ང་རང་བྱིས་པ་ཡིན་དུས།ང་ལ་གཞན་དང་མི་འདྲ་པའི་ཁྱད་ནུས་ཤིག་ཡོད་པ་ནི་ངས་འདབ་ཆགས་རྣམས་ཀྱིས་ཅི་བཤད་གོ་ཐུབ།ལོ་མང་པོ་ཞིག་འགོར་རྗེས་ངའི་རང་གི་ཁྱད་ནུས་དེ་ཇི་ལྟར་ཡལ་བའང་མ་ཚོར།

ཕལ་ཆེར་ང་རང་ལོ་ལྔ་དྲུག་ཙམ་གྱི་ཉིན་ཞིག་ལ། ཨ་ཕ་དང་ཨ་མ་གཉིས་ཁོ་ཚོའི་མགོ་ཁྲིད་ཀྱི་གཉེན་སྟོན་སྟེང་འགྲོ་དགོས་ཞེས་ང་རང་ངེད་ཚང་གི་ནེ་ཙོ་དང་བྱེའུ་གཉིས་ལ་ལྟ་སྐྱོང་བྱེད་དུ་བཅུག  ནེ་ཙོ་དང་བྱེའུ་གཉིས་ཀྱིས་གཏམ་དེ་ཐོས་འཕྲལ་ཡིད་སེམས་རབ་ཏུ་དགའ་ཞིང་གལ་སྲིད་ང་ལ་ཞབས་ཞུ་ཡག་པོ་ཞིག་བསྒྲུབ་ཚེ།དོ་ནུབ་ངས་ཁོ་གཉིས་ལ་ཟས་འདོད་འདོད་ཅིག་སྟེར་པར་སྙམ་ཏེ་ཁ་ཡག་དང་ངོ་བསྟོད་ཀྱིས“ཁྱོད་ལ་ཅི་མཁོ”ཞེས་དྲིས་བྱུང་།ངས་གཏམ་རྒྱུད་ཅིག་བཤད་དགོས་ཞེས་རེ་བ་བཏོན་པར་ཁོ་གཉིས་ཀྱིས་མིག་གིས་རིག་རིག་འགའ་བྱས་རྗེས་ངེད་ཚང་གི་སྒེའུ་ཁུང་མདུན་གྱི་སྡོང་ཆེན་ལ་བལྟས་ཤིང་དེའི་སྟེང་ན་བྱ་ཚང་ཞིག་རོ་ཞིག་ཡོད་པ་བསྟན་ཏེ་གཏམ་རྒྱུད་ཅིག་བཤད་བྱུང་།

གཏམ་རྒྱུད་དེ་ནི་ཁྭ་ཏ་ཞིག་གི་འདས་དོན་རེད། ཁྭ་ཏ་དེའི་གནས་ཡུལ་ནི་ང་ཚོ་འདུག་སའི་གྲོང་ཁྱེར་འདི་མིན་པར་འདི་ལས་སྤྱི་ལེ་བརྒྱ་ཕྲག་ལྷག་གི་ཕ་རོལ་གྱི་ནགས་ཚལ་ཆུང་ཆུང་ཞིག་ཡིན་ཟེར།དེ་ཡང་ཁྭ་ཏ་དེའི་ཨ་ཕ་ནི་ཁྭ་ཏའི་ཚོགས་ན“བོས་ན་མིང་ཅན་དང་བགོས་ན་སྐལ་ཅན”ཞིག་ཡིན་ཡང་རེ་ཞིག་ཁྭ་ཏ་དང་བྱ་རྒོད་ཀྱི་འཁྲུག་རྩོད་ཁྲོད་རྨས་སྐྱོན་ཚབས་ཆེན་ཕོགས་ཏེ་ཚེ་ལས་འདས། ཁྭ་ཏ་དང་བྱ་རྒོད་གཉིས་ཀ་འདབ་ཆགས་ཀྱི་རིགས་སུ་གཏོགས་རུང་ནང་དམེ་བྱེད་རྒྱུ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་གྱུར་འདུགབྱ་རྒོད་རྣམས་ཀྱིས་ཁྭ་ཏའི་ཚོགས་ལ་དབང་བསྒྱུར་བ་དང་ཁྭ་ཏའི་རྒན་དར་གཞོན་གསུམ་ལ་མནར་གཅོད་ཚད་མེད་བཏང་མཐར།ཁྭ་ཏའི་ཨ་མ་འདུག་མ་བཟོད་པར་གྲོང་ཁྱེར་འདིར་བྲོས་ཡོང་ཞིང་ཉིན་གཉིས་པར་ཁྭ་ཏ་ཁོ་བཙས་བྱུང་།འོན་ཀྱང་། ཁྭ་ཏ་འདིའི་སྒོང་ཤུན་གད་པའི་ཉིན་དེར་ཁོའི་ཨ་མ་ཡང་འཆི་བདག་གི་ཞགས་པས་བཟུང་སྟེ་གཤིན་རྗེའི་ཡལ་དུ་ཁྲིད། དྭ་ཕྲུག་ཏུ་ལུས་པའི་ཁྭ་ཏ་འདིས་སྒོང་ཤུན་ཁ་གད་དེ་མིག་ལམ་དུ་ཐོག་མར་མངོན་ཡོང་བ་ནི་གྲོང་ཁྱེར་འདིའི་ལྗོངས་རྣམ་དང་ཐོག་མར་ཐོས་པ་ནི་རླངས་འཁོར་གྱི་དུང་སྒྲ་རེད།

“དེ་ནས་ཁོས་ལང་ཚོའི་གཤོག་ཟུང་བརྐྱངས་དུས”ཞེས་ནེ་ཙོས་དེ་སྐད་སྨྲས་པར།ངས་ནེ་ཙོའི་ཁ་བཀག་ཏེ“ཁྭ་ཏ་ཆུང་ཆུང་དེ་སྒོང་ཤུན་ལས་ཐོན་མ་ཐག་ཁོའི་གཤོག་ཟུང་ག་ལ་བརྐྱངས་ཐུབ”ཅེས་དྲིས་པར། བྱེའུས “ཐོག་མར་ང་ཚོས་ཀྱང་ཁོ་གྲོང་ཁྱེར་འདིར་འཚོ་དཀའ་སྙམ་ཡང་ཁོ་ལ་གཞན་དང་མི་འདྲ་བའི་ཁྱད་ནུས་ཤིག་ཡོད་པ་ནི་ཁོས་ཁྭ་ཏའི་སྐད་ལྟར་ཨབ། ཨབ། ཨབ།ཅེས་མི་གྲག་པར། རླངས་འཁོར་གྱི་སྒྲ་ལྟར དུང་། དུང་། དུངཞེས་གྲགས་པས་གྲོང་ཁྱེར་བ་རྣམས་ཀྱིས་འདི་ནི་སྤྱིར་བཏང་གི་ཁྭ་ཏ་ཞིག་མ་རེད་ཅེས་ཁོ་ལ་བསྟོད་བསྔགས་བྱེད་པ་དང་ཉིན་རེར་ཟས་ཐུན་སྣ་ཚོགས་སྦྱིན་པས། ཁོའི་དཀའ་ལས་མང་པོ་མྱོང་མ་དགོས་བར་ལང་ཚོའི་གཤོག་ཟུང་བརྐྱངས་ཐུབ་སོང ”ཞེས་བཤད་པར། ངས་ཀྱང་མགོ་བོ་ལྕོག་ལྕོག་ལྡེམ་བཞིན་མི་མཐུད་ཉན་པ་ཡིན།

ཁོས་གཤོག་ཟུང་བརྐྱངས་ཏེ་གྲོང་ཁྱེར་འདིའི་བར་སྣང་དུ་ལྡིང་སྐོར་ཡང་ཡང་བྱས་ཤིང་དུས་ཚོད་ཀྱི་འགྲོས་དང་བསྟུན་གྲོང་ཁྱེར་འདི་ལ་བརྩེ་བ་རབ་ཏུ་ཆགས་པས།ཁོ་རང་ནམ་རྒྱུན་གཞུང་ལམ་གྱི་བཞི་མདོ་ན་འགྲིམ་འགྲུལ་ཉེན་རྟོག་པ་ཞིག་དང་འདྲ་བ་སྒྲིག་ལམ་མི་བརྩི་བའི་མི་རྣམས་ལ དུང་དུང་། དུང་། དུང་དུང་། ཞེས་ཉེན་བརྡ་རྒྱབ་པས་ཕར་འགྲོ་ཚུར་འོང་གི་མི་ཚོགས་ཀྱིས་ཁོ་ལ་བསྟོད་བསྔགས་ཀྱི་མཐེ་བོང་ཡང་ཡང་བསྒྲེངས།

རེ་ཞིགཐང་ཆེན་ན་གཞན་གྱི་སྦྱིན་པར་སྒུག་བཞིན་པའི་ཕུག་རོན་ཚོགས་གྱིས་ཁོ་ལ་ཕ་ངོ་མི་ཤེས་པའི་སྤྲང་ཕྲུག་དང་།རི་དྭགས་ཁང་གི་བྱེའུ་ཚོགས་ཀྱིས་ཁོ་ལ་ཕ་སྐད་མི་ཤེས་པའི་ཁྲེལ་མེད་ཅེས་སྡིགས་པས། ཁྭ་ཏས་སེམས་པ་ཤིན་ཏུ་སྐྱོ་ཞིང་ངེས་པར་རང་གི་ཡབ་མེས་ཀྱི་ཡུལ་གྲུ་དེ་འཚོལ་དགོས་སྙམ་ནས་གང་སར་གནས་ཚུལ་དྲིས་མཐར། གྲོང་ཁྱེར་ལས་སྤྱི་ལེ་བརྒྱ་ཕྲག་གི་མཚམས་སུ་ནགས་ཚལ་ཆུང་ཆུང་ཞིག་ཡོད་པ་རང་གི་ཕ་ཡུལ་ཡིན་པ་ཤེས། ཁོ་རང་གནས་དེ་གར་ཕྱིན་པར་ས་དེའི་ཁྭ་ཏའི་ཚོགས་ལ་དང་པོ་བྱ་རྒོད་ཀྱིས་དབང་སྒྱུར། རྗེས་སུ་ཡང་བྱ་ཁྲས་གནོད་པས་ད་ནི་ཁྭ་ཏ་རེད་ཟེར་ན་བྱ་རྒོད་ཀྱིས་སྐད་སྒྲོགས་བཞིན་པ།བྱ་རྒོད་རེད་ཟེར་ན་བྱ་ཁྲས་ངང་ཚུལ་སྟོན་བཞིན་པ་ཞིག་ཏུ་གྱུར་འདུག  ཁྭ་ཏས“དུང་དུང་། དུང་། དུང་དུང་།”ཞེས་དོན་ནི་ང“ཁྭ་ཏ་བོས་ན་མིང་ཅན་དང་དགོས་ན་སྐལ་ཅན”ཞིག་གི་བུ་ཡིན་ཞེས་བཤད་པར།ཁྭ་ཏའི་ཚོགས་ཀྱིས་འདི་ན་ཁྭ་ཏ་རྫུན་མ་ཞིག་འདུག་ཅེས་ཁྲེལ་དགོད་དང་སྡང་མིག་བགྲད་པས་ཁོ་ཡང་ཅི་བྱ་གཏོལ་མེད་དུ་གྱུར་ཅིང་གནས་དེའི་ཁྱིམ་ཚང་ཞིག་གི་དར་ལྕོག་སྟེང་བབས་ཏེ།ཧ་ཅང་སྐྱོ་བའི་ངག་གིས“དུང་དུང་། དུང་། དུང་དུང་།”ཞེས་མིག་ཆུ་འདོན་བཞིན་པར་ཁྱིམ་ཚང་དེའི་དཔོན་པོས་ཐོས་ཏེ་འདི་འདྲའི་ལྟས་ངན་ཞིག་ཐོས་མ་མྱོང་། དེ་རིང་བཀྲ་མི་ཤིས་པའི་དོན་ཞིག་འབྱུང་རྒྱུ་རེད་བསམས་ཏེ་སྡེ་བའི་མི་ཚོགས་བསྡུས་ཤིང་ཁྭ་ཏ་འདི་ངེས་པར་འཛིན་བཟུང་བྱས་ཏེ་གསོད་དགོས་ཞེས་བཀའ་ཕབ།མི་ཚོགས་ཀྱིས་མདའ་གྲུ་མདུང་གསུམ་འཕྱར་ཏེ་དར་ལྕོག་གི་གཡས་གཡོན་ནས་སྐོར་ཞིང་ཀི་ལྡིར་སྣ་ཚོགས་བྱས་པར་ཁྭ་ཏ་སྐྲག་མ་དངངས་ཀྱིས་ཕྱོགས་ངེས་མེད་དུ་བྲོས་འཕུར་བྱས།

རྗེས་སུ།ཁོ་རང་ཕྱིར་གྲོང་ཁྱེར་དུ་ལོག་དུས་ཐང་ཆེན་གྱི་ཕུག་རོན་ཚོགས་དང་རི་དྭགས་ཁང་གི་བྱེའུ་ཚོགས་ཀྱིས་ཀྱང་ཁོའི་སྐད་ལྟར“དུང་དུང་། དུང་། དུང་དུང་།”ཞེས་སྐད་སྒྲོགས་བཞིན་འདུག་པར་ཁོས་མི་ཚོགས་ཀྱི་གསེང་ནས་ཇི་ལྟར“དུང་དུང་། དུང་། དུང་དུང་།”ཞེས་སྐད་སྒྲོགས་ཀྱང་ཁོ་ལ་བསྟོད་བསྔགས་མཁན་གཅིག་ཀྱང་མེད་སོང་།  ཉིན་དེ་ནས་བཟུང་། ཁོ་རང་གྲོང་ཁྱེར་འདིར་གློ་བུར་གྲག་མེད་དུ་གྱུར་སོང་ཞེས་བཤད་རྗེས།ཨ་ཕ་དང་ཨ་མ་གཉིས་ཀྱང་ཕྱིར་ལོག་ཡོང་པས་ང་ཚོས་གཏམ་རྒྱུད་ཀྱི་བཤད་མཚམས་ཀྱང་བཞག

རྗེས་སུ་ཨ་མས་བཤད་ན།སྔོན་ཆད་ངེད་ཚང་གི་སྒེའུ་ཁུང་འགྲམ་གྱི་སྡོང་བོ་དེའི་སྟེང“དུང་དུང་། དུང་། དུང་དུང་།”ཞེས་སྐད་ཡ་མཚན་སྒྲོགས་ཤེས་པའི་ཁྭ་ཏ་ཞིག་ཡོད་པས་མིང་ལའང་ཁྭ་ཏའི་སྡོང་བོ་ཞེས་བཏགས་མོད།རྗེས་ནས་གྲོང་ཁྱེར་གྱི་འདབ་ཆགས་ཡོངས་ཀྱིས་སྐད་དེ་ལྟར་སྒྲོགས་ཤེས་པས་མི་རྣམས་ཀྱིས་སྡོང་པོ་འདི་ལ་གཏམ་རྒྱུད་འདི་འདྲ་ཞིག་ཡོད་པའང་བརྗེད་སོང་།ད་ནི་གྲོང་ཁྱེར་གྱི་གཞུང་ལམ་རྒྱ་ཆེར་བསྐྲུན་དགོས་རྐྱེན་མི་འགྱངས་བར་གཅོད་རྒྱུ་རེད་ཟེར།

རེ་ཞིག ང་རང་ཕྱིར་ཡུལ་ལ་ལོག་དུས་ཨ་ཕས་ནེ་ཙོ་དང་བྱེའུ་གཉིས་གོང་གི་མགོ་ཁྲིད་ཅིག་ལ་སྟེར་རྒྱུ་ཡིན་ཟེར་ནས་འཁྱེར་བརྩིས་བྱེད་སྐབས། ངས་ཁོའི་མདུན་ནས་བཀག་ཏེ“ནེ་ཙོ་དང་བྱེའུ་འཁྱེར་ཚེ།སུ་ཞིག་གིས་ང་ལ་གཏམ་རྒྱུད་བྱེད་དམ།”ཞེས་དྲིས་པར། ཨ་ཕས་ང་ལ་སྡང་མིག་བགྲད་དེ“ཁྱོད་སྨྱོས་ཟིན་པ་ཡིན་ནམ།འདབ་ཆགས་ཀྱིས་གཏམ་རྒྱུད་ག་ལ་བཤད་ཤེས།”ཞེས་ང་རང་ཕར་འདེབས་ཞོར།“ད་ལྟ་གྲོང་ཁྱེར་ཡོངས་ན་ངེད་ཚང་གི་བྱ་འདི་གཉིས་མ་གཏོགས་རང་གི་སྐད་ལྟར་སྒྲོགས་ཐུབ་མཁན་མེད་པས་གོང་གི་མགོ་ཁྲིད་ལ་བྱིན་ན་ཡིད་དགའ་བོར་ཆགས་ཐུབ”ཟེར།།

 

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3426