མེ་ཏོག་ཤེད་ཀྱིས་བཞད་པའི་ས་སྲོས།

སྒེའུ་ཁུང་འགྲམ་དུ
ཐ་མག་ཅིག་ལ་མེ་ཁ་བསྒོས་ཏེ
ཕྱི་རོལ་གྱི་ཁོར་ཡུག་ལ་བལྟས

མཁའ་མཐའ་རུ་འཁྱིལ་བའི་མཚམས་སྤྲིན
ལྷོད་ལ་བབས་པའི་སེམས་པ་ནང་བཞིན
ཞོ་ལྟར་ཆགས

ས་སྲོས་འདིར
ཐ་མག་བཞིན་འཚིག་པའི་དུས་ཚོད་ལ་སེར་སྣ་ཅིའང་མེད
དུ་བ་བཞིན་འཕྱུར་བའི་མི་ཁ་ལའང་སྣང་དོགས་མེད

ས་སྲོས་འདིར
གཟི་ཁ་བཙན་པའི་ཆང་རག་བཏུང་བར་བྱ
སྡེབ་སྦྱོར་བོར་བའི་སྙན་ངག་འབྲི་བར་བྱ

བསིལ་རླུང་འཇམ་པོ་ལྡང་བའི་ས་སྲོས་འདི
མེ་ཏོག་ཤེད་ཀྱིས་བཞད་པའི་ས་སྲོས་འདི
་་་་་་་་་་་་་་་་་་་་་་་

མིང་མེད།

དུས་ཚོད་དེ་དག
བཞུད་པ་ཧ་ཅང་མགྱོགས
ལྡུམ་ར་རུ་བཏབ་པའི་མེ་ཏོག
ཐེངས་མ་ལྔ་རུ་བཞད་ཅིང
ཐེངས་མ་ལྔ་རུ་རྙིད

གྲང་ངར་ཆེ་བའི་དགུན་ཁ་འདིར
ང་ལ་མེ་ཏོག་མེད
ང་ལ་ལྭ་བ་མཐུག་པོ་མེད
ང་ལ་འབུད་ཤིང་མེད
ང་ལ་ཡོད་པ་ནི་རྒུན་ཆང་དམ་བེ་གང
མི་ལོ་ལྔའི་སྔོན་དུ་བསྙལ་བའི་རྒུན་ཆང་དམ་བེ་གང

ཁ་བ་ཐེངས་ཤིག་བབས་ཚེ
ངས་དགུན་ཆང་སྣག་ཚ་བྱས་ཏེ
མཛུབ་མོ་འབྲི་ཐུར་བྱས་ཏེ
སྙན་ངག་ཅིག་འབྲི་བར་བྱ
མེ་ཏོག་གི་མཚོན་ཁ་མཛེས་པའི
ལྗང་མདོག་གི་ལོ་མ་བཞད་པའི
སྙན་ངག་ཅིག་འབྲི་བར་བྱ།

 

རྨི་ལམ། མེ་ལོང་། ད་དུང་ཁྱེད།

སྟོན་ཟླ་མཇུག་མའི་ནང་དུ
ང་ལ་མཛེས་པ་ཅིའང་ལྷག་མེད
རྨི་ལམ་དུ
ཁྱེད་ཀྱི་ཞལ་རས་ལའང
སུ་ཞིག་གིས་ཧལ་བཏབ་འདུག

རྨི་ལམ་རྨི་ལམ་དུ་ངེས་ཀྱང
ངས་ཆང་རག་མང་དུ་འཐུངས་ཤིང
དུ་བའང་འཐེན

མེ་ལོང་དུ
ངས་རང་ཉིད་ངོ་མ་ཤེས
ཁ་སྤུ་ཐར་ཐོར་སྐྱེས་ཤིང
སྐམ་རིད་དུ་གྱུར་པའི་གདོང་པ
མིག་གི་ཆ་ག་ཙམ་ལས
ཅིའང་ལྷག་མི་འདུག

རི་མགོ་རུ་ཁ་བ་བབས
དཀར་པོ་ཡོད་ཚད་མཛེས་པ་མ་ངེས་ཀྱང
ཁྱེད་ཀྱི་འཛུམ་མདངས་ཁ་བ་དང་འདྲ།

 

རི་མོ།

ངས་རི་མོ་འབྲི་ཤེས་ཚེ།
ངས་རང་ཉིད་མགོ་གཉིས་ཅན་ཞིག་ཏུ་འབྲི་དགོས།
ངས་རང་ཉིད་ལྕེ་གཉིས་ཅན་ཞིག་ཏུ་འབྲི་དགོས།
ངས་རང་ཉིད་སེམས་གཉིས་ཅན་ཞིག་ཏུ་འབྲི་དགོས།
ངས་རང་ཉིད་དཀར་ནག་འདྲེས་མ་ཞིག་ཏུ་འབྲི་དགོས།

འོན་ཏེ། ཡིད་ཕམ་པ་ཞིག་ལ།
ངས་རི་མོ་གཏན་ནས་འབྲི་མི་ཤེས་པའོ།།

 

ན་ཚོད་འདིའི་ནང་དུ།

ན་ཚོད་འདིའི་ནང་དུ།
ཚང་མ་བསམ་ཤེས་ཅན་ཞིག་ཏུ་གྱུར་འདུག

བུད་མེད་ཚོས
ལང་ཚོའི་མེ་ཏོག་ངོམ་བཞིན
ཁྱོ་ཀ་ཡ་རབས་ཤིག་བཙལ་བར་བྲེལ།

སྐྱེས་པ་ཚོས
ཆང་དང་ཐ་མག་བཅད་རྗེས
དཔལ་འབྱོར་སྒྲུབ་ཐབས་ཀྱི་མན་ངག་བསྒྲུབས།

ང་ཁོ་ན
གྲྭ་པ་མིན་ལ
སྤྲུལ་སྐུ་ནི་དེ་བས་མིན་ཡང་།
དབེན་པའི་རི་ཁུག་ཅིག་ཏུ
དཔེ་ཆ་ཤོག་ལྷེ་ཁ་ཤས་ལ་མགོ་བོ་གཡེང་།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3492