ཞོགས་པའི་དུས་ལ། ཨ་མ་འབྲུག་མོས་ལག་གཡས་སུ་ཇ་དེམ་བཟུང་ཞིང་ལག་གཡོན་ཏུ་ལོ་མང་འགོར་བའི་ཇ་ཕོར་དེ་ཁྱེར་ནས་སྒོ་འགྲམ་གྱི་གྲུ་ཟུར་རུ་ཉི་མར་ལྡེ་བསྡད་ཀྱང་དེ་རིང་གྲལ་མཚེས་ཨ་མ་ཚེ་ལོའི་གྲིབ་གཟུགས་མཐོང་མ་བྱུང་། སྒོ་མདུན་གྱི་མེ་ཏོག་ར་བའི་ཁྲོད་སྦྲང་མ་དང་ཕྱེ་མ་ལེབ་ཚོགས་ཀྱིས་འཕུར་ལྡིང་གི་གར་ལ་རྩེན་བཞིན་པར་མོས་ཀྱང་བག་ལྷོད་ངང་ཇ་ཕོར་ནང་ཇ་གང་བླུགས་རྗེས་དེ་དག་གི་རྩེད་མོ་ལ་གཡེང་བསྡད། དེ་ལྟར་ཅང་ཤེས་རྟ་བདུན་དབང་པོས་མེ་དཔུང་མཁའ་ལམ་ནས་བསྐྱལ་ཏེ་ཨ་མ་འབྲུག་མོའི་མགོ་ཐོག་ཏུ་འདས་རྗེས། མོའི་ཇ་དེམ་སྔ་མོ་ནས་སྟོང་པར་ཕུད་ཅིང་ལོ་ཟླས་བརྐོས་པའི་དཔྲལ་བའི་གཉེར་རིས་ཁྲོད་རྔུལ་ཆུས་འཚང་འདུག་ནའང་གྲལ་མཚེས་ཨ་མ་ཚེ་ལོ་ད་ནངས་ནས་སྒོ་ཕྱིར་མ་བུད་པས་མོས་གྲུ་ཟུར་དེ་ན་སྐེ་ཀྱོག་ཀྱོག་གིས་ཨ་མ་ཚེ་ལོ་ཚང་གི་སྒོ་ཁར་ཅེར་འདུག

ཡུན་ཐུང་ཞིག་འདས་རྗེས། ཁ་སང་མ་ཎི་ཁང་ནས་ཀྱང་ཚེ་ལོ་མ་མཐོང་པའི་དོན་དེ་མོའི་ཡིད་ལ་ཝ་ལེར་དྲན་ཞིང་སེམས་སུ་ཚེ་ལོ་འདི་ལ་རྐྱེན་ཞིག་བྱུང་པ་ཡིན་ནམ་བསམས་ཏེ་ཡར་ལངས་བརྩིས་བྱས་པར་ཡུན་རིང་ཙོག་ཙོག་ཏུ་བསྡད་པས་རྐང་གཉིས་རིད་དེ་ཕྱིར་བསྒྱེལ་ཤོར་ཞིང་རྐང་སྣེའི་ཇ་དེམ་ནི་ལྒང་བུ་ཞིག་དང་འདྲ་བར་ཕར་ལ་གཡུགས་བྱུང་། མོས་གྱང་ངོས་ལ་སྙེ་བཞིན་ཡུན་གྱིས་ཡར་ལངས་ཏེ་ཨ་མ་ཚེ་ལོ་ཚང་གི་ཤིང་སྒོའི་གྲུ་ག་ནས་ཡུད་ཙམ་ལ་ཁང་ཁྱིམ་ནང་རོལ་ལ་བལྟས། ཡང་ཡུད་ཙམ་ལ་རྣ་བས་གཏད་བསྡད་ཀྱང་ཁྱིམ་གྱི་གྲགས་འགུལ་ཅི་ཡང་མ་ཐོས། གློ་བུར་ཁེ་ཉེན་མཚན་མོའི་དུས་ལའང་ཚེ་ལོས་གློ་ལུ་དྲག་ཏུ་རྒྱག་བཞིན་པ་དྲན་ཚེ། ཁོ་མོར་རྐྱེན་ངན་བྱུང་བའི་སྣང་བརྙན་ཞིག་མོའི་ཡིད་ངོར་འཆར་བར་གློ་བུར་བའི་དངངས་འཚབ་ཅིག་མོས་ལུས་ཡོངས་སུ་འཕགས་བྱུང་། སྐད་ཤུགས་ཆེན་པོས་ཚེ་ལོ་ཞེས་མི་ལོ་སུམ་ཅུ་ལྷག་ལ་བོས་མ་མྱོང་པའི་མིང་དེ་ངག་ནས་སྒོར་ཕྱུང་བརྩིས་བྱས་པར་ཨ་མ་ཚེ་ལོ་ཚང་གི་སྒོ་འགྲམ་གྱི་དར་ལྕོག་ལྷགས་རླུང་གིས་བསྐྱོད་དེ་ཧྲག་ཧྲག་ཏུ་གྲགས་པར་མོས་སྒྲ་དེ་ཚེ་ལོར་འཁྲུལ་ཏེ་བྱིས་པ་གོག་འགྲོ་ཞིག་གློ་བུར་ཡར་ལངས་ཤེས་པ་བཞིན་ཁྱར་ཁྱོར་ངང་རང་གི་ཉི་མར་ལྡེ་སའི་གྲུ་ཟུར་རུ་རྒྱུག་བྱུང་།

དུས་ཚོད་རིང་ཙམ་སོང་ཡང་ཨ་མ་ཚེ་ལོ་སྒོ་ཕྱིར་མ་བུད། དེའི་ཚེ་གྲལ་མཚེས་གཞན་ཚང་གི་མནའ་མ་རིག་འཛིན་སྒྲོལ་མས་དྲེལ་བོང་གཉིས་ལ་འབྲོག་སར་ཆས་པའི་ཅ་ལག་བཀལ་ཏེ་ཚུར་ཡོང་བཞིན་པར་ཨ་མ་འབྲུག་མོས་མྱུར་བར་སྒོ་འགྲམ་གྱི་ཁྱ་དབྱུག་ལག་ལ་བཟུང་སྟེ་མདུན་གྱི་མེ་ཏོག་ར་བའི་ལོགས་སུ་ཀྲོང་ངེར་བསྡད། རྒྱུ་མཚན་ནི་རིག་འཛིན་སྒྲོལ་མ་ཚང་གི་བོང་རྒན་སྐྱ་སྡང་དེས་རྒན་མོ་སྐྲ་དཀར་ཅན་དང་མེ་ཏོག་བཀྲག་མདངས་ཅན་མཐོང་ཚེ་རྣ་གཉིས་ཀུམ་ཀུམ་བྱས་སོ་འདེབས་པའི་ངན་ཞིག་ཡོད་པས་ཡིན།

“ཨ་མ་འབྲུག་མོ། དེ་འདྲ་བྱེད་མི་དགོས། བོང་རྒན་དེས་ད་ནི་མིག་གིས་གསལ་བོ་མཐོང་གིན་མེད”ཅེས་རིག་འཛིན་སྒྲོལ་མའི་གདོང་ལ་འཛུམ་ཆུང་ཞིག་རྒྱས་བཞིན་བཤད། ཨ་མ་འབྲུག་མོས་སྐད་ཅི་ཡང་མི་སྨྲ་བར་ལག་གཡས་ཀྱི་ཁྱ་དབྱུག་མཐོར་བཀྱེགས་ཤིང་ཅུང་གཟབ་ནན་ངང་ལངས་འདུག

“དེ་རིང་ཨ་མ་ཚེ་ལོ་མཐོང་རྒྱུ་མེད་པ་ཅི། ཉི་མ་འདི་འདྲའི་དྲོ་དུས་ཤིག་ལ་ཕྱིར་ཉི་མར་ལྡེ་རུ་མི་ཡོང་པར་ཡ་མཚན།”ཞེས་མནའ་མ་རིག་འཛིན་སྒྲོལ་མས་བཤད་བཞིན་ཨ་མ་ཚེ་ལོ་ཚང་གི་ཤིང་སྒོའི་གྲུ་ག་ལས་ནང་ལ་ལྟ་ཙམ་བྱས་རྗེས་སྐད་གསེང་མཐོན་པོས“ཨ་མ་ཚེ་ལོ། ཨ་མ་ཚེ་ལོ”ཞེས་བོས་པར་ཨ་མ་འབྲུག་མོས་ཁྱ་དབྱུག་མར་ལངས་ཤིང་ཡང་བསྐྱར་སྐེ་ཀྱོག་ཀྱོག་བྱས་ཨ་མ་ཚེ་ལོའི་ཨ་ལན་ལ་རེ་འདུག  དུས་དེར། བོང་རྒན་སྐྱ་སྡང་གིས་ཨ་མ་འབྲུག་མོའི་ཇ་དེམ་མཐོང་པ་ན་གཅན་གཟན་ཡ་ང་བ་ཞིག་མཐོང་པ་བཞིན་སྣ་ཁུང་ལས་ཧུ་སྒྲ་དང་བཅས་བྲོས་པར་རྗེས་ཀྱི་དྲེལ་རྒན་ཀྱང་འདྲོགས་ནས་ཡར་ལྡིང་མར་ལྡིང་བྱེད་བཞིན་རྟི་ལུད་འཕྲོ་རིམ་འཕྲོར་ཤོར་སོང་། རིག་འཛིན་སྒྲོལ་མ་བོང་རྒན་གྱི་རྗེས་རྒྱུག ཨ་མ་འབྲུག་མོས་མྱུར་བར་ཇ་དེམ་ཚུར་བླངས། བོང་རྒན་གྱི་རྗེས་ཆོད་པ་དང་བོང་སྐད་རྣ་ལ་གཟན་པ་ཞིག་གྲགས་པར་དྲེལ་རྒན་ཀྱང་དེའི་ཕྱོགས་སུ་རྒྱུག ཨ་མ་འབྲུག་མོས་དྲེལ་རྒན་རྗེས་ཀྱི་རྟི་ལིད་དེ་མཐོང་འཕྲལ་ཨ་མ་ཚེ་ལོ་དང་འབྲེལ་བའི་ལོ་ངོ་སུམ་ཅུའི་ཡར་སྔོན་གྱི་ཉིན་དེ་དྲན་བྱུང་། དེ་ཡང་། ཨ་མ་འབྲུག་མོ་དང་ཨ་མ་ཚེ་ལོ་གཉིས་མོ་ལོ་སུམ་ཅུའི་སྐབས་ཀྱི་སྟོན་ཁའི་ཉིན་ཞིག་ལ། ཨ་མ་ཚེ་ལོ་ཚང་གི་བ་མོ་མགོ་རིལ་མས་ཨ་མ་འབྲུག་མོ་ཚང་གི་སྒོ་ཁར་བཤལ་ནད་ཕོགས་པ་ལྟ་བུའི་གཅིན་ལྕི་ཞིག་བཏང་པར་ཨ་མ་འབྲུག་མོས་བ་མོ་མགོ་རིལ་མར་ཁྱ་དབྱུག་གིས་བྲབས། དེ་ཨ་མ་ཚེ་ལོས་མཐོང་སྟེ་མོ་དང་ཁ་རྩོད་བྱས། ཕྱིས་སུ་ཨ་མ་འབྲུག་མོ་དང་ཨ་མ་ཚེ་ལོ་གཉིས་ཀས་མགོ་ནག་པོ་སྐྲ་དཀར་པོར་བསྒྱུར་ཡང་ཕན་ཚུན་ལ་ཁ་མ་གྲགས་པར་དུས་འདིར་སླེབས། དོན་དེ་ཡིད་ལ་དྲན་མ་ཐག་ཨ་མ་འབྲུག་མོས་ཡང་བསྐྱར་སྐེ་ཀྱོག་ཀྱོག་བྱས་ཨ་མ་ཚེ་ལོ་ཚང་གི་སྒོ་ཁར་བལྟས་བྱུང་།

ཉིན་གུང་གི་དུས་ལ་འཁེལ་ཀྱང་ཨ་མ་ཚེ་ལོ་ད་རུང་སྒོར་མ་བུད། ཨ་མ་འབྲུག་མོས་རང་ཁྱིམ་དུ་མཆོད་བཤགས་བྱེད་བཞིན་པར་གློ་བུར་ལྡིག་སྒྲ་ཞིག་གྲགས་བྱུང་། དེ་རིང་མོའི་རྣ་བ་ཤིན་ཏུ་གསལ་བོར་འདུག་ཏེ་མོས་གོམ་སྟབས་མྱུར་མོས་སྒོ་ཁར་སོང་ཏེ་སྐེ་ཀྱོག་ཀྱོག་བྱས་ཨ་མ་ཚེ་ལོ་ཚང་གི་སྒོ་ཁར་བལྟས་པར་མིག་ལམ་དུ་སྣང་པ་ནི་ཨ་མ་ཚེ་ལོའི་གྲིབ་གཟུགས་མིན་པར་བགྲང་བྱ་དུ་མའི་རིང་དུ་ཁྱིམ་ཚང་གཉིས་ཀྱི་གྱང་མཚམས་སུ་ཆར་ཆུས་བརླན་ཞིང་ས་རྡུལ་གྱིས་གཡོགས་པའི་རྡོ་རིལ་སྔོན་པོ་དེ་རེད། དེ་རིང་རྡོ་དེར་དུས་དང་རྒྱུ་གང་གིས་རྐྱེན་བྱས་པ་ལྟར་དུས་ཚོད་འདིའི་བར་གླགས་སུ་གློ་བུར་མར་ལྷུང་ཞིང་མནའ་མ་རིག་འཛིན་སྒྲོལ་མ་ཚང་གི་དྲེལ་རྒན་གྱིས་བཏང་བའི་རྟི་ལུད་དེའི་ལོགས་སུ་རིལ་འདུག རྡོ་སྔོན་དེ་མཐོང་འཕྲལ་ཨ་མ་འབྲུག་མོའི་ཡིད་ངོར་སྔ་མོ་ནས་འཇིག་རྟེན་ཏུ་གྱེས་ཟིན་པའི་ཨ་མའི་མག་མོག་གི་བཞིན་རས་ཤིག་འཁོར་བྱུང་། བྱིས་དུས་སུ་ཁང་ཐོག་ནས་རྩེད་འཇོ་ལ་གཡེང་སྟེ་རྡོ་སྔོན་དེ་བཀོག་གྲབས་བྱས་ཚེ་ཨ་མས་སྡིགས་སྐད་སྨྲ་བའི་ཚུལ་དེ་ཡིད་ལ་འཁོར་ཞིང་། རྡོ་སྔོན་དེ་ནི་ཨ་མ་འབྲུག་མོའི་ཨ་མ་དང་ཨ་མ་ཚེ་ལོའི་ཨ་མའི་སྐབས་ལ་ཁང་ཐོག་ནས་གྱང་མཚམས་མ་འཁོར་བར་རྩོད་པ་ཆུང་ཆུང་ཞིག་བྱུང་། རྗེས་སུ་གྱང་མཚམས་འབྱེད་བྱེད་ལ་ཁང་འདབས་ཀྱི་ཆུ་ངོགས་ནས་རྡོ་སྔོན་དེ་ཁྱེར་ཡོང་ཡང་ཨ་མ་གཉིས་ཀས་ཉིན་དེ་ནས་བཟུང་ཕན་ཚུན་ལ་ཁ་ལན་མེད་པར་འཇིག་རྟེན་ནས་རེ་རེ་བཞིན་འདས། ཨ་མ་འབྲུག་མོས་དགོད་བྲོ་ཞིང་ཡ་ང་བའི་འདས་དོན་དེ་ཡིད་ལ་བརྒྱུད་མ་ཐག སེམས་སུ་རང་དང་ཚེ་ལོ་གཉིས་ཀས་ཀྱང་ཨ་མ་གཉིས་བཞིན་དགོས་མེད་ཀྱི་རྩོད་ཆུང་ཞིག་ནང་འཇིངས་འདུག་བསམས་ཏེ་གོམ་པ་ཁྱར་ཁྱོར་དང་ལག་ཟུང་འདར་འདར་གྱིས་ཐང་གི་རྡོ་སྔོན་དེ་ཕྱིར་ཁང་འདབས་ཀྱི་ཆུ་བོའི་གཞུང་དུ་གཡུག་བརྩིས་བྱས་པར་ལོ་ངོ་དུ་མའི་སྔོན་གྱི་ཨ་མའི་སྣང་བརྙན་མཚར་བོ་དག་དང་། རང་དང་ཚེ་ལོ་གཉིས་ཀྱིས་མི་ལོ་སུམ་ཅུ་ལྷག་ཏུ་ཕན་ཚུན་ལ་ཁ་མ་གྲགས་པའི་མངོན་སུམ་གྱི་འགོག་ཤུགས་ཤིག་རྐང་མཐིལ་ནས་ལུས་ཡོངས་སུ་བརྒྱུད་བྱུང་པས་མོས་གློ་བུར་གོམ་ཁ་སྐས་ཐོག་ཏུ་སྒྱུར་ཅིང་རྡོ་སྔོན་དེ་སྔར་གནས་ཀྱི་གྱང་མཚམས་སུ་བཞག་ཏེ་འདམ་བག་ཅིག་དེའི་མཐའ་འཁོབ་ཏུ་སྦྱར་བྱུང་།

རྟ་བདུན་དབང་པོ་ནུབ་ཀྱི་ལ་ཁ་དང་ཐག་ཇེ་ཉེར་གྱུར་དུས། ཨ་མ་འབྲུག་མོས་སྒོ་ཁའི་གྲུ་ཟུར་ན་ད་རུང་སྐེ་ཀྱོག་ཀྱོག་བྱས་ཨ་མ་ཚེ་ལོའི་གྲིབ་གཟུགས་དང་འདས་ཟིན་གྱི་ཕྱིར་དྲན་དག་འཚོལ་བཞིན་ཡོད་ཀྱང་དེ་རིང་ཨ་མ་ཚེ་ལོ་ཚང་གི་སྒོ་འགྲམ་དུ་འཚུབ་མ་ལྡོམ་པ་འགའ་ལས་ཅི་ཡང་མཐོང་རྒྱུ་མི་འདུག ཁ་རྩོད་དེ་བྱུང་བ་ནས་བཟུང་ཕར་ཚུར་ལ་ཚིག་གཅིག་ལབ་མ་མྱོང་ཡང་ཉིན་རེར་རང་གནས་ཀྱི་གྲུ་ཟུར་རུ་ཉི་མ་ལྡེ་ཚེ་ཕན་ཚུན་གྱི་གྲིབ་གཟུགས་མཐོང་ཐུབ་མོད། འོན་ཀྱང་། དེ་རིང་ཨ་མ་ཚེ་ལོའི་སྐད་དང་སྒྲ་ཅི་ཡང་ཐོས་མ་ཐུབ་པས་ཨ་མ་འབྲུག་མོའི་ཡིད་སེམས་ཅུང་མི་བདེ་བར་འདུག རེ་ཞིག མོས་ཁང་ཐོག་ལ་འབྲུ་སྒྱེ་གསུམ་ཙམ་ཁུར་ཏེ་གང་ནས་བརྒྱུད་ཡོང་མི་ཤེས་པའི་ལྷགས་རླུང་དང་བསྟུན་འབྲུ་རིགས་འཕྱར་བྱུང་། མོས་དེ་རིང་འབྲུ་སྒྱེ་ཕྱེད་ཙམ་ལས་འཕྱར་མ་ཐུབ་ནའང་དུས་རྒྱུན་ལྟར་འཁང་ཚིག་གཅིག་ཀྱང་བཤད་ཀྱིན་མེད་ལ་དུས་ཀྱི་བར་གླགས་རེ་རེར་ལན་རེ་རྐུན་མ་ཞིག་གམ་ལན་རེ་གཞན་གྱི་གསང་གཏམ་ལ་མཉན་པའི་བཟོ་ལྟ་ཞིག་ལས་ཨ་མ་ཚེ་ལོ་ཚང་གི་ཁང་ཁྱིམ་ནང་མིག་གིས་རིག་ཅི་ཐུབ་དང་རྣ་བས་བླགས་ཅི་ཐུབ་བྱས་ཀྱང་གྲགས་འགུལ་ཅི་ཡང་ཐོས་མ་བྱུང་།  དེའི་ཚེ་ཨ་མ་ཚེ་ལོ་ཚང་གི་དར་ལྕོག་སྟེང་ཁྭ་ཏ་ཞིག་བབས་ཤིང“ཨབ་ ཨབ་ ཨབ”ཅེས་སྐད་ངན་གསུམ་སྒྲོགས་རྗེས་ཕ་གའི་ནགས་རྫོབས་སུ་འཕུར་པར་ཨ་མ་འབྲུག་མོའི་ལུས་སེམས་རྟབ་རྟབ་པོར་གྱུར་ཅིང་སེམས་སུ་ཚེ་ལོ་འདི་ལ་རྐྱེན་ཞིག་བྱུང་བ་རེད་སྙམ་སྟེ་གོམ་པ་ཆེར་སྤོས་ཀྱིས་ཚེ་ལོ་ཚང་གི་ཁང་ཐོག་ཏུ་འགྲོ་བསམ་པར་གྱང་མཚམས་ཀྱི་རྡོ་རིལ་སྔོན་པོ་དེ་མཐོང་འཕྲལ་དེ་ནི་དུས་དང་བརྩེ་བས་འཇིགས་པ་མེད་པའི་མཁར་གྲོང་མཐོན་པོ་ཞིག་དང་འདྲ་པར་དེ་ལྟར་འགྱིང་འདུག མཐར་རྟ་བདུན་དབང་པོ་ནུབ་ཀྱི་ལ་ཁ་ནས་མི་སྣང་པར་གྱུར་རྗེས་མོས་འབྲུ་སྒྱེ་དེ་དག་ཕྱིར་རང་ཁྱིམ་དུ་འཁུར་འགོ་བརྩམས།

སྲོད་ཀྱི་དུས་ལ། སླ་ངའི་ནང་དུ་ཆུ་ཁོལ་ལྷོག་ལྷོག་ཏུ་གདུ་བཞིན་ཡོད་ནའང་ཨ་མ་འབྲུག་མོས་ལག་གི་ཕྱེ་སྐམ་དེའི་ནང་འཕེན་རྒྱུ་བརྗེད་འདུག དེའི་ཚེ་ཨ་མ་ཚེ་ལོ་ཚང་ནས་བུ་མོ་མང་པོའི་ངུ་ངག་གི་འབོད་སྐད་ཅིག་མོའི་རྣ་ལམ་དུ་ཟུག་ཡོང་པར་མོས་གོམ་སྟབས་མྱུར་མོས་རྒྱུག་ཀྱང་གོམ་པ་བཅུ་ཙམ་གྱི་ལམ་ཐུང་དེ་ནི་ཤིན་ཏུ་རིང་སྣང་ཆེ་བའི་ཚོར་བ་ཞིག་བྱུང་ལ། ཚེ་ལོ་ཚང་གི་ཤིང་སྒོར་ཆེར་ཕྱེས་པ་དང་སྒོ་འོག་ཏུ་ཚ་གསུར་ཕུལ་འདུག་པར་ཨ་མ་འབྲུག་མོའི་སྙིང་གི་འཕར་ལྡིང་ཇེ་མགྱོགས་སུ་གྱུར་ཏེ་གོམ་པ་ཆེར་སྤོས་ཀྱིས་ཁང་ཁྱིམ་དུ་འཛུལ། གསལ་ལ་མི་གསལ་བའི་སྒྲོན་མེའི་འོག་ཏུ་སྔགས་པ་ཀླུ་རྒྱལ་གྱིས་ཨ་མ་ཚེ་ལོའི་བེམ་པོར་བདག་བྱེད་བཞིན་པར་སྔོན་ཆད་ཤིན་ཏུ་རྒྱགས་ཀྱང་ད་ནི་ཁྱེའུ་ཞིག་གི་ཚད་ལས་མེད་པའི་ཨ་མ་ཚེ་ལོའི་བེམ་པོ་དེ་མཐོང་འཕྲལ་ཨ་མ་འབྲུག་མོའི་སྒྲ་འཛིན་གྱི་ཚོར་ཤེས་གློ་བུར་ཞན་པར་གྱུར་ཏེ་རང་གི་སྙིང་གི་འཕར་ལྡིང་ལས་འཁོར་གྱི་མི་རྣམས་ཀྱི་ངུ་སྐད་དང་འབོད་སྐད་ཅི་ཡང་ཐོས་མ་ཐུབ།

ཕྱི་ཉིན་འདས་མཆོད་བསྒྲུབ་པའི་དུས་ལའང་ཨ་མ་ཚེ་ལོའི་བུ་མོ་ཆེ་བས་སྡེ་བས་སྨྱུང་གནས་སྲུང་ན་ཨ་མ་འབྲུག་མོ་ཚང་ནས་ཀྱང་མྱི་འདུག་དགོས་པའི་རེ་ཞུ་བྱས་པར་ཨ་མ་འབྲུག་མོས་སྒྲ་ཅི་ཡང་གོ་མ་བྱུང་། བུ་མོ་ཆེ་བའི་ལག་བརྡ་དང་མཉམ་དུ་རྒན་མོ་འགས་ཕྲེང་བ་འདྲེན་བཞིན་གཅིག་རྗེས་གཉིས་མཐུད་དུ་ཁང་ཁྱིམ་དུ་འཛུལ་བར་ད་གཟོད་མོས་བུ་མོའི་དོན་རྟོགས་ཡོང་། ཉིན་དེ་དག་གི་མཚན་མོར་མུན་པས་ས་གཞིའི་ཁྱོན་ཡོངས་བསྒྲིབས་ཏེ་ཨ་མ་འབྲུག་མོའི་ཁང་ཁྱིམ་དུ་ཐོན་དུས། མོས་མིག་ལམ་དུ་འདས་དུས་ཀྱི་སྲུབས་ཀ་རེ་རེ་ནས་འཕྱུར་བའི་ཚེ་ལོའི་སྣང་བརྙན་དག་གཅིག་འཕྲོར་གཅིག་འཆར་བཞིན་མཐར་དངན་པ་རིང་མོ་ཞིག་དང་མཉམ་དུ་སྐྱ་རེངས་བསུས་ཤིང་།  ཉིན་དཀར་གྲོག་ཚང་བརྡོལ་བ་ལྟ་བུའི་སྡེ་མི་རྣམས་ཀྱི་བྲེལ་ཟིང་དང་རྒན་རྒོན་ཚོའི་མ་ཎིའི་དབྱངས་རྟའི་ཁྲོད་མོ་ལ་གཉིད་མཚར་བོ་ཞིག་བྱུང་སྟེ་རྒན་རྒོན་ཚོས་ཁྲེལ་དགོད་ཁྲོད་ཉི་ནུབ་བསྐྱལ།

དེ་ལྟར་ཨ་མ་ཚེ་ལོའི་སྐར་མའི་དུས་ལ་ཐོན་དུས་། གཉིད་དང་རྨི་ལམ་གྱི་མཚམས་སུ་གནས་པའི་ཨ་མ་འབྲུག་མོའི་རྣ་ལམ་དུ་ཚེ་ལོའི་སྐད་ཀྱིས“འབྲུག་ཆུང་། ད་ང་འགྲོ་རན་ལ་ཐོན་སོང”ཞེས་མོའི་བྱིས་མིང་ནས་བོས་པར་ཨ་མ་འབྲུག་མོ་གློ་བུར་གཉིད་ལས་སད་དེ་སྒེའུ་ཕྱི་རོལ་དུ་མི་ཚོགས་ཀྱི་ལབ་གླེང་ཐོས། མོས་རང་གི་སྒྲ་འཛིན་གྱི་ནུས་བ་ཕྱིར་ཐོན་པ་ཚོར་ཏེ་རྣ་ཁུང་ལ་མཛུབ་མོ་འཛུགས་བཞིན་སྒོ་ཕྱིར་བུད་མ་ཐག སྡེ་བའི་བུད་མེད་ཚོའི་མ་ཎིའི་དབྱངས་རྟའི་ཁྲོད་ཨ་མ་ཚེ་ལོའི་བེམ་པོ་གཡག་ཀ་རུ་ཞིག་ལ་བཀལ་ཏེ་བྱང་གི་དུར་ཁྲོད་ཐང་དུ་འགྲོ་བཞིན་འདུག

རྟ་བདུན་དབང་པོས་མེ་དཔུང་མཁའ་ལམ་ནས་བསྐྱལ་ཏེ་ཨ་མ་འབྲུག་མོའི་མགོ་ཐོག་ཏུ་ཐོན་དུས། བྱང་གི་དུར་ཁྲོད་ཐང་གི་ཆེས་མཐའ་མཇུག་གི་བྱ་རྒྱལ་རྒོད་པོ་འགའ་ཡང་ཕྱིར་རང་གི་ཚང་མལ་དུ་འཕུར་བཞིན་མཆིས། ཨ་མ་འབྲུག་མོའི་མིག་མཐར་མཆི་མ་འཁྱིལ་བཞིན་སྐེ་ཀྱོག་ཀྱོག་བྱས་རང་གི་གྲུ་ཟུར་དེ་ན་ཨ་མ་ཚེ་ལོའི་ཉི་མ་ལྡེ་སའི་གྲུ་ཟུར་ལ་ལྟ་བཞིན་པར། ཉེ་སྔོན་སྦྱར་བའི་གྱང་མཚམས་ཀྱི་རྡོ་རིལ་སྔོན་པོ་དེ་ཡང་བསྐྱར་རྒྱུ་དང་རྐྱེན་གང་གིས་དབང་བྱས་ཏེ་ལྡིག་སྒྲ་ཞིག་དང་མཉམ་དུ་མར་ལྷུང་ཞིང་། མཐར་ཨ་མ་འབྲུག་མོའི་མིག་མདུན་དུ་སྐོར་བ་ཐེངས་གཅིག་བྱས་རྗེས་ལྐོག་གྱུར་གྱི་འགུལ་ཤུགས་ཞིག་ཁྲོད་ཁང་འདབས་ཀྱི་ཆུ་བོའི་གཞུང་དུ་གྲིལ་ལ།  ཨ་མ་འབྲུག་མོའི་མིག་མཐའི་མཆི་མ་དེའང་ཕྲེང་ཐག་ཆད་པའི་ཕྲེང་རྡོག་ཇི་བཞིན་མར་ལྷུང་སོང་།

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3420