སྔོན་ཆད་ངའི་ཨ་ཕ་ནི་ཕྱི་ནད་ཚན་ཁག་གི་སྨན་པ་ཞིག་ཡིན། ཁོང་གི་གཟུགས་སྟོབས་ཆེ་ཞིང་སྐད་གདངས་མཐོ། གཤགས་བཅོས་ཁང་ནས་བསྟུན་མར་དུས་ཚོད་བཅུའི་རིང་དུ་བསྡད་ཀྱང་ཁོའི་ཞལ་ངོར་ངལ་དུབ་ཀྱི་ཉམས་ཤིག་མེད་ལ། ལས་ཚོགས་གྲོལ་ཏེ་ཕྱིར་ཁྱིམ་ལ་ལོག་ཐེངས་རེར་ཁོང་གི་གོམ་སྟབས་ལ་ཤུགས་ཀྱིས་ཁེངས་ཤིང་སྒོ་ཁའི་གྱང་ཟུར་ལ་གཅིན་པ་གཏོང་པའི་སྒྲ་དེའང་དྲག་ཆར་བབས་པ་ལྟ་བུ་ཞིག་ཡིན།

ཨ་ཕས་ཕོ་ལོ་ཉེར་ལྔའི་སྟེང་འཁལ་འཐག་ལས་བཟོ་བ་བུད་མེད་ཅིག་ཆུང་མར་བླངས་ཤིང་གཉེན་སྒྲིག་བྱས་པའི་ལོ་གཉིས་པར་བུ་ཞིག་བཙས་པ་ནི་ངའི་ཕུ་བོ་ཡིན་ལ། ཡང་ལོ་གཉིས་འགོར་བའི་རྗེས་སུ་བུ་ཞིག་བཙས་པ་ནི་ང་ཡིན།

ང་རང་ལོ་བརྒྱད་ཡིན་པའི་ཉིན་ཞིག་ལ། ནམ་རྒྱུན་བྲེལ་འཚུབ་ཁྲོད་འཚང་བའི་ཨ་ཕ་ལ་ངལ་གསོའི་གོ་སྐབས་ཤིག་བྱུང་། ཞོགས་པའི་དུས་ལ་ཨ་ཕས་གཉིད་འདོད་འདོད་ཅིག་ལོག་ཅིང་ཕྱི་དྲོའི་མཚམས་སུ་སླེབས་དུས། ངེད་ཕུ་ནུ་གཉིས་ཁྲིད་དེ་སྤྱི་ལེ་ལྔ་མཚམས་ཀྱི་མཚོ་འགྲམ་དུ་བསྐྱོད། ངེད་གསུམ་རྩེད་འཇོ་ལ་གཡེང་སྟེ་དུས་ཚོད་གསུམ་ཙམ་ཇི་ལྟར་འགོར་བའང་མ་ཚོར། ཕྱིར་ལོག་དུས། ཨ་ཕས་ངེད་ཕུ་ནུ་གཉིས་ལས་གཅིག་ཁོང་གི་ཕྲག་གོང་ལ་ཁུར་ཅིང་གཅིག་མཆན་འོག་ཏུ་བཟུང་སྟེ་ཁྱིམ་ལ་ལོག

ནུབ་ཚ་འཐུངས་རྗེས། སྒོ་ཁའི་སྡོང་ཆེན་འོག་ཏུ་དལ་གྱིས་ལྡང་བའི་བསིལ་རླུང་དང་ཆུ་ཤེལ་ཟླ་བའི་གཟི་འོད་ཁྲོད་ཨ་ཕ་སྨྱུག་མའི་ཤིང་ཁྲི་སྟེང་བསྡད་ཅིང་ཨ་མ་འཁྲིས་ཀྱི་སྦ་སྟེགས་ལ་བཞུགས། ངེད་ཕུ་ནུ་གཉིས་རྐུབ་སྟེགས་ལ་བསྡད་དེ་ཨ་ཕས་ཅི་བཤད་ཉན་བསྡད་པར། ཁོས་བཤད་ན་མི་རེ་རེའི་ཁོག་ན་རྒྱུ་ལྷག་རེ་ཡོད་པ་དང། ཨ་ཕས་ཉིན་རེར་མིའི་རྒྱུ་ལྷག་ཉི་ཤུ་ལྷག་གཤགས་བཅོས་བྱས་ཏེ་ལེན་དགོས་པ་དང་ད་སྔར་ཆེས་མགྱོགས་པ་ནི་སྐར་མ་བཅོ་ལྔའི་ནང་གཤགས་བཅོས་ཐེངས་ཤིག་བྱས་སོང་ཞེས་བཤད་པ་ན། ངེད་ཕུ་ནུ་གཉིས་ཀྱིས་རྒྱུ་ལྷག་བླངས་རྗེས་ཅི་བྱ་དགོས་ཞེས་དྲིས་པར། ཨ་ཕས་ལག་པ་གཡུག་གཡུག་བྱེད་ཞོར“རྒྱུ་ལྷག་བླངས་རྗེས་མར་གཡུག་པ་ལས་དེའི་ཅི་བྱེད”ཅེས་བཤད།

“ཅིའི་ཕྱིར་མར་གཡུག་དགོས”ཞེས་ངེད་གཉིས་ཀས་དྲིས།

ཨ་ཕས་“ཕན་པ་ཏོག་ཙམ་ཡང་མེད་པ་ཞིག་གིས་ཅི་བྱེད”ཅེས་ལན་བྱིན།

རེ་ཞིག་སོང་རྗེས། ཡང་ཨ་ཕས“མིའི་གློ་བ་ལ་ནུས་བ་ཅི་ཡོད”ཅེས་ངེད་ཕུ་ནུ་གཉིས་ལ་དྲིས་པར།

ཕུ་བོས“དབུགས་རྔུབ་དགོས”ཞེས་ལན་བཏབ།

“དེ་མ་གཏོགས་མེད་དམ”

ཕུ་བོས་བསམ་བློ་ཞིག་བཏང་རྗེས“དབུགས་འབྱིན་དགོས”ཞེས་བཤད།

“དེ་ན་ཕོ་བ། མིའི་ཕོ་བ་ལ་ནུས་པ་ཅི་ཡོད”

ཡང་ཕུ་བོས“ཕོ་བས་ཟ་མ་རྣམས་འཇུ་ཐུབ་པ་རེད”ཅེས་ལན་བཏབ་བྱུང་།

“དེ་ན་སྙིང་གིས་ཅི་བྱེད་ཐུབ?”ཅེས་ཨ་ཕས་དྲིས་མ་ཐག ངའི་མྱུར་བར“སྙིང་ནི་འཕར་ལྡིང་བྱེད་པ་རེད”ཅེས་འུར་བརྒྱབ་པར་ཨ་ཕས་ང་ལ་བལྟས་ཏེ“ཁྱོད་ཀྱིས་བཤད་པ་བདེན། ཁྱོད་གཉིས་ཀས་བཤད་པ་བདེན། གློ ཕོ་བ། སྙིང་། རྒྱུ་སོར་བཅུ་གཉིས་དང་རྩམ་ལོང་། ལོང་ག གཞང་དཀར་ནག་སོགས་རེ་རེར་ནུས་པ་རེ་ཡོད་མོད། འོན་ཀྱང་རྒྱུ་ལྷག་གིས་ཅི་ཡང་མི་ནུས”ཞེས་བཤད་པར།

ཕུ་བོས་ཨ་ཕའི་སྐད་ལྟར“ཕན་པ་ཏོག་ཙམ་ཡང་མེད་པ་ཞིག་གིས་ཅི་བྱེད”ཅེས་བཤད་བྱུང་།

ཨ་ཕས་ཧ་ཧ་དང་ཧོ་ཧོ་ཞེས་བགད་པར་ཨ་མས་ཀྱང་ང་ཚོར་བལྟས་ཏེ་དགོད་བཞིན་འདུག

ཡང་ཨ་ཕས“ངོ་མ་བདེན་པ་རེད། རྒྱུ་ལྷག་ལ་ཕན་པ་ཏོག་ཙམ་ཡང་མེད། ཁྱོད་ཚོས་དབུགས་འབྱིན་རྔུབ་དང་ཟ་མ་འཇུ་བ། གཉིད་ལོག་པ་སོགས་རྒྱུ་ལྷག་དང་འབྲེལ་བ་སྤུ་ཙམ་ཡང་མེད་པ་མ་ཟད། ཟ་མ་བཟས་རྗེས་སྐྱིགས་བུ་བྱེད་པ་དང་ཕོ་བ་མ་བདེ་ན་གཡག་གཏོང་བ་སོགས་ཀྱང་རྒྱུ་ལྷག་དང་འབྲེལ་བ་ཅི་ཡང་མེད”ཅེས་བཤད་བྱུང་།

ཨ་ཕས་སྐྱིགས་བུ་དང་གཡག་གཏོང་བ་སོགས་བཤད་ཚེ་ངེད་ཕུ་ནུ་གཉིས་ཀས་ཧེ་ཧེ་ཞེས་བགད་པར་ཨ་ཕ་ཤིང་ཁྲི་ལས་ཡར་ལངས་ཤིང་གདོང་ལ་གཟབ་ནན་གྱི་ཚུལ་ཞིག་བསྟན་ཏེ། “གལ་སྲིད་རྒྱུ་ལྷག་ལ་ཚ་ངད་ལངས་ཚེ་ཕོ་བ་ཤིན་ཏུ་ན་བ་དང་། རྒྱུ་ལྷག་རྡོལ་ཚེ་གསུས་པ་ལ་ནང་སྐྱིའི་གཉན་ཚད་བྱུང་སྟེ་མིའི་སྲོག་ཀྱང་ལེན་སྲིད།  དེའི་དོན་ཤེས་སམ”ཞེས་བཤད་པར།

ཕུ་བོས་མགོ་བོ་ལྡེམ་བཞིན“མི་ཤི་འགྲོ་བ་རེད”ཅེས་བཤད།

ཕུ་བོས་དེ་ལྟར་བཤད་འཕྲལ་ང་ལ་དངངས་སྐྲག་ཅིག་བྱུང་ཞིང་ཨ་ཕས་ཀྱང་ངའི་ཚུགས་ཀ་མཐོང་རྗེས།  ངའི་སྤྱི་བོར་རེག་རེག་བྱེད་ཞོར“རྒྱུ་ལྷག་ལེན་པ་ནི་གཤགས་བཅོས་ཆུང་ཆུང་གི་རིགས་རེད། གལ་སྲིད་དེ་མ་རྡོལ་ཚེ་ཉེན་ཁ་ཡང་མེད། སྔོན་ཆད་དབྱིན་ཇིའི་ཕྱི་ནད་ཚན་ཁག་གི་སྨན་པ་ཞིག་ཡོད། དེས་་་་་”ཞེས་བཤད་བཞིན་ཤིང་ཁྲི་སྟེང་ཕྱིར་ཉལ་ཞིང་ལུས་པོ་གསེག་གསེག་ཏུ་བསྡད་དེ་ངེད་ཕུ་ནུ་གཉིས་ལ་གཏམ་རྒྱུད་ཅིག་བཤད་བྱུང་།

“དབྱིན་ཇིའི་སྨན་པ་དེ་ཉིན་ཞིག་གླིང་ཕྲན་ཆུང་ཆུང་ཞིག་ཏུ་ཐོན་པར་གློ་བུར་རྒྱུ་ལྷག་གཉན་ཚད་བྱུང་། ས་དེ་རུ་སྨན་ཁང་དང་སྨན་པ། སྨན་སྒམ་སོགས་ཅི་ཡང་མེད་པས་ཁོས་བེ་ཏའི་ལྗོན་པ་ཞིག་གི་འོག་ཏུ་རྒྱུ་ལྷག་གི་ན་ཟུག་མྱངས་བསྡད། གལ་སྲིད་ཁོས་མྱུར་བར་གཤགས་བཅོས་མ་བྱས་ཚེ་རྒྱུ་ལྷག་རྡོལ་ལ་ཉེན།”ཞེས་བཤད་རྗེས། ཡང་ཨ་ཕ་ཙོག་ཤིང་ཁྲི་ལས་ཙོག་པུར་བསྡད་དེ“རྒྱུ་ལྷག་རྡོལ་ཚེ་ཅི་འབྱུང་སྲིད”ཅེས་ངེད་གཉིས་ལ་དྲིས་བྱུང་།

ཕུ་བོས“ཤི་འགྲོ་བ་རེད”ཅེས་ལན་བཏབ།

“གསུས་པ་ལ་ནང་སྐྱིའི་གཉན་ཚད་བྱུང་རྗེས་ད་གཟོད་ཤི་འགྲོ་བ་རེད”ཅེས་ཨ་ཕས་དེ་ལྟར་བཤད་རྗེས་ཡང་“སྨན་པ་དེས་བྱ་ཐབས་ཅི་ཡང་མེད་པ་རྟོགས་རྗེས། ཁོས་གླིང་ཕྲན་སྟེང་གི་མི་གཉིས་ལ་མེ་ལོང་ཆེན་པོ་ཞིག་བཟུང་དུ་བཅུག་ཅིང་མེ་ལོང་ལས་རང་གིས་རང་ལ་གཤགས་བཅོས་བྱས་སོང་།”ཞེས་བཤད་འཕྲལ་ཨ་ཕས་རང་གི་ལྟོ་བའི་གཡས་ཕྱོགས་ཀྱི་གནས་ཤིག་བསྟན་ཏེ“འདི་ནས་ཤ་གཤགས་རྗེས་ནང་གི་ཤ་དང་ཚིལ་གཉིས་ཕྱོགས་ཕྱོགས་སུ་བགར་དགོས་ཤིང་ལག་པ་བསྲིངས་ཏེ་རང་གི་ཁོག་རྒྱུ་ལས་རྒྱུ་ལྷག་འཚོལ་དགོས”ཞེས་བཤད་པར། ངོ་མཚར་བའི་གཏམ་རྒྱུད་དེས་ངེད་ཕུ་ནུ་གཉིས་ཀྱི་ཡིད་དབང་རབ་ཏུ་འཕྲོག་ཅིང་སྨན་པ་དེར་སེམས་གཏིང་ནས་ཡིད་སྨོན་སྐྱེས་ཤིང་ཨ་ཕར་བལྟས་ཏེ“ཁྱེད་ཀྱིས་ཀྱང་དེ་ལྟར་རང་གིས་རང་ལ་གཤགས་བཅོས་བྱེད་ཐུབ་བམ”ཞེས་དྲིས་པ་ན།

ཨ་ཕས“གལ་སྲིད་ང་ཡང་གླིང་ཕྲན་དེ་རུ་ཡོད་པ་དང་གློ་བུར་རྒྱུ་ལྷག་གཉན་ཚད་བྱུང་ཚེ། སྲོག་སྲུང་བའི་ཆེད་དུ་ངས་ཀྱང་རང་ལ་གཤགས་བཅོས་བྱ་སྲིད”ཅེས་བཤད་པར་ངེད་ཕུ་ནུ་གཉིས་རབ་ཏུ་དགའ་ཞིང་ངེད་གཉིས་ཀྱིས་རྒྱུན་པར་རང་གི་ཨ་ཕ་ནི་གནམ་འོག་ན་འགྲན་ཟླ་བྲལ་བ་ཞིག་ཏུ་མཐོང་ཡོད་པ་དང་ལྷག་པར་ཁོས་དེ་ལྟར་བཤད་འཕྲལ་ངེད་གཉིས་ལ་ཡིད་ཆེས་ཀྱིས་གཏོས་ཏེ་བྱིས་པ་གཞན་རྣམས་ལ་ཨ་ཕའི་ཆེ་བ་བརྗོད་པ་ཡིན།

“འུ་གཉིས་ཀྱིས་མེ་ལོང་ཆེན་པོ་ཞིག་བཟུང་ཚེ། ཨ་ཕས་ཀྱང་རང་ལ་གཤགས་བཅོས་བྱ་ཐུབ”ཅེས་ཕུ་བོས་བཤད།

དེ་ལྟར་ཟླ་གཉིས་ལྷག་འགོར་རྗེས་ལོ་དེའི་སྟོན་ཁ་སླེབས་བྱུང་། གཟའ་ཉི་མའི་སྔ་དྲོ་ཞིག་ལ་ཨ་ཕ་ལ་གློ་བུར་རྒྱུ་ལྷག་གཉན་ཚད་བྱུང་།

ཉིན་དེའི་ཞོགས་པར་ཨ་ཕས་སྨན་ཁང་ནས་མཚན་ལས་བྱས་ཏེ་ཕྱིར་ཁྱིམ་དུ་ལོག་སྐབས་ཨ་མ་ལས་ཚོགས་ལ་འགྲོ་བ་མཐོང་། ཁོས“མདང་དགོང་ཞག་གང་པོར་གཉིད་མ་ཐུབ། ཀླད་ཕྱི་སྐྱོན་ཅན་གཅིག་དང་རུས་པ་གཅག་ཡོད་པ་གཉིས། ཆུན་མཱེ་སུའུ་ཡིས་ནད་ཕོགས་པ་གཅིག ང་ཤིན་ཏུ་ཐང་ཆད་འདུག  ངའི་སྙིང་ཁམས་ཀྱང་ཅུང་མི་བདེ་བར་འདུག”ཅེས་བཤད་རྗེས་ཨ་ཕས་ལག་པ་བྲང་ཁར་སྦྱར་ཏེ་མལ་ཁྲི་ལས་གཉིད་ལོག

ང་དང་ཕུ་བོ་གཉིས་ཀས་ཁང་བ་གཞན་ཞིག་ཏུ་ཅོག་ཙེ་རྐུབ་སྟེགས་སྟེང་བསྒྲིག་པའི་རོལ་རྩེད་ལ་གཡེང་བཞིན་པར་ཨ་ཕས“ཨུན ་ ཨུན”ཞེས་ན་ཟུག་གི་སྐད་སྒྲོགས་པ་ཐོས། ངེད་གཉིས་ཨ་ཕ་ཉལ་སའི་སྒོ་ཁར་སོང་སྟེ་རེ་ཞིག་འགོར་རྗེས། ཨ་ཕས་ངེད་གཉིས་ཀྱི་མིང་ནས་བོས་པས་ཁོའི་གམ་དུ་ཐོན་པ་ན་ཁོ་ནི་ཆུ་འབུ་གློ་ཉ་ཞིག་དང་འདྲ་བར་གུག་གུག་ཏུ་བསྡད་ཅིང་ཨམ་གཙིགས་བསྡམས་བཞིན་ངེད་གཉིས་ལ།

“ངའི་རྒྱུ་ལྷག་་་་་་་་ཨ་ཡོ་་་་་་རྒྱུ་ལྷག་གཉན་ཚད་མགྱོགས་མོ་རེད་་་་རེམ་་་་་རེམ་པ་སྨན་ཁང་དུ་སྨན་པ་ཁྲིན་ཚོལ་དུ་རྒྱུགས། སྨན་པ་ཝང་ཡིན་ཡང་ཆོག་་་་ རེམ་པ་སོང་། རེམ”

ཕུ་བོས་ང་འཐེན་བཞིན་ཐེམ་སྐས་ལས་མར་བབས་ཤིང་སྒོ་ཕྱིའི་སྲང་ལམ་དུ་ཐོན་རྗེས། ངའི་སེམས་སུ་ཨ་ཕ་ལ་རྒྱུ་ལྷག་གཉན་ཚད་བྱུང་ན་ངེད་ཕུ་ནུ་གཉིས་སྨན་ཁང་དུ་སྨན་པ་ཁྲིན་དང་ཝང་འཚོལ་དུ་སོང་ཚེ་དེ་གཉིས་ཀྱིས་ཅི་ཞིག་སྒྲུབ་ནུས་སམ། ཨ་ཕས་སྔོན་མར་རང་གིས་རང་ལ་གཤགས་བཅོས་བྱ་ཐུབ་ཟེར་པས་ངེད་ཕུ་ནུ་གཉིས་ཀྱིས་མེ་ལོང་ཆེན་པོ་ཞིག་བཟུང་ན་ཆོག་སྙམ་པར།

ཕུ་བོ་ཡང་སྲང་མགོར་ཀྲོང་ངེར་བསྡད་དེ“འུ་གཉིས་ཀྱིས་སྨན་པ་ཁྲིན་བཙལ་མི་རུང་ལ་སྨན་པ་ཝང་ཡང་བཙལ་མི་རུང”ཞེས་བཤད།

ངས“ཅིའི་ཕྱིར”ཅེས་དྲིས་པར།

ཁོས“ཁྱོད་ཀྱིས་བསམ་བློ་ཐོངས་དང་། གལ་སྲིད་སྨན་པ་དེ་གཉིས་བཙལ་ཚེ་ཁོང་གཉིས་ཀྱིས་ཨ་ཕར་གཤགས་བཅོས་བྱ་སྲིད”ཅེས་བཤད་པར་ངས་ཀྱང་བདེན་པའི་དོན་དུ་མགོ་བོ་ལྡེམ། ཡང་ཕུ་བོས“ཨ་ཕས་རང་གིས་རང་ལ་གཤགས་བཅོས་བྱེད་པར་ཁྱོད་ཀྱིས་བལྟ་འདོད་དམ”ཞེས་དྲིས་པར།

ངས“བལྟ་ན་ལོས་འདོད”ཅེས་ལན་བཏབ།

“དེའི་རྐྱེན་གྱིས་འུ་གཉིས་ཀྱིས་སྨན་པ་ཁྲིན་དང་ཝང་གཉིས་སུ་ཡང་བཙལ་མི་རུང་།  དེ་ལས་འུ་གཉིས་སྨན་ཁང་དུ་ཕྱིན་ཏེ་གཤགས་བཅོས་སྒམ་ཞིག་འཁྱེར་ཡོང་། མེ་ལོང་ཆེན་པོ་འུ་ཚང་ལའང་ཡོད”ཅེས་ཕུ་བོས་དེ་ལྟར་བཤད་མ་ཐག ང་རང་ཤིན་ཏུ་དགའ་ཏེ“ད་ནི་འུ་གཉིས་ཀྱིས་ཨ་ཕས་རང་ལ་གཤགས་བཅོས་བྱེད་པར་བལྟ་ཐུབ་སོང”ཞེས་འུར་བརྒྱབ།

ངེད་གཉིས་སྨན་ཁང་དུ་ཐོན་རྗེས། སྨན་པ་གཞན་རྣམས་ཟ་ཁང་དུ་གུང་ཚིགས་བཞེས་སུ་སོང་ལ། གཤགས་བཅོས་ཁང་དུ་ནད་གཡོག་མ་གཅིག་ལས་མི་འདུག ཕུ་བོས་བཀའ་བཅོལ་ལྟར་ང་རང་ནད་གཡོག་མ་དེའི་འཁྲིས་སུ་སྦྱར་ཏེ་མོ་དང་ཁ་བརྡ་བྱས། ངས་མོ་ལ་ཨ་ཅེ་ཞེས་བོས་ཤིང་མོ་ནི་ཇི་འདྲའི་ཡག་མ་ཞིག་རེད་ཅེས་བསྟོད་བསྔགས་བྱེད་བཞིན་པའི་བར་གླགས་སུ་ཕུ་བོས་གཤགས་བཅོས་སྒམ་ཁྱེར་ཏེ་ཕྱིར་ལོག་བྱུང་།

ངེད་གཉིས་ཁྱིམ་དུ་ཐོན་པར་ཨ་ཕས་ཚོར་ཏེ་སྐད་གདངས་དམའ་མོས“སྨན་པ་ཁྲིན། སྨན་པ་ཁྲིན། ཡང་ན་སྨན་པ་ཝང་ཡིན?”ཞེས་འབོད་བཞིན་འདུག

ངེད་གཉིས་ཁོའི་མདུན་དུ་ཐོན་པ་ན་ཁོའི་དཔྲལ་བར་རྔུལ་ཆུས་བརླན་ལ། ཨ་ཕས་ངེད་གཉིས་ལས་གཞན་མེད་པ་མཐོང་རྗེས“སྨན་པ་ཁྲིན་གང་དུ་ཡོད། སྨན་པ་ཁྲིན་མེད་དམ”ཞེས་ཟུག་རྔུའི་སྐད་ཀྱིས་དྲིས་བྱུང་།

ཕུ་བོས་ང་ལ་གཤགས་བཅོས་བྱེད་པའི་སྒམ་ཁ་ཕྱེས་སུ་བཅུག་ཅིང་ཁོང་གིས་ཨ་མས་རྒྱུན་པར་བཀོལ་བའི་མེ་ལོང་ཆེན་པོ་དེ་ཁྱེར་ཡོང་བར་ཨ་ཕས་ད་རུང“སྨན་པ་ཝང་། སྨན་པ་ཝང་ཡང་མེད་དམ།”ཞེས་འདྲི་བཞིན་འདུག

ངེད་གཉིས་ཀས་སྒམ་ཁ་ཕྱེས་པའི་གཤགས་བཅོས་སྒམ་དེ་ཨ་ཕའི་གཡས་ཕྱོགས་སུ་བཞག་ལ། མལ་ཁྲི་སྟེང་འགོས་ཏེ་མེ་ལོང་ཆེན་པོ་མཐོ་རུ་བཀྱེགས། ཕུ་བོས་མེ་ལོང་དུ་ཨ་ཕའི་གཟུགས་པོ་མཐོང་ཐུབ་པར་བལྟས་རྗེས་ཨ་ཕ་ལ“ཨ་ཕ། རེམ།”ཞེས་བཤད་པར།

ཨ་ཕས་ཁ་ངོ་ཀྱོག་ཀྱོག་དང་དབུགས་རྒྱུན་འཚང་འཚང་བྱས་ཏེ་སྨན་པ་ཁྲིན་དང་སྨན་པ་ཝང་གང་ན་ཡོད་ཅེས་བཤད་བཞིན་པར། ངེད་གཉིས་ཀས་འཚབ་འཚུབ་ངང“ཨ་ཕ། ཁྱེད་ཀྱིས་རེམ་དང་། དེ་མིན་རྒྱུ་ལྷག་རྡོལ་རྒྱུ་རེད”ཅེས་འུར་བརྒྱབ།

ཨ་ཕས་སྐད་གདངས་ཤིན་ཏུ་དམའ་མོས“ཅི་ཞིག་་་་་་རེམ་དགོས”ཞེས་དྲིས་པར།

ངེད་གཉིས་ཀས“ཨ་ཕ། རང་གིས་རང་ལ་གཤགས་བཅོས་བྱོས་དང”ཞེས་སྐད་བཤད།

སྐད་ཆ་དེ་བཤད་འཕྲལ་ཨ་ཕས་ད་གཟོད་ངེད་གཉིས་ཀྱི་སྐད་ཆའི་ཡང་སྙིང་རྟོགས་ཏེ་ངེད་གཉིས་ལ་སྡང་མིག་བགྲད་བཞིན“དུད་འགྲོ”ཞེས་སྡིགས་བྱུང་།

ཨ་ཕའི་སྡིགས་སྐད་ཐོས་འཕལ་ང་ལ་དངངས་སྐྲག་ཅིག་བྱུང་ཞིང་ཕུ་བོའི་ཕྱོགས་སུ་བལྟས་པར་ཕུ་བོ་ཡང་སྐྲག་སྣང་ཁྲོད་ལུས་འདུག ཨ་ཕས་ངེད་གཉིས་ལ་སྡང་མིག་བགྲད་པ་ལས་སྐད་ཅི་ཡང་བཤད་མ་ཐུབ། ཕྲན་ཙམ་སོང་རྗེས། ཕུ་བོས་ཨ་ཕའི་སྡིགས་སྐད་ཀྱི་དོན་རྟོགས་པ་འདྲ་སྟེ“ཨ་ཕའི་རྐང་སྣམ་ཕུད་དགོས”ཞེས་བཤད་རྗེས་ང་ལ་མེ་ལོང་བཟུང་དུ་བཅུག་ཅིང་ཁོས་ཨ་ཕའི་རྐང་སྣམ་ཕུད་བརྩིས་བྱས་པར་ཨ་ཕས་ཁོ་ལ་འགྲམ་ལྕག་ཚ་ཐག་ཆོད་པ་གཅིག་གཞུས་རྗེས་ངེད་གཉིས་ལ་ཡང་བསྐྱར“དུད་འགྲོ”ཞེས་སྡིགས་བྱུང་།

སྡིགས་སྐད་དེ་ཐོས་རྗེས་ཕུ་བོ་མྱུར་ཏུ་མལ་ཁྲི་ལས་ཐང་ལ་མཆོང། ང་ཡང་མྱུར་བར་ཐང་ལ་བབས།  ཨ་ཕའི་ཁོང་ཁྲོའི་མེ་ལྕེ་འབར་བའི་རྣམ་འགྱུར་ལས་ངས་ཕུ་བོ་ལ“ཨ་ཕས་རང་ལ་གཤགས་བཅོས་བྱ་མ་འདོད་པ་ཡིན་ནམ”ཞེས་དྲིས་ཚེ།

ཕུ་བོས“ད་ཅི་ཤེས”ཞེས་ལན་བཏབ།

རྗེས་སུ། ཨ་ཕ་ངུས་བྱུང་། ཁོའི་མིག་མཐར་མཆི་མ་བཞུར་བཞིན་སྐད་ངག་འདར་འདར་གྱིས“བུ་དགའ་བོ། རེམ་པ་་་་་རེམ་པར་སོང་་་་་ཨ་མ།་་་་ཨ་མ་བོས་ཤོག”ཅེས་བཤད་བྱུང་།

ངེད་གཉིས་ཀའི་སེམས་སུ་ང་ཚོའི་ཨ་ཕ་ཡང་ཁོས་བཤད་པའི་གཏམ་རྒྱུད་དེའི་ཁྲོད་ཀྱི་སྨན་པ་དཔའ་བོ་དེ་དང་འདྲ་བར་རང་གིས་རང་ལ་གཤགས་བཅོས་བྱེད་སྲིད་སྙམ་ཡང་བློ་ཡུལ་ལས་འདས་པ་ཞིག་ལ་ཁོ་རང་ངུས་བྱུང་། ངེད་གཉིས་ཀས་ཁོ་ལ་རེ་ཞིག་བལྟས་རྗེས་ཕུ་བོས་ང་རང་འཐེན་བཞིན་ཐེམ་སྐས་ལས་མར་བབས་ཤིང་སྲང་ལམ་གྱི་མགོར་རྒྱུགས་ཏེ་ཨ་མ་བོས་ཡོང་།

ཨ་ཕ་གཤགས་བཅོས་ཁང་དུ་ཐོན་དུས། རྒྱུ་ལྷག་རྡོལ་འདུག་ལ་ཁོའི་ཕོ་བར་རྣག་ཆུས་བཀང་སྟེ་གསུས་པར་ནང་སྐྱིའི་གཉན་ཚད་བྱུང་སོང་། སྨན་ཁང་ནས་ཟླ་གཅིག་ལྷག་རིང་ལ་བསྡད་པ་དང་ཁྱིམ་དུའང་ཟླ་གཅིག་ལྷག་ལ་ངལ་གསོས་རྗེས་ཡང་བསྐྱར་སྨན་པའི་གོན་པ་དཀར་པོ་གྱོན་ཀྱང་ཁོ་རང་ཕྱི་ནད་ཚན་ཁག་གི་སྨན་པར་འདུག་མ་ཐུབ། རྒྱུ་མཚན་ནི་རྒྱུ་ལྷག་བླངས་རྗེས་ཁོ་ནི་སྔོན་མའི་མི་ཕོ་སྟོབས་ཤུགས་ཅན་དེ་མིན་པར་གཤགས་བཅོས་སྟེགས་བུ་ནས་དུས་ཚོད་གཅིག་རིང་དུ་བསྡད་ཀྱང་མགོ་ཡུར་འཁོར་བ་དང་མིག་ཟུང་རབ་རིབ་ཏུ་འགྱུར་བར་མ་ཟད། ལུས་རིད་པ་དང་གོམ་པའི་སྤོ་མཚམས་ཀྱང་གཅིག་ཆེ་ལ་གཅིག་ཆུང་བར་གྱུར། དགུན་ཁ་ཐོན་དུས། ཁོ་ལ་དུས་རྒྱུན་ཆམ་ནད་ཕོགས་ཀྱིན་འདུག་པས་ཨ་ཕ་རྒྱུན་ཏུ་རྐུབ་སྟེགས་སྟེང་ཙོག་ཙོག་ཏུ་བསྡད་དེ་རང་གི་མདུན་སར་སླེབས་པའི་ནད་པའི་ནད་རྟགས་ལས་སྨན་ཐོ་རེ་སྟེར་བའི་ཁོང་ནད་ཚན་ཁག་གི་སྨན་པ་ཞིག་ཏུ་གྱུར། ལས་ཚོགས་གྲོལ་དུས་ཀྱང་ཁོའི་ལག་ལ་ཆང་བཅུད་སྲིལ་བལ་བཟུང་སྟེ་ལག་པ་ཕུར་བཞིན་དལ་ཤིག་ཤིག་ངང་ཁྱིམ་ལ་ལོག  མཚན་མོ་གཉིད་ལོག་པའི་སྐབས་སུ། ཨ་ཕས་དུས་རྒྱུན་ཨ་མ་ལ“ཁྱོད་ཀྱིས་ང་ལ་བུ་གཉིས་བཙས་ཡོད་ཀྱང་དོན་གྱིས་ང་ལ་རྒྱུ་ལྷག་གཉིས་བཙས་པ་དང་འདྲ། དུས་རྒྱུན་ཕན་པ་ཏོག་ཙམ་ཡང་མེད་པ་མ་ཟད། གནད་འགག་གི་དུས་ལ་ངའི་སྲོག་ཀྱང་ལེན་སྲིད”ཅེས་སྡུག་ཡུས་གཏོང་པར་ངེད་ཕུ་ནུ་གཉིས་ཀས་ཐོས།།

 

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3423