སེམས་ངོ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ།།

དགེ་བ་ངོས་འཛིན་ཞིང་དེའི་དབྱེ་བ་བསྟན་པ།

སྤྱིར་ཐེག་པ་འོག་མ་དང་བཀའ་བར་པའི་རྗེས་སུ་འབྲང་བར་སྐད་པ་དག་གི་ལུགས་སུ་དགེ་བ་ནི་འབྲས་བུ་བདེ་བ་སྐྱེད་བྱེད་དང་འགྱུར་བ་ཅན་གྱི་ངོ་བོ་ཙམ་དུ་བཞག་ཀྱང་། འདིར་གཞན་སྟོང་གི་ལུགས་སམ་སྙིང་པོ་སྨྲ་བས་དེ་ལས་ཀྱང་ཁྱབ་ཆེ་བའི་ཚུལ་གྱི་སྒོ་ནས་འཆད་དེ། ཀརྨ་བཀའ་བརྒྱུད་ཀྱི་གཞན་སྟོང་གི་ཚབ་མཚོན་ཡིག་ཆ་ཤེར་འགྲེལ་རྗེ་བཙུན་ངལ་གསོ་ལས། བཀའ་བར་མཐའ་དང་བསྟན་བཅོས་དབུས་མཐར[1]་ཁུངས་སུ་བྱས་ནས“དགེ་བར་འཇོག་པ་ཡང་རྒྱུ་ཁ་ན་མ་ཐོ་བ་དང་བྲལ་བའི་རང་བཞིན་སྔོན་དུ་སོང་བ་ལ་འབྲས་བུ་བསྡུག་བསྔལ་འགོག་པའི་གོ་འཕང་གི་བདག་ཉིད་དུ་གྱུར་པ་“ཞེས་གསུངས་ཏེ་དགེ་བའི་ངོ་བོ་གཏན་འབེབས་མཛད་ཅིང་། དེའི་རྗེས་འཇུག་ཀུན་གཟིགས་ཞྭ་དམར་པ་སོགས་ཀྱི་ཡིག་ཆ་ལས་ཀྱང་དེ་མཐུན་དུ་གྲུབ་མཐའི་ཟིན་མཚམས་གནང་འདུག། དགེ་བ་དེ་ཉིད་ལའང་འདུས་བྱས་ཀྱི་དགེ་བ་དང་འདུས་མ་བྱས་ཀྱི་དགེ་བ་གཉིས་སུ་ཡོད་པའི་ཚུལ་ཐེག་པ་ཆེན་པོའི་ཆོས་མངོན་པའི་[2]དགོངས་པ་བཞིན་མནང་ནས། མུ་མཐུད་“དེ་ལྟ་བུའི་རྣམ་པར་བཞག་འཇོག་གི་རྒྱུ་འབྲས་ཀྱང་ཆོས་ཉིད་དེ་བཞིན་ཉིད་འདུས་མ་བྱས་ལ་བློ་ངོར་འཇོག་རུང་བས་སོ་”ཞེས་གསུངས་ཏེ། འདུས་མ་བྱས་ཀྱི་དགེ་བ་ཞེས་པ་ཞིག་ངོས་འཛིན་གནང་། དེ་ཉིད་ཀྱང་དེ་བཞིན་ཉིད་དུ་ངོས་བཟུང་མཛད་དོ།། དེ་ནི་ཐེག་པ་དམན་པ་དང་བཀའ་བར་པའི་རྗེས་སུ་འབྲང་བར་སྐད་པ་དག་གི་དགག་བྱ་གཙོ་བོ་ཡིན།  འདུས་མ་བྱས་ཀྱི་དགེ་བ་འདི་ལའང་ནང་ཚན་དབྱེ་བ་འགའ་ཞིག་ཕྱེ་རུ་ཡོད་མོད། འདིར་གཙོ་བོ་གཤིས་ཀྱི་དགེ་བ་ཅུང་ཙམ་གླེང་བའི་སྐབས་ཡིན་པས་དེ་རྣམས་ཟུར་དུ་འཇོག་པར་བྱ།

འདུས་མ་བྱས་ཀྱི་དགེ་བ།

ཐེག་དམན་དང་བཀའ་བར་པའི་རྗེས་འབྲང་དག་གིས་ཁས་ལེན་མེད་པའི་འདུས་མ་བྱས་ཀྱི་དགེ་བ་ཞེས་པ་དེ་ཉིད་ནི། ལས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ཕྲིན་ལས་ལས་སྐྱེད་པ་དང་། སངས་རྒྱས་ནི་འདུས་མ་བྱས་ཀྱི་དགེ་བ་དང་ངོ་བོ་དབྱེར་མེད་པའི་ཚུལ་དུ་འདོད་ཅིང་། འདི་ཉིད་ལས་ལས་སྐྱེད་ཅེས་པའང་དངོས་སུ་འགྱུར་བའི་ཚུལ་གྱིས་སྐྱེད་པ་མིན་པར། བུམ་པ་དང་མི་རྟགས་པའི་འབྲེལ་བ་ལྟ་བུར་ངོ་བ་གཅིག་ཏུ་གནས་པ་དང་། རྡོ་རྗེ་གསུམ་གྱི་ལས་ཞེས་པའང་དོན་དུ་འདུས་མ་བྱས་རང་ལས་འགྱུར་བ་ཅན་མིན། རྒྱུ་དུས་སུ་རང་བཞིན་གནས་རིགས། སྒྲིབ་པ་སྤོང་བཞིན་པའི་སྐབས་རྒྱས་འགྱུར་གྱི་རིགས། འབྲས་དུས་ཀྱི་ཆོས་སྐུ་སུ་འབོད་པ་དེ་ཉིད་ནི། འདུས་མ་བྱས་ཀྱི་དགེ་བ་རང་ཡིན་ནོ།། འདི་ལ་མཚན་གྱི་རྣམས་གྲངས་སུ་མ་མཅོས་པའི་དགེ་བ། རང་བཞིན་གྱི་དགེ་བ། གཤིས་ཀྱི་དགེ་བ་སོགས་སུ་བརྗོད་རུང་བར་སྣང་། དགེ་བ་འདི་ཉིད་ཀྱི་རང་བཞིན་ལ་འགྱུར་བ་མེད་ཀྱང་དྲི་མ་ཉམས་སྨད་པས་རང་ངོ་གསལ་བ་ཡིན་ལ། རང་ངོ་རིམ་གྱིས་གསལ་བས་ན་རིམ་གྱིས་སངས་རྒྱས་ཀྱི་ས་ལ་ཐག་ཉེ་བ་ཡིན། དགེ་བ་འདི་བསྔོས་པས་འདུས་བྱས་ཀྱི་དགེ་བ་བསྔོས་པ་ལས་ལྷག་པའི་འབྲས་བུའམ་ཕན་ཡོན་འབྱུང་བའི་དགོངས་པ་ཀུན་གཟིགས་ཞྭ་དམར་དཀོན་མཆོག་ཡན་ལག་གིས་བཞེས་སྣང་།

འདུས་མ་བྱས་ཀྱི་དགེ་བའི་མདོའི་ཁུངས་བསྟན་པ།

འདི་ལྟ་བུའི་དགེ་བ་དེ་ཉིད་ནི་བཀའ་དང་བསྟན་བཅོས་ཀྱི་ཁུངས་མེད་པའི་རང་བཟོས་ཡིན་པ་དང་། གྲུབ་མཐའ་ངན་པའི་ལྟ་བ་ཡིན་ཚུལ་སོགས་མང་དུ་སྨྲ་མོད། འདི་ཉིད་སངས་རྒྱས་ཀྱི་བཀའ་བར་མཐའ་གཉིས་ཀའི་དགོངས་པ་ཡིན་ཚུལ་ལུང་གིས་ཅུང་ཙམ་བསྟན་ན། དེའང་དང་པོ་བཀའ་མཐའ་མའི་དགོངས་པ་ལྟར་ན་རྒྱན་སྟུག་པོ་བཀོད་པ་ལས། “ཉི་མ་ཟླ་བའི་ནོར་བུ་དག །ཡོངས་སུ་དག་པའི་མཚན་ཉིད་ཅན། །ཉི་ཟླའི་ཟེར་གྱིས་ཕོག་པ་དང་། །དེ་དག་རང་གི་ཡོན་ཏན་འབྱིན། ། དེ་བཞིན་ཀུན་གཞི་རྣམ་ཤེས་པ། །དེ་བཞིན་གཤེགས་པའི་དགེ་སྙིང་པོ། །ཟག་མེད་ལེགས་དང་ལྡན་གྱུར་ཏེ། །གཞན་དུ་འགྱུར་ན་རབ་ཏུ་འབྱིན། །[3]”ཞེས་གསལ། དེ་བཞིན་རྒྱན་སྟུག་པོ་བཀོད་པ་ལས། “དེ་བཞིན་གཤེགས་པའི་སྙིང་པོ་དགེ །ཆོས་ཀྱི་དབྱིངས་ཀྱི་ཚུལ་ཆེན་པོ། །”ཞེས་དང་། ལང་གཤེགས་ལས། “སེམས་ནི་རང་བཞིན་འོད་གསལ་ཏེ། །དེ་བཞིན་གཤེགས་པའི་སྙིང་པོ་དགེ །[4]” ཞེས་དང་། ཡང་སྡེ་སྣོད་[5]དང་རྒྱུད་ལས་ཀྱང་འདུས་མ་བྱས་ཀྱི་དགེ་བ་བསྟན་ཡོད་ལ[6]། བཀའ་བར་པ་བརྒྱད་སྟོང་པ་ལས། “རབ་འབྱོར་ཡོངས་སུ་བསྔོ་བ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་པ་སེམས་པ་ཆེན་པོའི་ཆོས་ཀྱི་དབྱིངས་ཀྱི་ཡོངས་སུ་བསྔོ་བའོ།།[7]” ཞེས་ཆོས་དབྱིངས་ནི་བསྔོ་བྱའི་དགེ་བ་ཡིན་པ་ཞིབ་ཅིང་ཞིབ་པའི་སྒོ་ནས་བསྟན་པ་དང་། དེ་ཉིད་བསྔོ་ཚུལ་ཡང་བསྟན་འདུག་པས་རང་བཟོའི་གྲུབ་མཐའ་མིན་པ་གསལ་སྙམ།

བསྟན་བཅོས་ཀྱི་ཁུངས་བསྟན་པ།

འདུས་མ་བྱས་ཀྱི་དགེ་བ་ཞེས་པ་ནི་ཐོག་མར་བཀའ་བར་མཐའ་ལས་བསྟན་པ་དང་། ཕྱིས་སུ་རྒྱ་གར་གྱི་མཁས་གྲུབ་རྣམས་ཀྱི་བསྟན་བཅོས་ལས་ཀྱང་བྱུང་ཡོད་དེ། དབུས་མཐར་ལས། “དགེ་གཉིས་ཐོབ་པར་བྱ་བའི་ཕྱིར། ། ཞེས་དགེ་བ་གཉིས་བསྟན་པ་དང་དེའི་འགྲེལ་པར། དགེ་བ་ནི་གཉིས་ཏེ། འདུས་བྱས་དང་འདུས་མ་བྱས་སོ། །[8]” ཞེས་འདུས་མ་བྱས་ཀྱི་དགེ་བ་གསལ་བོར་མངོན། དེ་བཞིན་བྱམས་ཆོས་རྒྱུད་བླ་མ་ལས། “སེམས་ཅན་རྣམས་ཀྱི་མ་རིག་སོགས་འབྲས་ཀྱི། །ལྤགས་སྦུབས་ནང་ཆུད་ཆོས་ཁམས་དགེ་བ་ཡང་། །དེ་བཞིན་དགེ་བ་དེ་དེ་ལ་བརྟེན་ནས། །རིམ་གྱིས་ཐུབ་པའི་རྒྱལ་པོའི་མངོས་པོར་འགྱུར།”[9] ཞེས་དྲི་མས་གཏུམ་པའི་ཆོས་ཁམས་ནི་དགེ་བ་ཡིན་པ་དང་དེའི་སྟོབས་ཀྱིས་སེམས་ཅན་རྣམས་སངས་རྒྱས་པར་གསུངས།། ཡང་སློབ་དཔོན་དྲི་མེད་སྦས་པས་དཔལ་གསང་བ་འདུས་པའི་རྒྱན་ལས། “སེམས་ནི་རང་བཞིན་འོད་གསལ་ཡིན། །སྙིང་པོ་དེ་བཞིན་གཤེགས་དགེ་བ། །[10]” ཞེས་གསུང་པ་ཡང་གོང་དང་དོན་གཅིག་ཏུ་འདུག།  སློབ་དཔོན་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པ་ལས། “ཐོག་མ་བར་དང་མཐར་དགེ་བ། །བསླུ་བ་མེད་ཅིང་བསྟན་པ་ཡི། །” ཞེས་ཆོས་དབྱིངས་དགེ་བའི་ངོ་བོར་གསུང་པ་སོགས་ལུང་གཞན་ཡང་མང་། དེ་བས་ན་འདུས་མ་བྱས་ཀྱི་དགེ་བ་ནི་བཀའ་བསྟན་བཅོས་གཉིས་ལས་བསྟན་པའི་ཡང་དག་པའི་གྲུབ་བཐའ་དགོངས་པ་ཡིན་པ་གསལ་ལོ།།

རིགས་པས་གྲུབ་ཚུལ།

དེ་ལྟར་བཀའ་མདོ་རྒྱུད་ཀྱི་ཁུངས་རྣམས་ཕྱོགས་ཙམ་བཀོད་ཟིན་རྗེས། འདིར་ཀརྨ་པ་ཀུན་མཁྱེན་མི་བསྐྱོད་པའི་ཆོས་དབྱིངས་དགེ་བ་ཡིན་པ་སྒྲུབ་བྱེད་ཀྱི་རིགས་པ་འགའ་ཞིག་བཀོད་འདོད་བྱུང་ཞིང་། དེ་ཉིད་ཀྱང་དཔྱད་གཞི་འདིའི་ཐད་དྭགས་བརྒྱུད་གྲུབ་མཐའ་ཆེན་མོར་སྔ་ཕྱིར་ཐེངས་བཞི་ཙམ་ལ་ཁོང་གིས་དཔྱད་པ་རྒྱས་པོ་མཛད་ནའང་། ཡིག་ཚོགས་མང་བས་འདིར་རེ་རེ་བཞིན་འདྲེན་དཀའ་བས། འགྲེལ་ཆེན་རྗེ་བཙུན་ངལ་གསོ་ལས་གང་བྱུང་བའི་རིགས་པ་གཙོ་བོ་འགའ་ཞིག་བྲིས་ན།

 ཆོས་དབྱིངས་ཆོས་ཅན།  ཁྱོད་ལ་རྒྱུ་དོན་དམ་པའི་དགེ་བ་ཡོད་དེ། དེས་བསྐྱེད་པའི་འབྲས་བུ་ཆོས་སྐུ་འདུས་མ་བྱས་ཡོད་པའི་ཕྱིར།

  ཆོས་དབྱིངས་ཆོས་ཅན། དོན་དམ་པའི་དགེ་བ་ཡིན་ཏེ། དེ་དེའི་རང་བཞིན་ནམ་གཤིས་ཡིན་པའི་ཕྱིར།

  ཆོས་དབྱིངས་ཆོས་ཅན། དོན་དམ་པའི་དགེ་བའི་རང་བཞིན་ཡིན་ཏེ། དོན་དམ་གྱི་དབང་དུ་བྱས་པའི་འདུས་མ་བྱས་ཡིན་པའི་ཕྱིར།

ཞེས་རིགས་པ་གཙོ་བོ་གསུམ་གསལ་ལ། དང་པོས་འབྲས་བུ་དགེ་བ་བསྐྱེད་པས་ན་རྒྱུ་ཡང་དགེ་བ་ཡིན་དགོས་པའི་དོན་བསྟན་ལ། གཉིས་པས་ཆོས་དབྱིངས་དང་དོན་དམ་པའི་དགེ་བ་གཉིས་རང་བཞིན་གཅིག་ཡིན་ཚུལ་བསྟན། གཏན་ཚིག་འདི་དག་གི་ཚུལ་གསུམ་གྲུབ་པའི་ཚུལ་ནི་གཞུང་རང་ལ་གཟིགས་ན་གསལ་ཁ་ཆེ་བ་ཡིན་ཞིང་། གཞན་གྱིས་བཀོད་པའི་ཐལ་བའི་སྐྱོན་སེལ་ཡང་རྒྱས་པར་གཞུང་ལས་གསལ་བས་ན། ཁོ་བོས་ལྟ་དགོངས་འདི་ནི་རིགས་པས་གྲུབ་པ་ཞིག་ཏུ་འདོད།

དགེ་བ་དེ་ཉིད་ཇི་ལྟར་བསྔོ་བའི་ཚུལ།

སྤྱིར་བསྔོ་བ་ནི་དགེ་བ་གང་རུང་ཞིག་མཚོན་བྱར་བཟུང་ནས་དེ་ཉིད་རྫོགས་བྱང་དུ་བསྔོ་བ་ཡིན་པས། ཀུན་རྫོབ་དུ་དམིགས་ཅན་གྱི་སྒོ་ནས་བསྔོ་བ་དང་། དོན་དམ་དུ་དམིགས་མེད་ཀྱིས་བསྔོ་དགོས་པ་དང་། དགེ་བའི་ཆོས་གང་ཞིག་བསྒྲུབས་ཟིན་པའམ་རང་ལ་དང་ཐོག་ནས་ཡོད་ཚེ། དེ་ཉིད་བསྔོ་དགོས་པའི་དོན་ལ་ངལ་གསོ་ལས་འདི་ལྟར་གསུངས། རང་གཞན་གྱི་དགེ་བ་ཐམས་ཅད་བློས་གཅིག་ཏུ་བསྡུས་ཤིང་བསྡོམས་ཏེ་ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་རང་ཉིད་ཀྱིས་བྱེད་པ་དང་། གཞན་གྱི་བསྔོ་བ་ལ་རྗེས་སུ་ཡིད་རང་བ་དང་། རྗེས་སུ་ཡིད་རང་བའི་དགེ་རྩ་དེ་ཡང་རྫོགས་བྱང་དུ་བསྔོ་བའོ།།[11] ཞེས་སོ།། ཁས་ལེན་འདི་ལ་ས་པཎ་སོགས་ཀྱིས་འགྱུར་མེད་གཡུང་དྲུང་གི་ངོ་བོར་གྱུར་པའི་ཆོས་དབྱིབས་དེའང་བསྔོ་དགོས་པ་ཐལ་བ་དང་། བསྔོས་ན་འགྱུར་རྒྱུ་ཡོད་པའི་གནོད་བྱེད་མཛད་ནས་དམ་ཆོས་དགོངས་གཅིག་སོགས་ཀྱི་ལྟ་བ་ལ་དགག་པ་མང་དུ་མཛད་མོད། དེའང་གནད་དུ་སོང་བའི་ངང་ཚུལ་ཕྱིས་ཀྱི་བཀའ་བརྒྱུད་པ་ཚོས་མཛད་མེད་པ་དང་། དམིགས་བསལ་ཆོས་དབྱིངས་འདུས་མ་བྱས་ཀྱི་དགེ་བ་ཇི་ལྟར་བསྔོ་དགོས་པའི་ཚུལ་ལ་ངལ་གསོ་ལས་བསྟན་དོན་ནི། “ལར་ཡང་ཆོས་དབྱིངས་འདུས་མ་བྱས་པའི་དགེ་བ་དངོས་སུ་སེམས་ཅན་གྱི་བསྔོ་རྒྱུར་མི་བཏུབ་ཀྱང་། བསྔོ་རྒྱུར་རློམས་ནས་བསྔོས་པས་རྫོགས་བྱང་ཐོབ་པའི་རྒྱུ་འགྱུར་ལ།” ཞེས་དང་། ཡང་། “བསྔོ་བརྒྱུའི་དགེ་བ་དངོས་སུ་སེམས་ཅན་གྱི་བསྔོ་བཏུབ་མི་བཏུབ་གཉིས་ཡོད་ནའང་། བློའི་སྟེང་ནས་གཉིས་ཀ་བསྔོ་རྒྱུར་བཏུབ་སྟེ། འདུས་མ་བྱས་གཉིས་ཀའི་དགེ་བ་ཡིད་ཡུལ་དུ་འཆར་བ་ལ་གཞན་སེལ་བའི་ཚུལ་གྱིས་བསྔོ་བ་ལ་ཁྱད་པར་མེད་པའི་ཕྱིར་རོ།།[12]” ཞེས་གསུངས་ནས་འདུས་མ་བྱས་ཀྱི་དགེ་བ་དང་འདུས་བྱས་ཀྱི་དགེ་བ་གཉིས་ཇི་ལྟར་བསྔོ་བའི་ཚུལ་བསྟན་པ་དང་། དེ་ཉིད་དཔེ་ཡི་སྒོ་ནས་རང་ལ་མེད་པའི་གཞན་གྱི་དགེ་བའང་རྗེས་སུ་ཡིད་རང་གི་སྒོ་ནས་རློམས་ཚོད་ཀྱིས་བསྔོ་བའི་ཚུལ་རྒྱས་པར་བསྟན་ཞིང་། ངལ་གསོའི་རྗེས་འབྲང་ཀུན་གཟིགས་ཞྭ་དམར་དཀོན་མཆོག་ཡན་ལག་གིས་ཀྱང་། “འདུས་བྱས་དང་འདུས་མ་བྱས་ཀྱི་དགེ་བ་གང་རུང་ཞིག་མཚོན་བྱར་བྱས་ནས་དེ་སེམས་ཅན་ཀུན་གྱི་དོན་དུ་རྫོགས་བྱང་དུ་བསྔོ་བའོ།།” ཞེས་དང་། ཡང་། “དེ་རང་ལྡོག་ནས་བསྔོ་རྒྱུ་མིན་ཡང་མོས་པའི་རློམས་ཚོད་དུ་བསྔོས་པས་འདུས་བྱས་ཀྱི་དགེ་བ་བསྔོས་པ་ལས་ལྷག་པའོ།།[13] “ཞེས་བསྔོ་ཚུལ་བསྟན་ནས། རློམས་པའི་སྒོ་ནས་བསྔོ་དགོས་ཞེས་གསུངས། རྒྱས་པར་གཞུང་དངོས་ལ་ཞལ་འཕེན་རིགས།

བསྔོས་ན་ཕན་ཡོན་ཐོབ་པའི་ཚུལ།

བརྒྱད་སྟོང་པ་ལས། རྣམ་པར་གྲོལ་བ་ཅི་ལྟ་བ་དེ་བཞིན་དུ་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ། དེ་ལྟར་མ་བཅིངས་ཤིང་མ་གྲོལ་ལ་མ་ཆགས་པའི་ཆོས་འདི་དག་གི་ཆོས་ཉིད་གང་ཡིན་པ་དེ་ལ་རྗེས་སུ་ཡི་རང་བ་བླ་ན་མེད་པས་རྗེས་སུ་ཡི་རང་ངོ་། །རྗེས་སུ་ཡི་རང་ནས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་མི་བསྔོ་བའི་ཚུལ་གྱིས་ཆོས་དེ་དག་གི་ཆོས་ཉིད་ཇི་ལྟ་བ་དེ་ལྟར་མི་འཕོ་བ་དང་མི་འཇིག་པས་ཡོངས་སུ་བསྔོའོ་ཞེས་བྱ་བའོ། ། [14] ཞེས་གསུང་པ་དང་། དེ་བཞིན་བཀའ་མཐའ་མ་ལས་ཀྱང་དགེ་བ་བསྔོས་པའི་ཕན་ཡོན་རྒྱ་ཆེ་བའི་དོན་བསྟན་ཡོད་པ་ཡིན་ལ། དགེ་བསྔོའི་བྱེད་ལས་གཙོ་བོ་ནི་དགེ་བ་ཟད་དུ་མི་བཅུག་པ་དེ་ཡིན། དགེ་བ་བསྔོ་བའི་མཐའ་ཐུག་གི་དམིགས་ཡུལ་ནི་གཞན་དོན་དུ་རྫོགས་བྱང་ཐོབ་པའི་ཆེད་ཡིན་ལ།  གནས་སྐབས་ཀྱང་དགེ་བའི་འབྲས་བུ་བདེ་བ་འབྱུང་བ་སོགས་དགེ་མཚན་ཆེ་བའི་ལས་སུ་སྔོན་བྱོན་མཁས་གྲུབ་ཀུན་གྱིས་ངོས་འཛིན་པར་འདོད་དོ།།

 

དགེ་བ་གཞན་དོན་རྫོགས་བྱང་ཆེད་དུ་བསྔོའོ།།

 

ཕྱི་ལོ་༢༠༢༢ལོའི་ཟླ་བ་༡༡པར་བྲིས།

 

[1] དབུས་མཐར། དགེ་གཉིས་ཐོབ་པར་བྱ་བའི་ཕྱིར།

[2] ཐེག་ཆེན་མངོན་པ། འདུས་མ་བྱས་པའི་དགེ་བ་ནི་དེ་བཞིན་ཉིད་དོ།།

[3] སྡེ་བཀའ་མདོ་སྡེ་ཆ། ༤༣

[4] སྡེ་བཀའ”མདོ་སྡེ”ཅ”༡༨༦

[5] སྡེ་བཀའ”ཕལ་ཆེན”ཁ”༡༡༣  སྡེ་སྣོད་ལས། དགེ་བའི་རྩ་བ་དེ་དེ་བཞིན་ཉིད་ཀྱི་སྒོ་ཐམས་ཅད་དུ་འགྲོ་ཞིང་མཐའ་དང་དབུས་མེད་པར་འགྲོ་བས་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་དགེ་བའི་རྩ་བ་དེ་དག་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་རབ་ཏུ་རྟོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ། །དེ་བཞིན་ཉིད་ཀྱི་ངང་ཚུལ་གང་ཡིན་པ་དེའི་ངང་ཚུལ་དུ་གྱུར་པ་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོའོ། །ཞེས་གསུངས།

[6]སྡེ་བཀའ། རྒྱུད། ག། ༡༨༣།  གཞན་ཡང་རྒྱུད་ལས། དེ་བཞིན་གཤེགས་པའི་སྙིང་པོ་དགེ །ཆོས་ཀྱི་དབྱིངས་ཀྱི་ཚུལ་ཅན་ཏེ། །ཉོན་མོངས་འདམ་གྱིས་མ་གོས་པ། །རྡོ་རྗེ་སེམས་དཔའི་དབང་བསྐུར་ཡིན། །ཞེས་གསུངས།

[7] སྡེ་བཀའ། པོད་༣༣པ། ཤོག་ངོ་༨༧། ན། ཕྲེང་༥།

[8] སྡེ་བསྟན། མཚན་ཉིད་ཀྱི་ལེའུར་བཅད་པ། སེམས་ཙམ། ཕི། ཤོག་ངོ་༤༢། ན། ༤།

[9] སྡེ་བསྟན། པོད་༡༢༣། ཤོག་ངོ་༦༠། ན། ཕྲེང་༢།

[10] སྡེ་བསྟན། པོད་༤༠། ཤོག་ངོ་༤༧། བ།  ཕྲེང་༣།

[11] ཀརྨ་པ་མི་བསྐྱོད་རྡོ་རྗེ། རྗེ་བཙུན་ངལ་གསོ། ༥༡༣།

[12] ཀརྨ་པ་མི་བསྐྱོད་རྡོ་རྗེ། རྗེ་བཙུན་ངལ་གསོ། ༥༡༦།

[13] ཞྭ་དམར་དཀོན་མཆོག་ཡ་ལག། ཉུང་ངུ་རྣམ་གསལ། ༡༥༨།

[14] འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། པོད་ཀ། ལྡེབས་གྲངས། ༼ཀ༽ 33-1-1a1~33-1-286b2


 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3485