སྤྱིར་དཔེ་ཀློག་ཟེར་དུས་རང་རེ་བོད་མི་རིགས་ཀྱི་ཕལ་བའི་དམངས་ཚོགས་ཀྱི་སྣང་ངོར་ལམ་སང་འཆར་བ་ནི།  བླ་གྲྭ་དགེ་འདུན་པ་ཚོས་འདོན་ཆོག་ཀློག་པ་ལྟར་ཇི་བཞིན་དོན་ལ་མི་བསམ་པར་སྐད་གཟེངས་མཐོན་པོའི་ངང་ལྕེ་རྩལ་གང་མྱུར་གྱིས་བཀླག་པ་ཙམ་ལ་གོ་ཡོང་བར་གདོན་མི་ཟ་མོད།  དོན་ལ་དཔེ་ཀློག་ཟེར་བ་ནི་དེ་ཙམ་ལ་གོ་བར་མི་འགྲིག་སྟེ། དེ་ཡང་སྒྲ་དག་ཅིང་ཚིག་གསལ་བ། ངག་འཇམ་ཞིང་སྨྲ་ཡངས་བའི་སྒོ་ནས་དལ་བའི་ཆུ་རྒྱུན་འབབ་བཞིན་སེམས་མི་བྲེལ་མི་འཚབ། ཐུགས་མི་དམ་མི་ལྷོད་ངང་ནས་ཚིག་ལ་བརྟག་ཅིང་དོན་ལ་བསམ་དགོས། དོན་དེ་ཡང་ཕར་གཞན་ལ་མི་བསྐོར་པར་ཚུར་རང་རྒྱུད་ལ་དམིགས་སུ་གཟས་ནས་འདོན་དགོས།
         དཔེ་ཀློག་ནི་ལག་ཁྱེར་དང་གཟེངས་རྟགས་གང་ཞིག་འཐོབ་ཆེད་དང་ཕྱུག་པོ་རྒྱུ་འབྱོར་ཅན་དུ་འགྱུར་བའི་དོན་དུ་མིན་ལ། མི་གཤིས་ཇེ་ཡག་དང་བསམ་བློ་ཇེ་ཟབ། མི་ཚེ་དོན་སྙིང་དང་ལྡན་པ་ཞིག་ཏུ་བསྒྱུར་བའི་ཆེད་དུ་ཡིན། དཔེ་ཀློག་ཅི་ཙམ་མང་ན་མི་གཤིས་རང་བཞིན་གྱིས་ཇེ་ལེགས་སུ་འགྱུར་འགྲོ། དེ་ལྟར་ཀློག་མཁན་རང་གི་ཤེས་རབ་དང་གོ་རྟོགས་སད་པའི་ཐབས་ལམ་ཁྱད་པར་བ་ཞིག་ཡིན་པས་ན། ནང་དོན་གྱི་འགྲེལ་བ་དང་དཀའ་གནད་ཀྱི་དགོངས་པ་ཅིས་ཀྱང་རྟོགས་པའི་ཐབས་ལ་ཡང་དང་བསྐྱར་དུ་དཔྱོད་དགོས། དེ་འདྲར་མུ་མཐུད་དུ་འབད་ན་ད་གཟོད་རྣམ་དཔྱོད་རྒྱས་ཤིང་བློ་གྲོས་འབར་བའི་རྒྱུ་རུ་འགྱུར་ངེས་སོ།།
        སའི་གོ་ལའི་འཇིག་རྟེན་འདིར་གྲགས་པ་འབྲུག་ལྟར་ལྡིར་བའི་རྣམ་དཔྱོད་ཆེས་ལེགས་པའི་མི་རིགས་ནི་ཀུན་གྱིས་མགྲིན་གཅིག་ཏུ་ཡཱ་ཧུ་ད་犹太人པའི་རིགས་ལ་ངོས་འཛིན་གྱིན་ཡོད། དེའང་མི་རིགས་འདི་ཀུན་ལས་ཕུལ་དུ་བྱུང་བའི་ཁྱད་ཆོས་གཙོ་བོ་ནི་བསམ་བློའི་སློབ་གསོ་དང་ཀུན་སྤྱོད་སློབ་གསོ།  ཁྱིམ་རྒྱུད་སློབ་གསོ་དང་སྲོལ་རྒྱུན་སློབ་གསོ་སོགས་སློབ་གསོའི་རིགས་ཀྱི་དཔེ་ཀློག་དག་ལ་ཧ་ཅང་རྩིས་མཐོང་དང་མོས་ཞེན། དགའ་སྣང་དང་གདུང་བ་སྙིང་གི་དཀྱིལ་དང་ཤ་ཡི་གསེབ། རུས་པའི་རྐང་དང་ཁྲག་གི་གཞུང་ལ་དུས་དང་རྣམ་པ་ཀུན་ཏུ་འདྲེས་ནས་ཡོད།
       དེ་འདྲ་མི་ཚེ་དང་སློབ་སྦྱོང་མཉམ་གནས་བྱེད་པའི་ཐུན་མིན་སྲོལ་ལུགས་ལེགས་པོ་ཞིག་ཡོད་རྐྱེན། འཛམ་གླིང་འདིར་མཚན་སྙན་ཡོངས་སུ་འབར་བའི་བྱ་དངོས་ཐམས་ཅད་སྡུག་བསྔལ་ཅན་གྱི་རང་བཞིན་དུ་སྨྲ་བའི་སྟོན་པ་ཡེ་ཤུའི་ཆོས་དཔོན་ཡེ་སྲུང་耶稣དང་ཁྲིམས་མཐུན་ལྟ་གྲུབ་སྨྲ་བ་ཤིང་རྟ་བ་མཱ་ཤེས摩西། ལྟོས་བཅས་ཚན་རིག་གྱི་ལྟ་གྲུབ་སྨྲ་བ་གྲགས་ཅན་ཨེ་དབྱེན་སུ་ཐན་爱因斯坦དང་དངོས་པོའི་རང་བཞིན་སྨྲ་བའི་མཚན་ཉིད་པ་ཧྥོ་ལོ་ཡེས་ཏི།佛洛伊德 མ་རྩ་རིང་ལུགས་ལྟ་ཁྲིད་པ་མཱ་ཁེ་སི་马克思བཅས་རླབས་ཆེན་གྱི་ཆོས་ལུགས་པ་དང་ཁྲིམས་ལུགས་པ། ཚན་རིག་པ་དང་དངོས་ལུགས་པ། མཚན་ཉིད་རིག་པ་བ་སོགས་གྲངས་ཀྱིས་མི་ལོངས་བ་ཞིག་བྱུང་དང་འབྱུང་བཞིན་ཡོད།
         དེ་ལྟར་ཡཱ་ཧུ་ད་ཞེས་པའི་མི་རིགས་ཀྱིས་སློབ་གསོ་ནི་བྱ་དངོས་ཀུན་ལས་གལ་འགངས་ཆེ་ཤོས་ཤིག་ཏུ་བརྩི་བ་ཡིན། མི་རིགས་འདི་དུས་རྒྱུན་མཚན་ལྡན་གྱི་དཔེ་ཆ་དང་ཚགས་དེབ་སོགས་ལ་ལྟ་རྒྱུར་སྤྲོ་ངར་ཤིན་ཏུ་ཆེན་པོ་ཡོད།  ཆ་མཉམ་གྱིས་རྒྱལ་ཡོངས་མི་གྲངས་༥༠༠ཙམ་ལས་མི་ལྔར་ཉིན་རེར་ཚགས་པར་རེ་ཡོད་ལ། ཆ་སྙོམས་ཀྱིས་མི་རེས་ལོ་གཅིག་གི་ནང་ལ་དཔེ་ཆ་64ཙམ་བཀླགས་མྱོང་བ་རེད། གྲོང་ཚོ་དང་གྲོང་བརྡལ་རེ་ལ་དཔེ་མཛོད་ཁང་དང་དཔར་སྐྲུན་ཁང་སོགས་སློབ་སྦྱོང་གི་ཁོར་ཡུག་དང་མཐུན་རྐྱེན་འཛོམས་པས་ཉིན་ལྟར་ཚོང་རར་དཔེ་ཆ་འགྲེམ་ཚད་ཁྲི་༡༠༠ལྷག་བརྒལ་ཡོད།
    མིག་སྔར་ལོ་རེར་ནོ་པེར་诺贝尔བྱ་དགའ་ཐོབ་མཁན་གྱི་མི་གྲངས་༠·༨༧ལས་ཡཱ་ཧུ་ད་པའི་མིས་༠·༦༤ཙམ་ཟིན་པ་དང་དེ་ལས་གཞན་པས་༠·༢༣ཟིན་ཡོད། སྔ་ཕྱི་ཀུན་ལ་སྤྱིར་ནོ་པེར་བྱ་དགའ་ཐོབ་མཁན་གྱི་མི་གྲངས་ལས་ཡཱ་ཧུ་ད་པའི་མིས་༡༧%ཟིན་ཡོད།
        དེ་མིན་ཕྱི་སྟོབས་འབྱོར་ཆེ་ཞིང་ནང་ཤེས་རིག་ལྡན་པའི་འཇར་མན་གྱི་མི་དམངས་ནི་དུས་རྒྱུན་ལྷིང་འཇགས་ངང་དཔེ་ཀློག་ལ་དགའ་བའི་རྒྱལ་ཁབ་ཅིག་ཡིན་ལ། རྒྱལ་ཁབ་འདིར་ཚན་རིག་པ་དང་། བསམ་བློ་བ། སློབ་གསོ་བ། རྩོམ་པ་པོ་སོགས་ཤིན་ཏུ་མང་བོ་ཞིག་བྱུང་ཡོད་པ་དེ་དག་ཀྱང་དཔེ་ཀློག་དང་འབྲེལ་བ་དམ་ཟབ་ཡོད་དགོས་སྙམ།
      གསར་འགྱུར་ལྟར་ན་འཇར་མན་གྱི་མི་བརྒྱ་ཆའི ༨༠ ཡན་གྱིས་ལོ་རེའི་ནང་དུ་དཔེ་ཆ་༡༣ཙམ་ཀློག་བཞིན་ཡོད་པ་དང་། དེའི་ནང་ནས་མི་གྲངས་བརྒྱ་ཆའི ༢༣ གྱིས་དཔེ་ཆ ༩ ནས ༡༨ བཀླགས་མྱོང་ཡོད་ལ། བརྒྱ་ཆའི ༣༥ ཡིས་དཔེ་ཆ ༡༨ ལས་མང་བ་བཀླགས་ཡོད། ཆ་སྙོམས་གཟའ་འཁོར ༣ རེར་དེབ་རེ་ཀློག་བཞིན་ཡོད། བརྒྱ་ཆའི ༧༠ ཟིན་པའི་འཇར་མན་གྱི་མི་དཔེ་ཀློག་ལ་དགའ་བོ་ཞེ་དྲག་ཡོད།
      རྒྱལ་སྤྱིའི་མི་གྲངས་བྱེ་བ་ ༨ཙམ་ལས་ལྷག་པའི་འཇར་མན་ནི་དཔེ་མཛོད་ཁང་ཆེས་མང་བའི་རྒྱལ་ཁབ་ཞིག་ཡིན་ལ།  ཆ་སྙོམས་ཀྱིས་མི་ཁྲི ༡ དང་ ༧ གྱི་བར་དུ་དཔེ་མཛོད་ཁང་གཅིག་རེ་ཡོད་པས། འཛམ་གླིང་སྟེང་ཆེས་ཆེ་བའི་དཔེ་མཛོད་ཀྱི་ཚོང་ར་གཉིས་པ་དེའང་ཡིན། ལོ་རེར་ཚོང་རའི་འགྲེམ་ཚད་ཀྱིས་ཡོ་རོབ་ཀྱི་སྒོར་དུང་ཕྱུར ༩༦ ཟིན་ཡོད་པར་མ་ཟད། ལོ་རེར་དེབ་གསར་ཁྲི ༩ ལྷག་དཔེ་སྐྲུན་བྱེད་བཞིན་ཡོད།
          གཞན་ལྷོ་ཁོ་རེ་ཡའི་མི་དམངས་ཀྱིས་ལོ་རེར་ཆ་སྙོམས་ངང་དཔེ་ཆ་༡༡བཀླགས་མྱོང་བ་དང་། ཧྥ་རན་སུ་ཡིས་༨·༥།  ཉི་ཧོང་གིས་༧·༨ཙམ་ཀློག་པ་རེད།
      སྐྱབས་གནས་གཞན་ལ་རེ་བཞིན་སྡུག་བསྔལ་རང་གིས་ཁུར། ལས་དབང་ལྷ་ལ་བཅོལ་ཞིང་ལས་འབྲས་ཕྱི་མར་འདྲེན་པའི་རང་ཅག་བོད་མི་རིགས་འདི་དུས་ནམ་ཡང་ལྷ་འདྲེའི་ཁོར་ཡུག་ཅིག་ནས་རབ་རིབ་ཀྱི་ལྷ་སྒྲུང་འཚོལ་བཞིན།  འདི་སྣང་གཙོ་བོར་མི་འཛིན་ལ་ཕྱི་མར་ཡང་དོགས་མི་བདེ་བའི་ངང་ནས་འཚོ་བཞིན་ཡོད་ལ། དེ་ཡང་རང་བསྟོད་ལ་དགའ་ཞིང་རང་སྣང་གང་དྲན་རེ་གླེང་བཞིན་རང་ཚུགས་མེད་པས་མོ་ལུང་རྩིས་གསུམ་གང་རུང་ཞིག་ལ་བརྟེན་ནས་ཅལ་འདྲོགས་དང་གཞན་དབང་བསླུ་བྲིད་གང་རུང་ཞིག་གི་སྣེ་རུ་མགོ་འཐོམ་བཞིན་སེམས་འཁྲུལ་གྱིན་ཡོད།
     ལྷག་པར་རང་རིགས་ནི་སློབ་སྦྱོང་ལ་མི་དགའ་ཞིང་དཔེ་ཀློག་ནི་དེ་བས་མེད་པའི་མི་རིགས་ཞིག་ཡིན།  ཆ་མཉམ་གྱིས་མི་ལྔ་བཅུས་ལོ་རེར་དཔེ་ཆ་གཅིག་ཙམ་ཀློག་པ་རེད། མི་གྲངས་བརྒྱ་ཆའི་༧༠ཡན་གྱིས་མི་ཚེ་གང་བོར་དཔེ་ཆ་གཅིག་ཙམ་ཀློག་པ་ཕར་ཟད།  ཀ་མད་གསལ་བྱེད་ཀྱི་ཡི་གེ་ཙམ་ཡང་བལྟ་ཀློག་མ་མྱོང་།  དཔེ་ཆ་བླུ་མཁན་ནི་བླ་སྤྲུལ་ཇོ་སེར། སློབ་མ་དང་ལས་བྱེད་པ་རེ་འགའ་ཙམ་ཀྱི་འོས་འགན་ལྟར་སོང་བ་ལས། གཞན་མང་ཚོགས་དཀྱུས་མའི་རྒན་གཞོན་དར་མ་སུ་ཡིན་ཡང་དཔེ་ཁང་གི་ནང་དུ་འགྲོ་བའི་སྲོལ་མེད་པ་འདྲ། གལ་སྲིད་རེ་གཉིས་ཙམ་ཡོད་ཚེ་འདོན་ཆོག་དང་ཆོས་ཕྱོགས་ཀྱི་དཔེ་ཆ་རེ་ཉོ་བ་ལས།  ཚན་རིག་ལོ་རྒྱུས། དངོས་ལུགས་རིག་གནས་ཕྱོགས་ཀྱི་དཔེ་ཆ་ཉོ་མཁན་ཧ་ཅང་དཀོན། ཡུལ་ཕྱོགས་དང་ཚོ་བ། གྲོང་ཚོ་དང་གྲོང་བརྡལ་སོགས་ལ་དཔེ་ཁང་ཞིག་ལྟ་ཅི།  ཐ་ན་དཔེ་ཆ་བ་ཚད་ལྡན་ཞིག་ཀྱང་ཉུང་ཉུང་ཡིན།  རྫོང་རེ་ལ་དཔེ་ཁང་གཅིག་ཙམ་ལས་མེད། དེ་ཡང་ས་གནས་མི་རིགས་ཀྱི་ཡི་གེས་བཟོས་པའི་དཔེ་ཆ་ཤིན་ཏུ་དཀོན།
       འཛམ་གླིང་ལ་ཡོངས་སུ་གྲགས་པའི་མཁས་པ་དང་བསམ་བློ་བ། སྤྱི་ཚོགས་ཀྱི་སྣེ་ཁྲིད་པ་སོགས་རེ་ཟུང་མཆིས་ཀྱང་དེ་དག་གི་ཡོན་ཚད་འཇལ་བའི་ཤེས་རབ་ཀུན་ལ་ཉག་ཕྲ་བས། ལྷག་པའི་ཁྱད་ཆོས་དང་མཁས་པའི་ཡོན་ཏན་མི་མཐོང་། ཡུལ་ཕྱོགས་ཀྱི་མཁས་མིང་བ་ཚོས་དུས་དང་རྣམ་པ་ཀུན་ཏུ་རང་ཕྱོགས་རེ་རྩོད་ནས་གྲུབ་མཐའ་དང་གྲུབ་མཐའི་བར་ལ་མཐའ་རྒྱ། མཁས་པ་མཁས་པའི་བར་ལ་ཕྲག་དོག  བླ་མ་དང་བླ་མའི་བར་ལ་རྙོག་འཛིང་།  རུ་སྡེ་དང་ཚོ་བའི་བར་ལ་ཁ་མཆུ་རེ་བསླངས་ནས་དོན་མེད་ཀྱི་ཀླན་ཀ་ཞིག་ལ་འཛད་མེད་ཀྱི་དུས་འདའ་བར་བྱེད།
      རྒྱ་ནག་གི་དམངས་ཁྲོད་ངག་རྒྱུན་ལ་མི་རབས་གསུམ་ལ་དཔེ་ཆ་བལྟ་མ་མྱོང་ན་ཁྱིམ་ཚང་དེ་ཕག་ཚང་ཞིག་གི་དོ་ཟླར་མི་འོས་ཟེར་བ་ལྟར་ན། རང་རེ་ཚོའི་ཁྱིམ་ཚང་མ་ཟད་ཁྱིམ་རྒྱུད་ཅིག་ལ་མི་རབས་བཅུའི་ཡུན་ལ་ཡི་གེ་ལྟ་མ་མྱོང་བ་གང་མང་མང་ཡོད་པས། ཞིབ་མོ་འདང་རེ་ཐོངས་དང་གང་འདྲ་ཞིག་གི་ཚད་ལ་སླེབས་ཡོད་ས་རེད།
        དེ་ལྟར་དཔེ་ཀློག་མེད་པའི་མི་རིགས་ཤིག་ལ་རེ་ལྟོས་ཀྱི་བྱ་བཞག་ཆེན་པོ་ཞིག་ཡོད་པ་མ་ཡིན་ལ།  དཔེ་ཀློག་ལ་མི་དགའ་བའི་མི་རིགས་ཤིག་ལ་ཤེས་རིག་གི་དཔལ་ཡོན་འབར་བར་མི་སྲིད་དོ།། དཔེ་ཀློག་མི་ཤེས་པའི་མི་རིགས་ཤིག་ལ་ལོ་རྒྱུས་ཀྱི་གཟི་བརྗིད་འཚེར་བ་མ་ཡིན་ལ། དཔེ་ཀློག་མི་ཐུབ་པའི་མི་རིགས་ཤིག་ལ་ཚན་རིག་གིས་མཁོ་སྤྱོད་གནང་བ་དེ་བས་མི་སྲིད་དོ།།
       གང་ལྟར་ཚན་རིག་གི་དཔལ་ཡོན་སྒྲོན་པ་ལ་དཔེ་ཀློག་ཉག་ལ། དཔལ་འབྱོར་གྱི་གཏེར་མཛོད་སྐྱིལ་བ་ལ་དཔེ་ཀློག་མཁོ། ཤེས་རིག་གི་ཐབས་ཇུས་བསུ་བ་ལ་དཔེ་ཀློག་ཐུ་ལ།  རང་རིགས་ཀྱི་ཁྱད་ཆོས་ངོམ་པ་ལའང་དཔེ་ཀློག་གཙོ།
           དེས་ན་དཔེ་ཀློག་ནི་བདེ་སྐྱིད་ཀྱི་ཐབས་ལམ་འདྲེན་པའི་ཤིང་རྟ་ཡིན་ལ་མཚན་སྙན་ཕྱོགས་སུ་མཆེད་པའི་དུང་བརྡའང་ཡིན།  དཔེ་ཀློག་ནི་ཤེས་ཡོན་གྱི་དམིགས་ཁྲིད་ཐོག་མ་ཡིན་ལ་བླང་དོར་གནད་འབྱེད་གསལ་བའི་མེ་ལོང་ཡང་ཡིན། དཔེ་ཀློག་ནི་མི་གཤིས་སྐྱོང་བའི་ཐབས་ལམ་ཉག་ཅིག་ཡིན་ལ་ཞི་བདེ་དང་མཐུན་སྒྲིལ་ཡོང་བའི་གཞི་མའང་ཡིན། དཔེ་ཀློག་ནི་རེ་ལྟོས་དང་ཕུགས་འདུན་འཚོལ་བའི་ལམ་རྒྱགས་ཡིན་ལ་ཡར་ཐོན་དང་འཕེལ་རྒྱས་འགྲོ་བའི་སྐས་རིམ་དང་པོ་དེའང་ཡིན།
       དོན་དུ་མི་རིགས་འདིའི་ཁ་ཚ་དགོས་གཏུགས་ཀྱི་མ་འོངས་འདུན་ལམ་བསམ་ན་སྐྱ་སེར་སུ་ཡིན་རུང་རིས་སུ་མ་ཆད་པར་སློབ་སྦྱོང་གི་གོ་རིམ་ལ་འབད་པ་ལྷུར་ལེན་བྱ་དགོས། དེ་ཡང་རང་གི་རིག་གནས་དང་ཆོས་ལུགས་ཙམ་ལ་བསྟོད་བསྔགས་དང་བདེན་ཁ་གནང་བའི་ཆོག་ཤེས་ཙམ་སྐྱེ་བ་མ་ཡིན་པར། ཕྱི་ནང་གི་རིག་གཞུང་ཀུན་ལ་སྐོམ་པ་ཆུ་གདུང་གི་ཚུལ་དུ་དཔེ་ཀློག་དང་ཐོས་བསམ་སྒོམ་པའི་ལས་ལ་གལ་བོ་ཆེ་ལ་ནན་ཏན་གྱིས་བརྩོན་དགོས་སོ།།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3460