དེ་ལ་བོད་གངས་རིའི་ལྗོངས་འདིར་ཐུབ་པ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡོངས་སུ་རྫོགས་པ་དར་ཞིང་རྒྱས་པར་གྱུར་པ་མ་ཟད། ཐེག་ཆེན་གྱི་བསྟན་པའི་མན་ངག་མཐར་ཐུག་གི་སྙིང་པོར་གྱུར་པ་དོ་ཧའི་ལུགས་ཀྱི་ཆོས་སྲོལ་ཡང་ཧ་ཅང་དར་ཞིང་རྒྱས་པར་གྱུར་ཡོད། རྗེ་བཙུན་ཀརྨ་ཕྲིན་ལས་པ་ཆེན་པོས་མཛད་པའི་དོ་ཧ་སྐོར་གསུམ་གྱི་འགྲེལ་པ་སེམས་ཀྱི་རྣམ་ཐར་གསལ་བ་སྟོན་པའི་མེ་ལོང་ལས་གསུངས་པ་ལྟར་སྤྱིར་བོད་ཀྱི་ཡུལ་འདིར་དོ་ཧའི་བསྟན་པ་ཆེས་ཆེར་དར་བ་ནི་གཙོ་བོར་རྗེ་མཻ་ཏྲི་པའི་ཐུགས་སྲས་གཙོ་བོ་བཞིའི་ཡ་གྱལ་རྒྱ་གར་ཕྱག་ན་ཉིད་ཀྱི་སྐུ་དྲིན་ལགས་ཤིང་། རྒྱ་གར་ཕྱག་ན་ནས་སྟོད་གཙང་ཤོད་པ་དང་ཤེར་སྒོམ་དར་སེང་སོགས་ནས་རིམ་པ་བརྒྱུད་པའི་དོ་ཧ་སྟོད་ལུགས་དང་། རྒྱ་གར་ཕྱག་ན་ནས་བལ་པུ་ཨ་སུ་སོགས་ལ་རིམ་པར་བརྒྱུད་པ་དོ་ཧ་སྨད་ལུགས་སུ་གྲགས་པ་གཉིས་ཡོད་པ་ལས། དེ་ཡང་སྟོད་ལུགས་པ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་ཆོས་སྐོར་བོད་དུ་འགྱུར་བ་ལ་སྔ་ཕྱི་བར་གསུམ་དུ་བྱས་ནས། སྔ་མ་ནི་སྐོར་ནི་རུ་པ་ལས་བརྒྱུད་པ་དང་། བར་པར་སྟོད་སྨད་གཉིས་ལས་སྟོད་འགྱུར་ཕྱག་ན་ནས་བོད་ཀྱི་སྟོན་ཆེན་རྣམས་ལ་གསུངས་པ་དང་། སྨད་འགྱུར་བལ་པོ་ཨ་སུ་ནས་བརྒྱུད་པ་རྣམས་སོ། །ཕྱི་འགྱུར་ནི་ཕྱག་ན་ནས་མངའ་རིས་ནག་པོ་ཤེར་དད་ལ་བརྒྱུད་པའི་བརྒྱུད་པར་བཤད་ཅིང་། རྗེ་མར་པའི་འགྱུར་ལ་ཟུར་འགྱུར་དུ་བཤད་པར་གྲགས་པ་སོགས་རྒྱས་པར་དེབ་ཐེར་སྔོན་པོ་རུ་གསལ་བ་ནང་བཞིན་ལ། གཞུང་དེར་གསལ་བ་ལྟར་ན་བོད་ཀྱི་དོ་ཧའི་བརྒྱུད་སྲོལ་མི་འདྲ་བ་རྣམ་པ་བརྒྱད་བཞུགས་ཡོད་པ་སྟེ། དང་པོ་ཇོ་བོ་རྗེ་ནས་འབྲོམ་སྟོན་ལ་བརྒྱུད་པ་དང་། གཉིས་པ་མར་ལུགས། གསུམ་པ་དངུལ་ཆུ་བཻ་རོའི་ལུགས། བཞི་པ་སྐོར་ནི་རཱུ་པའི་ལུགས། ལྔ་པ་སྟོད་ལུགས། དྲུག་པ་སྨད་ལུགས། བདུན་པ་རས་ཆུང་ལུགས། བརྒྱད་པ་ནག་པོ་ཤེར་དད་ནས་བརྒྱུད་པའི་ལུགས་སོ། །འོན་ཀྱང་སྟོད་ལུགས་དང་སྨད་ལུགས་དང་ནག་པོ་ཤེར་དད་ཀྱི་ལུགས་གསུམ་ཆར་ཡང་རྩ་བ་ཕྱག་ནའི་ལུགས་རང་ལས་གྱེས་པ་ཡིན་ཞིང་། རས་ཆུང་གི་ལུགས་ཀྱང་བལ་པོ་ཨ་སུ་དང་ཏི་ཕུ་པ་གཉིས་ལས་བརྒྱུད་པའི་བརྒྱུད་སྲོལ་ཡིན་པས་ཕྱག་ན་དང་འབྲེལ་ནས་ཡོད། དེ་བས་སྤྱིར་བོད་དུ་དར་བའི་དོ་ཧའི་ལུགས་སྲོལ་གྲགས་ཆེ་བ་གསུམ་ནི། རྒྱ་གར་ཕྱག་ན་རྡོ་རྗེ་ལ་བལ་པོ་ཨ་སུས་གསན། དེ་ལས་མཆེད་པ་དོ་ཧ་བལ་ལུགས་སུ་གྲགས་པ་དང་། རྗེ་རས་ཆུང་པས་དེ་དང་ཏི་ཕུ་པ་ལ་གསན་ནས་རིམ་པར་བརྒྱུད་པ་དོ་ཧ་རས་ཆུང་གི་ལུགས་དང་། བླ་མ་མངའ་རིས་པས་རྒྱ་གར་ཕྱག་ན་དང་བལ་པོ་ཨ་སུ་གཉིས་ཀ་ལ་གསན་ནས་སློབ་མ་གྲུ་ཤུལ་བ་ནས་རྗེ་ཕག་མོའི་གྲུ་པའི་སློབ་མ་པར་ཕུ་པ་བློ་གྲོས་སེང་གེ་ལ་བརྒྱུད་ཅིང་དེ་ནས་རིམ་པར་བརྒྱུད་པ་པར་ལུགས་སུ་གྲགས་པ་དང་གསུམ་མོ། །དེ་གསུམ་ཀ་ཡང་རྩ་བ་པཎྜི་ཏ་ཕྱག་ན་རྡོ་རྗེ་ལ་འབྲེལ་ནས་ཡོད་ཅིང་། རས་ཆུང་པའི་ལུགས་འདིར་ཏི་ཕུ་པའི་དོ་ཧའི་མན་ངག་ཀྱང་ཡོད་པས་ཕྱག་ན་ནས་བརྒྱུད་པའི་ཨ་སུ་སོགས་ཀྱི་ལུགས་ལ་མི་འབྱུང་བའི་བཤད་སྲོལ་གྱི་མན་ངག་ཁྱད་པར་ཅན་འགའ་ཡང་བཞུགས་པས་རས་ཆུང་ལུགས་ཞེས་དམིགས་སུ་བྱུང་བར་སྣང་། རས་ཆུང་ལུགས་ལ་ཡང་ཕྱིས་སུ་ཀར་ལུགས་དང་གླིང་ལུགས་གཉིས་སུ་མཆེད་ཅིང་། རྩ་བའི་ལུགས་སྲོལ་གཅིག་ལ་གཉིས་སུ་གྱེས་དོན་ཡང་། ཀར་ལུགས་འདི་ལ་རས་ཆུང་ནས་རིམ་པར་བརྒྱུད་པའི་མན་ངག་ཙམ་དུ་མ་ཟད་དངུལ་ཆུ་བཻ་རོ་ནས་བརྒྱུད་པའི་དམངས་དོ་ཧའི་མན་ངག་ཀྱང་ཆུ་བོ་གཅིག་འདྲེས་སུ་གྱུར་པ་དང་། མར་མི་ནས་དྭགས་པོར་བརྒྱུད་པའི་དོན་བརྒྱུད་ཀྱི་མན་ངག་ཀྱང་ཆུ་བོ་གཅིག་འདྲེས་སུ་བཞུགས་པའི་ཆ་ནས་རས་ཆུང་ལུགས་རང་རྐང་བ་ལས་ཁྱད་པར་དུ་གྱུར་པས་དོ་ཧ་ཀར་ལུགས་ཞེས་བྱེ་བྲག་ཏུ་གྱེས་པར་སྣང་། འདི་དག་གི་སྐོར་རྒྱས་པར་བཤད་ན་ཧ་ཅང་མང་མོད། རེ་ཞིག་མན་ངག་རྣམ་དག་ཀུན་དང་ལྡན་པའི་དོ་ཧ་ཀར་ལུགས་ཀྱི་མན་ངག་གི་བཤད་སྲོལ་གྱི་བརྒྱུད་པའི་རིམ་པ་ཇི་ལྟར་བྱུང་བའི་ཚུལ་མདོར་བསྡུས་ཤིག་བརྗོད་པ་འདོད་པ་ལ། ༡ ཀར་ལུགས་ཀྱི་དོ་ཧའི་མན་ངག་གི་བཤད་སྲོལ་ཆེས་ཐོག་མར་དབུ་བརྙེས་པའི་གནས་སྐབས་ཀྱི་རིམ་པ་དང་། ༢ མན་ངག་གི་བཤད་སྲོལ་དར་བའི་རིམ་པ། ༣ མན་ངག་བཤད་སྲོལ་གྱི་བརྒྱུད་པ་ཡོངས་སུ་རྫོགས་པའི་རིམ་པ་སྟེ་རིམ་པ་གསུམ་དུ་ཕྱེས་ཏེ་བཤད་ན་བརྒྱུད་པ་རིན་པོ་ཆེ་འདིའི་ཆེ་བ་རགས་རིམ་ཙམ་ཤེས་ནུས་པར་འདུག་གོ། །

༡ དེ་ཡང་ཆེས་ཐོག་མའི་རིམ་པ་ནི། སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བསྟན་པའི་ཤིང་རྟའི་སྲོལ་འབྱེད་པ་པོ་ནི་ཆོས་རྗེ་དུས་གསུམ་མཁྱེན་པ་ཡིན་ཞིང་། ཆོས་རྗེ་དུས་གསུམ་མཁྱེན་པས་དངུལ་ཆུ་བཻ་རོ་ལ། ས་ར་ཧའི་དམངས་དོ་ཧ་དང་། ཀ་ཁའི་དོ་ཧ། གྲུབ་ཆེན་ཤ་ཝ་རིའི་དོ་ཧ། བིར་ཝ་པའི་དོ་ཧ། གྲུབ་ཆེན་ཏེ་ལོ་པའི་དོ་ཧ། ནཱ་རོ་པའི་དོ་ཧ་བཅས་དོ་ཧ་སྐོར་དྲུག་ཅེས་ཡོངས་སུ་གྲགས་པ་རྣམས་གསན་པ་སྟེ། དེ་ཡང་ཀརྨ་བཀྲ་ཤིས་ཆོས་འཕེལ་གྱིས་བརྩམས་པའི་ཕྱག་ཆེན་རྒྱ་གཞུང་ཕྱོགས་བསྒྲིགས་ཀྱི་དཀར་ཆག་གྲུབ་པའི་རྣ་རྒྱན་དུ། དོ་ཧ་ལ་དོ་ཧ་མཛོད་དྲུག་ཏུ་གྲགས་པའི་བརྒྱུད་པ་ནི། རྒྱལ་བ་མཻ་ཏྲི་པ། སུ་རཱ་པ་ལ། དངུལ་ཆུ་བཻ་རོ། རྗེ་དུས་གསུམ་མཁྱེན་པ་ཕྱིན་ཆད་འདྲ། ཞེས་གསུངས་ཡོད། འཇམ་མགོན་རིན་པོ་ཆེའི་གསན་ཡིག་དགོས་འདོད་ཀུན་འབྱུང་ནོར་བུའི་བང་མཛོད་ལས། བྲམ་ཟེ་ཆེན་པོའི་དམངས་དོ་ཧ་ནི། ས་ར་ཧ། ཤ་ཝ་རི། མཻ་ཏྲི་པ། དངུལ་ཆུ་བཻ་རོ། རྗེ་དུས་གསུམ་མཁྱེན་པ། རས་ཆེན་བསོད་ནམས་གྲགས་པ། སྤོམ་བྲག་པ་བསོད་ནམས་རྡོ་རྗེ། ཀརྨ་པཀྵི། གཉན་རས་དགེ་འདུན་འབུམ། རྗེ་རང་བྱུང་རྡོ་རྗེ། གཡུང་སྟོན་པ་མན་ཆད་སྔར་དང་འདྲ། ཞེས་མཻ་ཏྲི་པ་ལ་དངུལ་ཆུ་བཻ་རོས་གསན་པ་ལྟར་འཁོད་འདུག་པ་འདི་ནི་ཆད་སྐྱོན་ཤོར་བའམ་ཡི་གེ་པ་མ་དག་པའི་སྐྱོན་གང་རུང་དུ་སྣང་སྟེ། དངུལ་ཆུ་བཻ་རོས་མཻ་ཏྲི་པ་མཇལ་བའི་ལོ་རྒྱུས་མེད་ཅིང་། མཻ་ཏྲི་པའི་སློབ་མ་རྣལ་འབྱོར་སུ་རཱ་པ་ལ་དོ་ཧའི་སྐོར་དང་མཻ་ཏྲི་པའི་ཆོས་སྐོར་རྣམས་གསན་པར་དེབ་ཐེར་སྔོན་པོའི་ནང་དུ་གསལ་ཡོད། དེ་ཡང་དེབ་ཐེར་སྔོན་པོ་ལས། དེ་ལ་པཎྜི་ཏ་བཻ་རོ་ཙ་ན་རཀྵི་ཏ་ནི། ཞེས་སོགས་ནས། དེ་ལྟ་བུའི་གྲུབ་ཐོབ་ཆེན་པོ་དེ་ནི་མཐར་འོན་གྱི་སྒང་ཁར་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །ཞེས་པའི་བར་རོ། །འོན་ཀྱང་དེབ་སྔོན་དུ་གྲུབ་ཆེན་འདིའི་སློབ་མ་རྣམས་གྲངས་འདྲེན་མཛད་པའི་ཚེ་དུས་མཁྱེན་མི་གསལ་བའི་རྒྱུ་མཚན་གང་ཡིན་ནམ་སྙམ། དེ་ཉིད་ལས། འདིའི་སློབ་མ་ཡང་ལ་སྟོད་དུ་སྤྲུལ་སྐུ་ཟླ་བ་འོད་ཟེར། གཙང་དུ་རིན་པོ་ཆེ་རྒྱལ་ཚ། དབུས་སུ་ཞང་རིན་པོ་ཆེ་སྟེ། བོད་དུ་ཡུན་རིང་བཞུགས་པས་སློབ་མ་མང་པོ་ཡོད་པར་ངེས་ཀྱང་ཡི་གེ་མ་མཐོང་བས་དེ་ཙམ་ལས་བགྲང་བར་མི་དཔྱོད་དོ། །ཞེས་གསུངས། དེ་བཞིན་དུ་ཀརྨ་ཕྲིན་ལས་པའི་ཡིག་ཆར་ཡང་རྗེ་རས་ཆུང་པ་ནས་ཟངས་རི་རས་པ་དང་དེ་ནས་རིམ་པར་རྗེ་རང་བྱུང་པ་ལ་བརྒྱུད་པའི་སྐོར་ལས་དུས་མཁྱེན་ནས་བརྒྱུད་པའི་སྐོར་མི་གསལ་ཞིང་། རྗེ་རང་བྱུང་ཞབས་ཀྱི་རྣམ་ཐར་བར་དོ་མར་གྲགས་པ་ལས་ཀྱང་། དོ་ཧ་སྐོར་གསུམ་ཐུན་འཇོག་ཤམ་བུ་ཅན། །རྒྱལ་བ་རྒྱ་མཚོ་མཁའ་འགྲོ་ཐུགས་བསྒྲུབས་དང་། །གཏུམ་མོ་རྣམས་གསུམ་ཁྱུང་གི་ཤམ་བུ་ཅན། །ཕག་མོ་བདེ་མཆོག་རིག་འཛིན་ཤམ་བུ་ཅན། །ཐབས་བཞི་ཆོས་འཁོར་ཆོས་དྲུག་ཤམ་བུ་ཅན། །བསྲེ་བ་དགུ་བསྐོར་རོ་སྙོམས་ཤམ་བུ་ཅན། །སྡེ་བརྒྱད་གནད་འཁོར་ལོག་ཏྲིའི་ཤམ་བུ་ཅན། །ཚེ་བསྒྲུབས་རྣམ་གསུམ་ཚར་གསུམ་ཁུག་པ་དང་། །བསྙེན་བསྒྲུབས་ཕྱག་རྒྱ་རྣམ་གསུམ་དོན་ཁྲིད་དང་། གཟེར་ལྔ་གེགས་སེལ་ལུས་མེད་ཆོས་སྐོར་དགུ། །རས་ཆུང་ནས་རྒྱུད་གདམས་པའི་གཙོ་བོ་ཡིན། །ཞེས་དོ་ཧ་སྐོར་གསུམ་ནི་རས་ཆུང་ནས་བརྒྱུད་པའི་གདམས་པའི་སྐོར་ཡིན་པ་ལས་བཻ་རོའི་སྐོར་མི་གསལ་བ་ཙམ་དུ་མ་ཟད། ཡང་དེ་ཉིད་ལས། དྲག་པོ་གསུམ་འདུལ་མེ་ལྕེའི་བསྒྲུབས་པ་དང་། །རྣམ་འཇོམས་རིགས་གསུམ་ལ་སོགས་ཕྱག་རྡོར་སྐོར། །འཇམ་དཔལ་དཀར་དམར་སེར་པོའི་བསྒྲུབ་ཐབས་དང་། །སྒྲོལ་མ་བརྒྱ་རྩ་སེང་ལྡིང་ནགས་སྒྲོལ་དང་། །ཀུ་རུ་ཀུ་ལེའི་རྟོགས་པ་བསྒྲུབས་སྐོར་ནི། །བཻ་རོ་ལས་བརྒྱུད། །ཅེས་གསུངས་པ་ཙམ་ལས་དོ་ཧའི་སྐོར་ཅི་ཡང་མི་གསལ་ལོ། །ཕྱིས་ཀྱི་མཁས་པ་འཇམ་མགོན་རིན་པོ་ཆེས་མཛད་པའི་གསན་ཡིག་དང་། ཀརྨ་བཀྲ་ཤིས་ཆོས་འཕེལ་གྱིས་མཛད་པའི་དཀར་ཆག་གྲུབ་པའི་རྣ་རྒྱན་བཅས་ལས་བཻ་རོ་ནས་དུས་མཁྱེན་ལ་བརྒྱུད་པའི་དམངས་དོ་ཧའི་བརྒྱུད་པ་ཡོད་སྐོར་གསལ་ཞིང་། དེ་ལས་གཞན་པའི་དེ་དག་ལས་སྔོན་གྱི་ཡིག་ཆ་གཞན་དུ་དེ་ལྟར་དུ་གསུངས་པར་མ་མཇལ། དེ་ལྟ་ན་ཡང་རྗེ་དུས་མཁྱེན་ཉིད་ཀྱི་དངོས་སློབ་སྒང་ལོས་མཛད་པའི་རྗེ་དུས་གསུམ་མཁྱེན་པའི་རྣམ་ཐར་ལས། དེའི་ཚེ་བླ་མ་བཻ་རོ་ལ་དབང་དང་བྱིན་རླབས་ཞུས་ནས་བདེ་མཆོག་ལྷན་སྐྱེས་དང་། རྗེ་བཙུན་མ་ཨོ་རྒྱན་མ་དང་། ཏཻ་ལོའི་དོ་ཧ་དང་། ཕྱག་རྒྱ་ཆེན་པོའི་གཏུམ་མོ་ལྷན་སྐྱེས་ལ་སོགས་པ་མང་དུ་ཞུས། ཞེས་པ་ཙམ་གྱིས་གྲུབ་བམ་སྙམ་ཡང་། མཁྱེན་པ་དང་ལྡན་པ་ཚོས་ཁུངས་ལྡན་གྱི་ཡིག་ཆ་རེ་རྙེད་ན་སྩོལ་མཛད་པའི་རེ་བ་ཞུའོ། །གཞན་ཡང་ཞལ་རྒྱུན་ལ་ལར་རྗེ་རས་ཆུང་པ་ནས་དུས་མཁྱེན་དང་། དེ་ནས་རྒྱ་ཕོ་བ་ལུང་པ། དེ་ནས་འགྲོ་མགོན་རས་ཆེན་ལ་བརྒྱུད་པར་བཤད་སྲོལ་ཡང་འདུག་ཀྱང་། རས་ཆུང་ལུགས་ཀྱི་བརྒྱུད་པ་ནི་གཙོ་བོར་བླ་མ་ཟངས་རི་རས་པ་ནས་རིམ་པར་བརྒྱུད་པ་ཉིད་ཡིན་པར་སྣང་སྟེ། ཆོས་རྗེ་ཀརྨ་ཕྲིན་ལས་པའི་ཡིག་ཆ་དང་ཀརྨ་བཀྲ་ཤིས་ཆོས་འཕེལ་གྱིས་མཛད་པའི་དཀར་ཆག་ཏུ་བཀོད་པའི་བརྒྱུད་ཡིག་ལ་ཡང་དེ་ལྟར་སྣང་ངོ་། །དེ་ལྟར་ན་ཀར་ལུགས་ཀྱི་དོ་ཧའི་བཤད་སྲོལ་ཆེས་ཐོག་མ་ནི། བླ་མ་དངུལ་ཆུ་བཻ་རོའི་ལུགས་ཀྱི་དོ་ཧ་སྐོར་དྲུག་གི་བརྒྱུད་པ་རྗེ་དུས་མཁྱེན་ལ་བྱུང་བ་ནས་དབུ་བརྙེས་པར་བཤད་ཆོག་འདུག་ཅིང་། གཞན་ཡང་ཆོས་རྗེ་འདི་པ་ལ་རྗེ་སྒམ་པོ་པ་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོའི་ཐུན་མོང་མ་ཡིན་པའི་མན་ངག་རྣམས་དང་། རྗེ་རས་ཆུང་ནས་བརྒྱུད་པའི་མན་ངག་དང་། རྗེ་བཙུན་མི་ལ་རས་པའི་དངོས་སློབ་དགེ་ཚུལ་སྤུན་གཉིས་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོའི་རྡེའུ་སྐོར་སོགས་ཀྱི་མན་ངག་གི་བརྒྱུད་པ་ཡང་བཞུགས་པ་ལགས་མོད། དོ་ཧ་རང་རྐང་གི་ལུགས་ཀྱི་བཤད་སྲོལ་ནི་བླ་མ་དངུལ་ཆུ་བཻ་རོ་ནས་བརྒྱུད་པ་ལས་གཞན་གསལ་ཁ་ཅན་མི་སྣང་ངོ་། །

༢ དེ་ནས་རིམ་པར་དོ་ཧ་ཀར་ལུགས་ཞེས་རང་རྐྱ་འཕེར་བ་བྱུང་ཞིང་མན་ངག་གི་བཤད་སྲོལ་དར་བའི་དུས་ནི་རྗེ་རང་བྱུང་རྡོ་རྗེའི་སྐུ་དུས་ནས་བྱུང་བ་ཡིན་ཏེ། དེ་ནས་བཟུང་སྟེ་ཀར་ལུགས་ཀྱི་དོ་ཧའི་བཤད་སྲོལ་ཞེས་ཁྱད་པར་དུ་དར་བ་ཡིན་པས། དོ་ཧ་ཀར་ལུགས་བར་པའི་སྐབས་མན་ངག་གི་བཤད་སྲོལ་དར་བའི་རིམ་པ་ཡིན་ཞེས་བཤད་ཀྱང་མི་པ་རུང་མེད། དེ་ཡང་ཆོས་རྗེ་ཀརྨ་ཕྲིན་ལས་པས་མཛད་པའི་དོ་ཧ་སྐོར་གསུམ་གྱི་འགྲེལ་པ་ལས། རས་ཆུང་ལུགས་ལ་ཡང་ཟངས་རི་རས་པ། འགྲོ་མགོན་རས་ཆེན། སྤོམ་བྲག་པ། ཀརྨ་པ། གཉན་རས་ལས་བརྒྱུད་དོ། །རྗེ་རང་བྱུང་བས་ཊཱིཀ་མཛད་པས་དོ་ཧ་ཀར་ལུགས་དང་། ཞེས་གསུངས་པ་དང་། ཀརྨ་བཀྲ་ཤིས་ཆོས་འཕེལ་གྱིས་མཛད་པའི་དཀར་ཆག་ལས། བྱེ་བྲག་ཏུ་དཔལ་ས་ར་ཧའི་དོ་ཧ་སྐོར་གསུམ་དང་། ཀ་ཁའི་དོ་ཧ་སོགས་གཙོ་བོར་གྱུར་པའི་བརྒྱུད་པ་ཁྱད་པར་ཅན་ནི། མཻ་ཏྲི་པ་ནས། ཏི་ཕུ་པ། རས་ཆུང་པ། བླ་མ་ཟངས་རི་རས་པ། སི་ཏུ་འགྲོ་མགོན་རས་ཆེན། སྤོམ་བྲག་པ་བསོད་ནམས་རྡོ་རྗེ། གྲུབ་ཆེན་ཀརྨ་པཀྵི་ཆོས་ཀྱི་བླ་མ། གཉན་རས་དགེ་འདུན་འབུམ། ཀརྨ་པ་རང་བྱུང་རྡོ་རྗེ། གཡུང་སྟོན་རྡོ་རྗེ་དཔལ། ཀརྨ་པ་རོལ་པའི་རྡོ་རྗེ། ཞྭ་དམར་མཁའ་སྤྱོད་དབང་པོ། ཀརྨ་པ་དེ་བཞིན་གཤེགས་པ། སོག་དབོན་རིགས་པའི་རལ་གྲི། ཀརྨ་པ་མཐོང་བ་དོན་ལྡན། བན་སྒར་བ་འཇམ་དཔལ་བཟང་པོ། ཀརྨ་པ་ཆོས་གྲགས་རྒྱ་མཚོ་ཕྱིན་ཆད་འདྲ། ཞེས་གསུངས། དེ་ལྟར་ན་རྗེ་ཀརྨ་པ་རང་བྱུང་རྡོ་རྗེས་དམངས་དོ་ཧའི་འགྲེལ་པ་ཚིག་རྒྱན་དྲི་མ་མེད་པའི་སྒྲོན་མེ་དང་། དོ་ཧ་གསུམ་པོ་སོ་སོའི་ས་བཅད་མཆན་བུ་དང་བཅས་པ་རྣམས་མཛད་པས་དོ་ཧ་ཀར་ལུགས་ཞེས་གྲགས་པར་བྱུང་བ་འདི་ལ། དངུལ་ཆུ་བཻ་རོ་ནས་རྗེ་དུས་མཁྱེན་དང་དེ་ནས་འགྲོ་མགོན་རས་ཆེན་སོགས་ནས་རིམ་པར་ཆོས་རྗེ་རང་བྱུང་རྡོ་རྗེའི་བར་དུ་བརྒྱུད་པའི་དོ་ཧ་བཻ་རོའི་ལུགས་ཀྱི་བཤད་སྲོལ་མན་ངག་གི་བརྒྱུད་པ་དང་། བལ་པོ་ཨ་སུ་ནས་རས་ཆུང་པ་དང་དེ་ནས་རིམ་པར་ཆོས་རྗེ་རང་བྱུང་རྡོ་རྗེའི་བར་དུ་བརྒྱུད་པའི་དོ་ཧ་སྨད་ལུགས་ཀྱི་བཤད་སྲོལ་མན་ངག་གི་བརྒྱུད་པ་དང་། ཏི་ཕུ་པ་ནས་རས་ཆུང་པར་རིམ་པར་བརྒྱུད་པའི་དོ་ཧ་རས་ཆུང་ལུགས་ཀྱི་བཤད་སྲོལ་མན་ངག་གི་བརྒྱུད་པ་བཅས་བཞུགས་པ་ལགས་ཤིང་། བརྒྱུད་པའི་མན་ངག་རྣམ་གསུམ་ཆུ་བོ་གཅིག་ཏུ་འདྲེས་པའི་བཤད་སྲོལ་ཁྱད་པར་ཅན་ནི་དེ་ནས་བྱུང་སྣང་ངོ་། །དེ་ཡང་རྗེ་རང་བྱུང་ཞབས་ཉིད་ཀྱིས་མཛད་པའི་མཛད་བྱང་ལས། མཻ་ཏྲི་པ་དང་ཏི་ཕུ་ཕྱག་ན་རས་ཆུང་པའི། །ལེགས་བཤད་དྲི་མེད་བདུད་རྩིའི་རྒྱུན་ལས་གང་རྙེད་པ། ༏ཞེས་གསུངས་པ་ལྟར་རོ། །དེེར་བཻ་རོ་ནས་བརྒྱུད་པའི་བཤད་སྲོལ་མི་གསལ་བས་འདིའི་གནད་གང་ཡིན་ལའང་དཔྱད་དགོས་པར་གྱུར་ཡོད། རྗེ་རང་བྱུང་ཞབས་ཀྱི་འགྲེལ་པར་ཊཱིཀ་དང་གླིང་ཊཱིཀ་རྣམས་ཀྱི་ལེགས་བཤད་ཀྱང་མདོར་བསྡུས་བསྡུས་ཡོད་པར་གསུངས་ཡོད། ཕྱིས་སུ་ཡང་ཆོས་ཀྱི་རྗེ་དུལ་མོ་བཀྲ་ཤིས་འོད་ཟེར་གྱིས་བཤད་སྲོལ་ཀར་ཊཱིཀ་གི་བཤད་སྲོལ་འདི་ཉིད་དང་མཐུན་པར་དོ་ཧ་མཛོད་ཀྱི་རྣམ་བཤད་ཚིག་དོན་རབ་ཏུ་གསལ་བ་ཞེས་བྱ་མཛད་ཡོད་ཅིང་། ཆོས་རྗེ་ཀརྨ་ཕྲིན་ལས་པའི་འགྲེལ་པ་ལས་ཀྱང་ཆོས་རྗེ་རང་བྱུང་རྡོ་རྗེའི་འགྲེལ་པར་འདི་ཉིད་མཐུན་ཆེ་ཞིང་། དུལ་མོའི་འགྲེལ་པ་འདི་ནི་རྗེ་རང་བྱུང་ཞབས་ཀྱི་འགྲེལ་པ་སོར་བཞག་བྱས་ཏེ་མཛད་ཡོད།

༣ དོ་ཧའི་བརྒྱུད་པའི་མན་ངག་རྣམས་ཡོངས་སུ་རྫོགས་ཤིང་དར་ཞིང་རྒྱས་པའི་རིམ་པ་ནི་ཆོས་ཀྱི་རྗེ་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་སྐུ་དུས་སུ་བྱུང་བར་མངོན་ཏེ། ཆོས་ཀྱི་རྗེ་ཁོང་ལ་གོང་ནས་བཤད་པའི་བརྒྱུད་པའི་མན་ངག་དེ་དག་ཡོད་པའི་ཁར། དོ་ཧ་སྟོད་ལུགས་ཀྱི་མན་ངག་བཤད་སྲོལ་གྱི་བརྒྱུད་པ་དང་། ཕྱག་ནའི་སློབ་མ་བྲང་ཏི་བློ་གྲོས་དབང་ནས་རིམ་པར་བརྒྱུད་པའི་མན་ངག་གི་བརྒྱུད་པ་དང་། རས་ཆུང་ལུགས་ཀྱི་བརྒྱུད་པ་གཞན་རྣལ་འབྱོར་པ་བུ་སྒོམ་ནག་པོ་ནས་རྗེ་ཕག་མོ་གྲུབ་པ་དང་དེ་ནས་རིམ་པར་བརྒྱུད་པའི་བརྒྱུད་པ་དང་བཅས་པར་ཡང་བཞུགས་སོ། །དེ་ཡང་དོ་ཧ་སྟོད་ལུགས་ཀྱི་བརྒྱུད་པ་རྗེ་ཆོས་གྲགས་རྒྱ་མཚོ་ལ་ཇི་ལྟར་བརྒྱུད་པའི་ཚུལ་ནི། རྒྱ་གར་ཕྱག་ན་ནས། བ་རེག་གཙང་ཤོད་པ། སྣར་སྟོན་སྣེ་རིང་། ལྷ་རྗེ་སྟོན་མོ། རྗེ་བཙུན་སྨན་སྣང་བ། སྦྱང་ཕུབ་ཁུར་བ། རྒྱ་སོག་ཕུག་པ། གསེར་སྡིང་པ་གཞོན་ནུ་འོད། ཀུན་མཁྱེན་ཆོས་སྐུ་འོད་ཟེར། དབུས་པ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། ཤབས་བག་སྟོན་གཞོན་ནུ་ཚུལ་ཁྲིམས། གཡུང་སྟོན་རྡོ་རྗེ་དཔལ། བླ་མ་བསོད་ནམས་བཟང་པོ། བླ་མ་ཚུལ་ཁྲིམས་མགོན་པོ། བྱང་སེམས་བསོད་ནམས་རྒྱལ་མཚན། མཁན་ཆེན་བསོད་ནམས་བཟང་པོ། གོ་ཤྲཱི་རིན་པོ་ཆེ་དཔལ་འབྱོར་དོན་གྲུབ། རྒྱལ་དབང་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོའི་བར་དང་། ཡང་ཕྱག་ནའི་སློབ་མ་བྲང་ཏི་བློ་གྲོས་དབང་ནས་རིམ་པར་བརྒྱུད་པའི་བརྒྱུད་པ་ཇི་ལྟར་བརྒྱུད་པའི་ཚུལ་ནི། རྒྱ་གར་ཕྱག་ན་ནས། བྲང་ཏི་བློ་གྲོས་དབང་པོ། གཙང་ཡང་དག་འབར། ཕུག་གཟུངས་སྐྱབས། གཙང་འབྱུང་སེ། ལྕེ་སྟོན་མདོ་སྡེ་སེང་གེ། ཀུན་མཁྱེན་ཆོས་སྐུ་འོད་ཟེར་མན་འདྲ། རས་ཆུང་ལུགས་བུར་སྒོམ་དྭགས་པོ་ནས་བརྒྱུད་པ་ནི། རས་ཆུང་པ། རྣལ་འབྱོར་པ་བུར་སྒོམ་ནག་པོ། རྒྱ་སོག་ཕུག་པ་མན་འདྲའོ། །དེ་ལྟར་ན་ཆོས་རྗེ་རང་བྱུང་རྡོ་རྗེ་ནས་རིམ་པར་བརྒྱུད་པའི་མན་ངག་གི་བཤད་སྲོལ་ཉིད་ཀྱིས་སྙིང་པོར་བྱས་ཏེ། གོང་གསལ་གྱི་བརྒྱུད་པའི་བཤད་སྲོལ་དེ་དག་ལས་འབྱུང་བའི་མན་ངག་གི་རིམ་པ་རྣམས་ཀྱང་ཀུན་ཚང་བར་བྱས་ཏེ་ཀུན་མཁྱེན་རྫོགས་པའི་སངས་རྒྱས་ཆོས་གྲགས་རྒྱ་མཚོས་དོ་ཧའི་མན་ངག་གི་བཤད་སྲོལ་ཆ་ཚང་ཞིང་ཡོངས་སུ་རྫོགས་པའི་དོ་ཧའི་བཤད་པ་རྒྱ་ཆེར་སྤེལ་བར་མཛད་དོ། །ཀརྨ་པ་ཆོས་གྲགས་རྒྱ་མཚོ་ལ་རྗེ་ཀརྨ་ཕྲིན་ལས་པས་དོ་ཧའི་བཤད་པ་དང་ཡིག་སྣ་རྣམས་ཀྱི་ལུང་ཀྱང་ལན་མང་དུ་རྫོགས་པར་གསན། ཁྱད་པར་རྒྱལ་བའི་དབང་པོ་ཆོས་གྲགས་རྒྱ་མཚོས་མན་ངག་ཀུན་ལྡན་གྱི་བཤད་སྲོལ་རྒྱས་པར་ལན་གྲངས་གནང་བའི་ཞལ་གྱི་རྒྱུན་དྲི་མ་མེད་པ་སྙིང་པོར་བྱས་ཤིང་། འཁྲུལ་ཞིག་པ་སངས་རྒྱས་བསམ་གྲུབ་ཀྱི་དགོངས་པ་ལྟར་པར་ཕུ་བ་བློ་གྲོས་སེང་གེའི་ཊཱི་ཀའི་འགྲོས་ཀྱི་རྨང་གཞིར་བྱས། ཐུན་མིན་ཕྱག་རྒྱ་ཆེན་པོ་རྟོགས་པ་དོན་བརྒྱུད་ཀྱི་མན་ངག་གིས་ཁོག་དབུབ་སྟེ་ མན་ངག་གི་ལེགས་བཤད་གཞན་རྣམས་ཀྱིས་ཀྱང་ཟུར་བརྒྱན་ནས་རྗེ་བཙུན་ཆེན་པོ་ཀརྨ་ཕྲིན་ལས་པས་དོ་ཧ་སྐོར་གསུམ་གྱི་ཊཱི་ཀ་བསྡུས་འབྲིང་གཉིས་དང༌། རྒྱས་པ་རྩོམ་འཕྲོ་བཅས་མཛད་ཅིང༌། དེ་ཡང་རྗེ་ཕྲིན་ལས་པའི་འགྲེལ་པ་འདི་ཉིད་རྗེ་ཆོས་གྲགས་རྒྱ་མཚོའི་ཞལ་རྒྱུན་དྲི་མ་མེད་པ་མན་ངག་ཀུན་ལྡན་ལུགས་ཀྱི་དོ་ཧའི་བཤད་སྲོལ་ཁྱད་པར་ཅན་ཡིན་པ་མ་ཟད། གོང་དུ་སྨོས་པའི་དོ་ཧ་བལ་ལུགས་དང༌། རས་ཆུང་ལུགས་དང༌། པར་ལུགས་གསུམ་པོ་དང༌། རས་ཆུང་ལུགས་ལ་ཡང༌། གླིང་ལུགས་དང༌། ཀར་ལུགས་གཉིས་སུ་དར་བའི་ལེགས་བཤད་རྣམས་ཀྱི་སྙིང་དོན་ཐམས་ཅད་བསྡུས་པ་དང་། འགྲེལ་པ་འདིས་བཀྲལ་ཚུལ་ཡང༌། གླིང་ཊཱིཀ་དང༌། པར་འགྲེལ། ཀར་ཊཱིཀ་སོགས་ཀྱི་རང་རྐང་གི་བཤད་པ་དང་མི་འདྲ་བར་གཞི་ལམ་འབྲས་གསུམ་ལ་སྦྱར་ནས་བཤད་པ་དང་། ཕྱི་ནང་གསང་གསུམ་ལྟར་དུ་བཤད་པ་དང༌། ཡི་གེའི་དོན་གྱི་ཚུལ་དང༌། སྤྱི་དོན་གྱི་ཚུལ་དང༌། སྦས་དོན་གྱི་ཚུལ་དང༌། མཐར་ཐུག་གི་དོན་གྱི་ཚུལ་དུ་སྟེ་ཚུལ་བཞིའི་སྒོ་ནས་བཤད་པ་སོགས་མན་ངག་ཀུན་ལྡན་གྱི་ལུགས་ཀྱི་དོ་ཧའི་བཤད་སྲོལ་ཁྱད་པར་ཅན་དང་ཡང་ལྡན་པ་སོགས་སྒྲུབ་བརྒྱུད་རིན་པོ་ཆེ་ཀརྨ་ཀཾ་ཚང་གི་བརྒྱུད་པ་འདི་ལ་དོ་ཧའི་བཤད་རྒྱུན་དང་ཡིག་ཆ་ཁྱད་པར་ཅན་ཡང་བཞུགས་པར་ལགས་སོ། །དེ་ལྟ་ན་ཡང་བར་སྐབས་ཤིག་ནས་ཕྱི་ནང་གསང་གསུམ་གྱི་རྐྱེན་ངན་སྣ་ཚོགས་པ་ཤིག་ལ་བརྟེན་ནས། སྒྲུབ་བརྒྱུད་རིན་པོ་ཆེ་འདི་པའི་ཕྱག་རྒྱ་ཆེན་པོའི་མན་ངག་གི་བཤད་རྒྱུན་ཁྱད་པར་ཅན་མང་པོ་ཞིག་གསོལ་འདེབས་ཀྱི་ཡུལ་ཙམ་དང་ལོ་རྒྱུས་ཀྱི་ཟིན་ཐོར་ཙམ་དུ་གྱུར་སོང་བའང་རེ་རེ་ཙམ་ག་ལ་ཡིན། དེ་དག་ལ་དོ་སྣང་གནང་མཁན་དང་ཐུགས་ཁྲལ་གནང་མཁན་ཙམ་ཡང་ཉིན་མོ་སྐར་མ་བཞིན་དུ་དཀོན་པའི་དུས་སུ། ཡང་དར་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན་གཟིགས་འཇམ་མགོན་བླ་མ་བློ་གྲོས་མཐའ་ཡས་ཀྱི་སྐུ་དྲིན་དང་བདག་རྐྱེན་ལ་བརྟེན་ནས། དོ་ཧ་སྐོར་གསུམ་གྱི་བཤད་ལུང་་མ་ཆད་ཙམ་དང་ཕྱག་རྒྱ་ཆེན་པོའི་རྒྱ་གཞུང་གཞན་རྣམས་ཀྱི་བཀླགས་ལུང་མ་ཆད་ཙམ་རེ་བྱུང་འདུག་གོ། །སྒྲུབ་བརྒྱུད་རིན་པོ་ཆེ་འདིའི་མན་ངག་རྣམས་ཚུལ་བཞིན་དུ་ཤེས་པ་ལ་ཐོག་མར་ཕྱག་རྒྱ་ཆེན་པོའི་རྒྱ་གཞུང་འདི་དག་གི་བཤད་སྲོལ་མན་ངག་གི་བརྒྱུད་པའི་ཆེ་བ་ཤེས་རྒྱུ་ཧ་ཅང་གལ་ཆེ་ཞིང་། ཁྱད་པར་གནས་ལུགས་ཕྱག་རྒྱ་ཆེན་པོ་དང་རྣམ་དབྱེར་མ་མཆིས་པའི་གྲུབ་ཆེན་དག་གི་རྡོ་རྗེའི་གསུང་ཚིག་འདི་དག་སྒྲུབ་བརྒྱུད་འཛིན་པ་རྣམས་ཀྱི་ཐོས་བསམ་སྒོམ་པའི་རྒྱབ་རྟེན་དུ་མེད་ཐབས་མེད་པའི་མན་ངག་མཐའ་དག་ཡིན་པ་དང་། ཆོས་སྐུ་རྡོ་རྗེ་འཆང་ནས་དཔལ་ལྡན་བླ་མ་འདི་དག་གི་བར་དུ་མན་ངག་གི་བརྒྱུད་པ་ཁྱད་པར་ཅན་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པའི་ཚད་དུ་ཡོད་པས། དོན་བརྒྱུད་ཀྱི་བསྟན་པ་འཛིན་པ་ལ་མན་ངག་རྡོ་རྗེའི་གསུང་ཚིག་འདི་དག་སྙིང་གི་བཅུད་དུ་ལེན་པར་འོས་སུ་ཆེ་བ་ལགས་ན། ཕྱིན་ཆད་སྒྲུབ་བརྒྱུད་ཀྱི་བསྟན་པའི་རང་ལུགས་འཛིན་པ་རྣམ་དག་རེ་སྲིད་མཐའ་མ་བཀག་ཙམ་དུ་འབྱུང་དུ་རུང་ན། ཆོས་ཚུལ་འདི་དང་འདི་དག་གི་མན་ངག་གི་བརྒྱུད་པ་རིན་པོ་ཆེ་ཚུལ་བཞིན་དུ་མཁྱེན་པར་བྱས་ཏེ་འདི་དག་ལ་ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གཟིམ་ལ་ཡུར་བ་རྣམས་ཅུང་ཟད་བཞེངས་སུ་གསོལ་བའི་ཐུགས་ཀྱི་ཁུར་བཞེས་ཏེ་རང་ནོར་ལ་རང་བརྙས་མི་མཛད་པར་མི་ཉམས་ཡུན་དུ་གནས་པའི་ཐབས་ཚུལ་རྣམས་ལྷུར་ལེན་པར་མཛད་རྒྱུ་ནི་གལ་གནད་ཀྱི་སྙིང་པོར་མཐོང་བ་ལགས། དེ་བས་དོ་ཧའི་མན་ངག་ལ་ཤེས་ནས་དད་པ་ཐོབ་པའི་སྐལ་བ་ཅན་ཤེས་རབ་མཆོག་ལྡན་དུ་འབོད་པ་ཁོ་བོས་དོ་ཧའི་བཤད་སྲོལ་གྱི་མན་ངག་རྣམ་དག་ཀུན་དང་ལྡན་པའི་ཀར་ལུགས་ཀྱི་བརྒྱུད་པ་རིན་པོ་ཆེའི་སྐོར་ཅུང་ཟད་ཙམ་ཞིག་བརྗོད་པ་ལགས། དགེའོ། །དགེའོ། །དགེའོ། །

ཞེས་པ་འདི་ནི་སྙིང་པོ་དོན་བརྒྱུད་ཀྱི་བསྟན་པར་སྙིང་ནས་མི་ཕྱེད་པའི་དད་པ་དང་ལྡན་པའི་སྐལ་བ་ཅན་ཤེས་རབ་མཆོག་ལྡན་དུ་འབོད་པས་མཛོད་རྩེ་དགོན་དུ་བྲིས་པ་དགེའོ། །༢༠༢༣—༤—༢༧

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3495