྤྲུལ་སྐུ་ཡིན་ཕྱིར། ཁོང་གི་འཁྲུངས་ལོ་ཆུ་ཁྱི་ཡིན་པར་གསལ་ཞིང་།  རྒྱལ་དབང་དགུ་པ་དང་ཞྭ་དམར་ལྔ་པ་ཡབ་སྲས་སྒར་ཆེན་དང་བཅས་པ་ཁམས་ནས་ཡར་ཕེབས་གྲུབ་ནས། ཤིང་གླང་སྤྱི་ལོ(༡༥༦༥)ལོར་རྒྱལ་དབང་དབང་ཕྱུག་རྡོ་རྗེ་གདན་ས་ཆེན་པོ་མཚུར་ཕུའི་སེང་ཁྲིར་མངའ་གསོལ་སྐབས་སོགས་སུ་དཔལ་ཁང་པའི་སྐོར་འབྲེལ་ཡོད་ཀྱི་ཡིག་ཚང་ལས་མི་གསལ་བས། མཁས་དབང་མཆོག་ལྕགས་སྤྲེལ་སྤྱི་ལོ(༡༥༦༠)འི་མཇུག་གམ། ལྕགས་བྱ་སྤྱི་ལོ(༡༥༦༡)ལོ་གང་རུང་དུ་ཞི་བར་གཤེགས་པ་ཡིན་ནམསྙམ།  རེད་དེསླད་ནས་གནའ་དཔེའི་འབྲེལ་ཡོད་ཀྱི་ལོ་རྒྱུས་སོགས་ཡིག་ཚང་གཞན་རྙེད་སོན་བྱུང་ན་ཞིབ་དཔྱད་དགོས་པར་སེམས་སོ།

 

ཞེས་མཁས་དབང་དཔལ་ཁང་ཞབས་ཀྱི་སྐུ་ཚེའི་མཛད་ཕྲིན་དང་འབྲེལ་བའི་རྣམ་ཐར་གྱི་དཔྱད་བརྗོད་ཉུང་ངུ་འདི་མཁས་དབང་ཉིད་ཀྱི་གསུང་རྩོམ་རྣམས་དང་། འབྲེལ་ཡོད་ཀྱི་ཡིག་ཚང་རྣམས་ལས་ཐར་ཐོར་འཁོད་པ་དག་བསྡུས་ཤིང་། ལོ་ཚིགས་རྣམས་ཕན་ཚུན་དཔྱད་བསྡུར་བགྱིས་ཏེ། 2023.2.10.ཉིན་ཐུབ་བསྟན་འོད་ཟེར་གྱིས་ལྷ་སར་མཇུག་ཡོངས་སུ་གྲུབ་པའོ། །


 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3563