བོང་བུ་ཞིག་བགྲང་བྱ་ཉི་ཤུ་ལྷག་ལ་གསོན་པ་ནི་ཡུལ་ལུང་གཞན་རྣམས་ལ་མཚོན་ན་ཧ་ལས་དགོས་པའི་དོན་ཞིག་ཏུ་མཐོང་ཡང་། ང་ཚོའི་ལུང་བའི་ནང་དེ་ནི་ཤིན་ཏུ་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན། དཔེར་ན། ཁྱི་གུ་ཐར་ཚང་གི་བོང་རྒན་སྐྱ་སྡང་ནི་ད་ལོ་ལོ་ཉེར་ལྔ་ཡིན་ལ་བོང་ཕྲུག་སྐྱིད་ཚང་གི་བོང་རྒན་གྲ་ནག་ནི་ལོ་ཉེར་གཉིས་རེད། ང་རང་བོང་རྒན་གྲ་ནག་ལས་ལོ་གཅིག་གིས་ཆེ་ནའང་ཁོ་ལྟར་འགྲོ་འོང་མི་བདེ་བ་དང་ནམ་རྒྱུན་ལུས་འདར་རྒྱག་པ། སྐད་ཆ་ལྡབ་ལྡིབ་བཤད་པའི་ནད་དེ་འདྲ་བྱུང་མེད་ལ་བོང་རྒན་སྐྱ་སྡང་ལས་ལོ་གཉིས་ཀྱི་ཆུང་ནའང་ཡུལ་ཕྱོགས་འདིའི་རི་ལུང་ཐང་གསུམ་དང་སྡེ་ཁྱིམ་རེ་རེའི་མིང་རྣམས་མ་ནོར་བར་བཤད་ཐུབ། མི་ལོ་བརྒྱད་ཅུར་བུད་ན་གྱ་སྟོན་བྱེད་པ་ལྟར་བོང་བུ་ལའང་བོང་ལོ་ཉི་ཤུར་བུད་ན་ཉེར་སྟོན་བྱེད་པའི་སྲོལ་ཡོད་པས་ང་ལ་ཉི་ཤུ་ཉེར་སྟོན་བྱས་པ་ནས་བཟུང་། ལོ་རེའི་སྟོན་མཇུག་ལ་ཨ་ཁུ་ལོ་བརྒྱ་ཚང་གི་ཞིང་སའི་སྟེང་བོང་བུའི་དགའ་སྟོན་ཚོགས་དུས་ང་ལ་ཚོགས་མགོའི་གཏམ་བཤད་གནང་པའི་གོ་སྐབས་སྦྱིན་ཡོང་། དེ་དང་བསྟུན་ངས་ཀྱང་བོང་བུ་ཞིག་ཡིན་ཚེ་དྲིན་ཤེས་དགོས་པའི་གལ་ཆེའི་རང་བཞིན་བཤད་དེ་ཐོག་མར་རང་གི་བདག་པོ་གསུམ་དང་འབྲེལ་བའི་གཏམ་རྒྱུད་བཤད་པ་ཡིན།
དང་པོ།
ང་ཡི་བདག་པོ་གསུམ་ལས་ང་ལ་ལྕག་གིས་བྲབས་པ་ཆེས་མང་པ་དང་ཁ་རྡུང་བྱས་པ་ཆེས་མང་པ། སྡུག་ལས་མང་དུ་བྱས་པ། ད་རུང་མགོ་ཞྭ་དཀར་པོ་གྱོན་པའི་ཨོག་ཚོམ་ཅན་ཞིག་ལ་ཤོག་ལྷེ་དམར་པོ་འགར་བརྗེ་བརྩིས་བྱེད་མཁན་ནི་ང་ཡི་བདག་པོ་དང་པོ་ཡིན། དེ་ལྟར་ཡིན་ནའང་ང་རང་ངའི་བདག་པོ་དང་པོ་དང་བརྩེ་འདང་ཤིན་ཏུ་ཟབ། རྒྱུ་མཚན་ནི་ངའི་ལོ་ངོ་ཉེར་གསུམ་གྱི་ནང་དུ་ང་དང་འགྲོགས་ཡུན་ཆེས་རིང་པ་ནི་ང་ཡི་བདག་པོ་དང་པོ་ཡིན།
ངའི་བདག་པོ་དང་པོ་ཡང་སྡེ་བའི་ནང་གི་རྒན་པ་གཞན་ལྟར་དགོང་སྔ་ཉལ་དང་ནངས་སྔ་ལངས་བྱེད་པའི་རྒན་མོ་ཞིག་ཡིན་ལ། སྐྱ་རེངས་མ་ཤར་སྔོན་དུ་ཁོ་མོ་མལ་ལས་ལངས་ཤིང་ཁ་ངོ་གཙང་མར་བཀྲུས་ཏེ་ཁ་ཏོན་འདོན་པ་དང་བསང་ཕུལ། ནམ་ཞིག་མོའི་ཁ་ཏོན་ཡོངས་སུ་རྫོགས་ཚེ་ད་གཟོད་ང་ལ་ལྟོ་ཆས་ཁྱེར་ཡོང་བ་རེད། ངས་ཀྱང་རྣ་གཉིས་གྱེན་ཏུ་ལངས་ཞོར་མོའི་གོམ་སྒྲར་སྒུག་ཡོད། ངེད་ཚང་གིས་བྱ་བ་ལྕི་མོ་རེ་སྒྲུབ་དུས་ངའི་བདག་པོ་དང་པོས་དུས་རྒྱུན་ང་ལ་རྩམ་པ་དང་གོ་རེ་མང་དུ་གཏོར་ལ། ལས་རྣམས་སྒྲུབ་ཚར་རྗེས་ཀྱང་ལྟོ་ཆས་མང་དུ་སྟེར་ངེས། མོས་ང་ལ་ལྕག་གིས་བྲབས་པ་ཆེས་མང་པ་ནི་ཞིང་རྨོ་བའི་དུས་ཡིན། ཁྱིམ་ལུད་ཞིང་ཐོག་ཏུ་བསྐྱལ་པའི་ཉིན་མོ་དེ་ཚོར་ང་ལ་བསམ་ཚོད་བསམ་ཚོད་དུ་འདོད་ཆགས་མི་བཟོད་པ་ཞིག་ལངས་ཀྱིན་འདུག་པས་ཞིང་བར་ནས་མོ་བོང་ཞིག་མཐོང་ཚེ་དེའི་ཉེ་སར་བཅར་ཅིང་དེ་དང་འཁྲིག་སྦྱོར་གྱི་ལས་རྣམས་སྤེལ་བསམ་པས་དེ་དག་གི་རྗེས་དེད་ན་མོས་ང་ལ་ལྕག་གིས་བྲབས་ཤིང་སྡིགས་སྐད་སྣ་ཚོགས་བཤད་ཡོང་། དེ་ཡང་། ཞིང་ལ་ཡུར་མ་ཡུར་དུས་ངས་བདག་པོ་དང་པོས་ང་རང་ཞིང་འགྲམ་གྱི་སྔོ་རྩྭ་ཤིན་ཏུ་སྐྱེས་པའི་ཁུག་ནང་དུ་བཏགས་ནའང་ངས་ལྐོག་ཏུ་གྲོ་ཞིང་ནང་ལ་སྐེ་བསྲིངས་ཚེ། ངའི་བདག་པོ་གཉིས་པས་ང་ལ་སྡིགས་སྐད་དང་བཅས་རྒྱང་ནས་རྡེའུས་རྒྱག་བརྩིས་བྱས་ན་ངའི་བདག་པོ་དང་པོས“ཉུང་ཉུང་ཞིག་ཟ་གི་ཆུགས དེ་དེས་སྡུག་མྱངས་པའི་སྐལ་རེད”ཅེས་བཤད་འོངས། འོ། འདི་ནས་གསལ་བཤད་བཤད་རྒྱུ་ཞིག་ལ་ངའི་བདག་པོ་དང་པོ་ནི་བདག་པོ་གཉིས་པའི་ཨ་མ་ཡིན། བདག་པོ་གསུམ་པ་ནི་བདག་པོ་དང་པོའི་ཚ་བོ་ཡིན། ཁོ་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་རེད། ཡང་ཅིའི་ཕྱིར་ཁྱིམ་ཚང་གཅིག་གི་མི་ལ་བདག་པོ་གསུམ་དུ་འབོད་དགོས་ཚུལ་དེ་ངས་རྗེས་ནས་བཤད་ཡོང་།
ཞིང་རྨོ་བ་དང་ཆུ་གཏོང་བ། ཡུར་མ་ཡུར་ཐེངས་དང་པོ་ནས་གསུམ་པའི་བར། དེ་ནས་སྟོན་ཁའི་གཞུང་ལ་ཞིང་འབྲེག་པ་དང་ཤོག་བསྐྱལ་བ། འབྲུ་རྣམས་ཡོངས་སུ་བསྡུས་ཏེ་ལྷས་ར་ནས་ཉི་མར་ལྡེ་བའི་གོ་རིམ་ཁྲོད་ང་དང་ངའི་བདག་པོ་དང་པོ་གཉིས་དུས་རྒྱུན་མཉམ་དུ་གནས་ཤིང་། སྟོན་མཇུག་གི་དུས་ལ་ངའི་བདག་པོ་དང་པོས་ནས་འབྲུ་སྒྱེ་མོ་འགའ་ང་ལ་བཀལ་ཏེ་ལེ་བར་གཉིས་མཚམས་ཀྱི་ཆུ་འཁོར་རང་འཐག་ཏུ་རྩམ་པ་འཐག་ཏུ་འགྲོ མོས་ལོ་རེར་རྩམ་པ་ཐགས་རྗེས་དང་པོར་ཡར་ལྷ་ལ་མཆོད་ལ་དེ་ནས་ཆུའི་ནང་དུ་ཉུང་ཙམ་གཏོར་རྗེས་ངའི་ལྟོ་ཆས་ནང་ལའང་སྐལ་ཞིག་འཇོག་ངེས། རྗེས་སུ་ངའི་བདག་པོ་གསུམ་པས་ཁྱིམ་སྐྱོང་དུས་ཁོ་རང་གྲོང་ཁྱེར་ནས་ཁྱིམ་ལ་ལོག་ཐེངས་རེར་ངེད་ཚང་ལ་འདུར་རྒྱུགས་བྱེད་པའི་མི་རྣམས་ཀྱིས་རྩམ་པ་མང་དུ་ཁྱེར་ཡོང་ནའང་དེ་ཚོའི་རྩམ་པ་ལ་ངའི་བདག་པོ་དང་པོས་འཐག་པའི་རྩམ་དྲི་དེ་འདྲ་བྲོ་མི་སྲིད།
ང་ཡི་བདག་པོ་དང་པོ་ནི་སོ་ནམ་པ་རྐྱང་རྐྱང་ཞིག་མིན་པར་ལོ་ངོ་དུ་མའི་ཡར་སྔོན་ལ་མོ་ནི་ང་ཚོའི་ཡུལ་ལུང་འདིའི་སྨན་པ་བུད་མེད་གཅིག་པུ་རེད། ཁོ་མོས་ལས་འཁྱུར་བྱས་པ་ནས་བཟུང་ནད་ལ་བརྟག་པ་དང་སྨན་སྟེར་བའི་ལས་རྣམས་བསྐྱུར་ཀྱང་སྡེ་བའི་ནང་གི་སྦྲུམ་མ་རྣམས་ཀྱིས་བྱིས་པ་བཙས་དུས་ཁྱིམ་ཚང་རེ་རེའི་བདག་པོ་རྣམས་ཁོ་མོ་བསུ་བར་སླེབས་ཡོང་། ངའི་བདག་པོ་དང་པོའི་རྐང་པ་འཐེང་པོ་ཡིན་པས་ནམ་རྒྱུན་ས་ཐག་རིང་ལ་འགྲོ་དགོས་ཚེ་ང་ལ་སྒ་གདན་བཏིང་སྟེ་ཁོ་མོའི་བཞོན་པར་བྱེད་སྲིད་ལ་ང་ཡང་དུད་ཁྱིམ་དེ་ཚོར་མྱུལ་བར་ཤིན་ཏུ་དགའ། རྒྱུ་མཚན་ནི་ཁྱིམ་ཚང་ཕལ་ཆེ་བའི་སྒོ་ཁར་མོ་བོང་ཞིག་བཏགས་ཡོད་པས་རེད། ངའི་བདག་པོ་དང་པོས་ཡུལ་ལུང་འདིའི་མ་བུ་མང་པོ་ཞིག་གི་སྲོག་བསྐྱབས་ཡོད་ནའང་ཁྱིམ་བདག་དེ་ཚོ་ནི་དྲིན་ཤེས་ཤིང་དྲིན་གཟོ་བའི་རིགས་མིན་ཏེ། ཐེངས་ཤིག ངའི་བདག་པོ་དང་པོས་ཞིང་ལ་ཆུ་གཏོང་བཞིན་པར་བུད་མེད་གཟུགས་སྟོབས་ཆེ་བ་ཅན། མིག་འཇུར་ཐོད་ཆེ་ཞིག་ཡོད་པ་དེས་མོའི་ཆུ་བརྐུས་སོང་ཞེས་ངའི་བདག་པོ་དང་པོ་ལ་ངན་ཚིག་ཡང་ཡང་སྨྲས་ཤིང་ཁོ་མོའི་རྒས་འཁོགས་སུ་གྱུར་བའི་ལུས་པོར་ཕར་འདེད་ཚུར་འདེད་བྱེད་མཁན་ནི་ལོ་འགའི་སྔོན་ལ་ངའི་བདག་པོས་བསྐྱབས་པའི་བུད་མེད་སྦྲུམ་མ་དེ་ཡིན་ཡང་མོས་དོན་དེ་རྣམས་གཏིང་བརྗེད་དུ་སོང་བ་འདྲ། ངའི་བདག་པོ་གཉིས་པ་ལྷ་སར་བྲོས་པའི་ལོ་དེར་ངེད་ཚང་གི་རྒྱབ་རི་ཉིལ་ཏེ་ཁང་ཁྱིམ་གྱི་ཕྱེད་ཀ་བསྣུབས་ཀྱང་མགོ་དཀར་རྒན་པ་འགའ་ལས་རོགས་ལས་བྱེད་དུ་ཡོང་པ་གཅིག་ཀྱང་མེད། དེ་ལྟར་ཡིན་ནའང་སྡེ་བའི་ནང་གི་སྦྲུམ་མས་བྱིས་པ་བཙས་དུས་མོས་ནམ་རྒྱུན་རང་དོན་བསྐྱུར་ཏེ་དེ་ཚང་ལ་རྒྱུག་གིན་ཡོད། ངའི་བདག་པོ་དང་པོས་ནམ་རྒྱུན“ལོ་ལོན་དང་བྱིས་པ་ལ་ངོ་མེད”ཅེས་སྐད་ཆ་བཤད་པ་ལྟར་རྗེས་སུ་ངའི་བདག་པོ་གསུམ་པ་ལང་ཚོ་དར་ལ་བུད་ཅིང་གྲོང་ཁྱེར་ནས་བྱ་བ་བསྒྲུབས་དུས་ཁོ་རང་ཁྱིམ་ལ་ལོག་ཐེངས་རེར་ངེད་ཚང་གི་ལས་ཀ་ཆེ་ཆུང་བཤད་ཅི་དགོས། ཐ་ན་ངའི་གཅིན་སྐྱག་ལ་གཙང་སྦྲ་བྱེད་མཁན་ཡང་མང་དུ་འདུག
ངེད་ཚང་གི་རྒྱབ་རི་ཉིལ་བའི་ལོ་དེར་ངའི་བདག་པོ་གཉིས་པས་ངའི་བདག་པོ་དང་པོའི་ལོ་མང་བསོགས་པའི་ཤོག་ལྷེ་དམར་པོ་རྣམས་ཁྱེར་ཏེ་སྐྱེས་པ་ཞིག་དང་མཉམ་དུ་ལྷ་སར་བྲོས་ལ་ངའི་བདག་པོ་གསུམ་པས་གྲོང་ཁྱེར་གྱི་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་ཡོད། ང་དང་ངའི་བདག་པོ་དང་པོ་གཉིས་ཀས་ཉིན་མོར་རྒྱབ་རི་ཉིལ་བའི་ས་རྣམས་ཕྱིར་ཁུར་དགོས་ཤིང་། ཕྱིའི་རྡོ་ནང་དུ་བསྐྱལ་ཏེ་རྡོ་རྩིག་རྒྱག་པ་དང་གྱང་རྡུང་བ་སོགས་མི་ཁོམ་པའི་གནས་སུ་སླེབས་ཀྱང་། མཚན་མོར་ཐོན་ན་གཉིད་ཐུང་ཞིག་ལོག་རྗེས་ནགས་སྲུང་མི་སྣར་སྐྲག་བཞིན་སྡོང་པོ་རྐུ་རུ་སོང་། ལོ་ཕྱེད་ཀྱི་ནང་ལ་སྔོན་གྱི་ཁྱིམ་གཞིའི་བཀོད་པ་དེ་འདྲ་ཞིག་བསྐྱར་ཏུ་ཆགས་ཀྱང་། ངའི་བདག་པོ་གསུམ་པའི་ཁྱིམ་སྐྱོང་དུས་ལྕགས་འཁོར་ཆེ་བ་ཅན་མང་དུ་ཡོང་སྟེ་ང་དང་ངའི་བདག་པོ་དང་པོས་བསྐྲུན་པའི་ཁང་ཁྱིམ་དེ་ཉིན་གཅིག་ནང་རྨག་མེད་དུ་བཏང་། དེ་རྗེས་ཀྱི་ཟླ་གཅིག་གི་ནང་ལ་མི་སུམ་ཅུ་ལྷག་གིས་མཐའ་བཞི་སོ་ཕག་ཡིན་ཞིང་ནང་ཁྱིམ་ཤིང་གིས་བྱས་པའི་བཟོ་བཀོད་སྤུས་ལེགས་ཅན་གྱི་ཁང་ཁྱིམ་ཞིག་བསྐྲུན་པ་མ་ཟད། ང་ལའང་སྒོ་འགྲམ་གྱི་ལོགས་སུ་སོ་ཕག་གིས་བསྐོར་བའི་ཟོག་ར་ཆུང་པ་ཞིག་བཟོས་ཡོང་། འོན་ཀྱང་ང་ཚོ་སྒོ་ཕྱུགས་རྣམས་ནི་ཙག་དང་བསེར་བུ་ལ་དོགས་མི་དགོས་པས་ང་རང་སྔར་བཞིན་ངའི་བདག་པོ་དང་པོས་གདབ་པའི་ཤིང་ཕུར་གྱི་གནས་སུ་བསྡད་པ་ཡིན།
ལོ་དེར་ངའི་བདག་པོ་དང་པོས་ཤིང་གཅོད་དུས་ནམ་རྒྱུན་ལྕུག་མ་མང་དུ་བཅད་དེ་སླེ་བོ་བསླེས་རྒྱུ་དགའ། རེ་ཞིག ངས་ཁོ་མོའི་སླེ་བོ་བསླེས་པའི་ཚུལ་ལ་བལྟས་བསྡད་པར་ནུབ་ཁའི་ཉི་ཟེར་ཁྲོད་ཁོ་མོའི་དཔྲལ་བའི་གཉེར་རིས་དང་འཛིངས་ཤིང་དངུལ་མདོག་ཏུ་གྱུར་བའི་སྐྲ་ལོ། ཤིན་ཏུ་རྙིང་ཧྲུལ་གྱུར་བའི་གོས་ལྭ་དང་རྒས་ཉམས་དོད་པའི་ངང་ཚུལ་དེ་མཐོང་འཕྲལ་ངའི་སེམས་ལ་སྙིང་རྗེ་ཞིག་ངང་གིས་སྐྱེས་ཤིང་ཁོ་མོའི་འཁྲིས་སུ་སྦྱར་ཏེ་དཔྲལ་བའི་ས་རྡུལ་ལ་ལྕེ་ལྡག་ཅིག་བྱས་པར་མོས་སྒྲ་ཞིག་ཐོས་པ་ལྟར་མྱུར་མོར་ཡར་ལངས་ཤིང་ལག་གཡས་དཔྲལ་བར་སྦྱར་ཏེ་ཉི་ནུབ་ཀྱི་ཕྱོགས་སུ་ཡུན་རིང་ཅེར་ཀྱང་རླུང་བུ་ལྡོམ་པོ་ཞིག་ལས་ཅི་ཡང་མི་འདུག ཕྱིས་ཀྱི་ཉི་ནུབ་ཀྱི་དུས་ལ་མོ་ལ་རེ་སྒུག་དང་རྒྱང་ལྟ་བྱེད་པའི་གོམས་གཤིས་ཤིག་ཆགས་ཡོད་ཀྱང་རྐང་ལམ་ཕྲ་མོ་དེ་རུ་སྐྱེས་བུ་ཕོ་མོ་སུ་ཡང་སླེབས་མ་བྱུང་། དེ་ལྟར་ཉིན་ཞིག་ལ་མོས་ཡང་བསྐྱར་ཅི་ཞིག་ཐོས་པ་ལྟར་མྱུར་བར་ཡར་ལངས་ཏེ་རྒྱང་ལྟ་བྱེད་བཞིན་པར་གློ་བུར་ལུས་ཡོངས་ཕར་འཁྱོར་ཚུར་འཁྱོར་ཅིག་བྱས་རྗེས་ཐང་ལ་བརྒྱལ་སོང་། མོས་རེ་སྒུག་བྱས་པའི་རྐང་ལམ་ཕྲ་མོའི་ཁྲོད་དུ་ངའི་བདག་པོ་གསུམ་པས་རྒྱང་ནས་ངུ་སྐད་སྒྲོགས་བཞིན་རྒྱུག་ཡོང་དུས་ནི་ངའི་བདག་པོ་དང་པོ་འཇིག་རྟེན་འདི་དང་བྲལ་བའི་ཉིན་གཉིས་པ་ཡིན་ལ་ངའི་བདག་པོ་གཉིས་པ་ལྷ་ས་ནས་ཕྱིར་ལོག་དུས་ནི་ཉིན་བདུན་གྱི་རྗེས་སུ་ཡིན།
གཉིས་པ།
སྡེ་བའི་གཞུང་ནས་ལམ་ཆེན་ལས་པའི་ལོ་དེར་ངའི་བདག་པོ་གསུམ་པས་གྲོང་ཁྱེར་གྱི་སློབ་གྲྭར་རྒྱུགས་འཕྲོད་དེ་ངའི་བདག་པོ་དང་པོས་ངའི་བདག་པོ་གཉིས་པ་ལ་མལ་སྟན་དང་གོ་རེ། ཤོག་ལྷེ་དམར་པོ་མང་པོ་བཅས་ཏེ་ངའི་བདག་པོ་གསུམ་པར་སྐྱེལ་རོགས་བྱེད་དུ་བཅུག ངའི་བདག་པོ་གཉིས་པ་ཕྱིར་ལོག་དུས་མོའི་ལག་ཏུ་གློག་འོད་ཅན་གྱི་ཅ་ལག་ཆུང་ངུ་ཞིག་བཟུང་ཡོད་པ་དེས་རི་བོ་ཕར་ཚུར་གྱི་མི་ལ་ཁ་བརྡ་བྱེད་ཐུབ། རྗེས་སུ་ངའི་ཅ་ལག་དེའི་མིང་ལ་ཁ་པར་ཟེར་བ་ཤེས་ཤིང་ངའི་བདག་པོ་གསུམ་པས་གྲོང་ཁྱེར་ནས་བྱ་བ་བསྒྲུབས་དུས་ཁོའི་ལག་ཏུའང་དེ་ལས་ཆེ་ཞིང་གློག་འོད་གསལ་བ་ཞིག་བཟུང་འདུག ངའི་བདག་པོ་གཉིས་པས་ནམ་རྒྱུན་ངའི་བདག་པོ་དང་པོར་ཁ་པར་ཡོད་ཚེ་ངའི་བདག་པོ་གསུམ་པར་ཁ་བརྡ་བྱེད་ཐུབ་ཟེར་ཡང་རྗེས་སུ་མོས་ངའི་བདག་པོ་གསུམ་པར་ཁ་བརྡ་བྱེད་པའི་དུས་ཚོད་ཉུང་དུ་སོང་བ་དང་སྐྱེས་པ་ཞིག་དང་ཁ་བརྡ་བྱེད་པ་ཇེ་མང་ནས་ཇེ་མང་དུ་གྱུར། མཚན་མོ་ཞིག་ལ་མོས་ཁ་པར་ལས་སྐྱེས་པ་དེ་ལ་
“ཁྱེད་ཀྱིས་བརྩེ་དུང་ཤེས་སམ།”
“མོ་ལོ་སུམ་ཅུ་འདས་ཤིང་བཞི་ཅུར་ཐོན་ལ་ཉེ་བའི་བུད་མེད་ཅིག་གིས་སྐད་ཆ་དེ་འདྲ་བཤད་ན་ཤིན་ཏུ་དགོད་བྲོ་བ་ཞིག་ཡིན་རུང་། ང་ལ་བརྩེ་དུང་ངོ་མ་ཞིག་དབང་ངེས་ལ། གནམ་འོག་གི་བུད་མེད་ཚང་མར་བརྩེ་དུང་ངོ་མ་ཞིག་དབང་ངེས།”ཞེས་སྐད་ཆ་དེ་འདྲ་ཞིག་བཤད་པར་ངས་བརྩེ་དུང་ཟེར་བའི་དོན་ཅི་ཡིན་ཡུན་ཏུ་གོ་མ་བྱུང་ཡང་རྗེས་སུ་མིང་བརྡ་དེ་ནི་ཕོ་མོའི་འཁྲིག་སྦྱོར་དང་འབྲེལ་བ་ཡོད་པ་རྟོགས་ཀྱང་། ངའི་བདག་པོ་གཉིས་པས་བཤད་པའི་བརྩེ་དུང་ནི་འཁྲིག་སྦྱོར་ལས་འགོངས་བར་འདྲ་སྟེ། མོས“ང་རང་མོ་ལོ་བཅུ་ལྔར་བུད་པའི་ལོ་དེར། ཕ་མ་གཉིས་ཀས་ང་ལ་བཙན་གྱིས་མག་པ་བཞག་སོང་། ལོ་གཅིག་གི་རྗེས་སུ་ངས་བུ་ཞིག་བཙས་ཀྱང་ངའི་སྐྱེས་པ་དེས་ནམ་རྒྱུན་ཆང་འཐུང་བ་དང་མིག་མངས་རྩེད་པ། རྒྱན་པོ་འཇོག་པ་དང་འཁྲིག་སྦྱོར་བྱེད་པ་ལས་ང་ལ་ཤ་ཚ་བའི་གཏམ་གཅིག་ཀྱང་བཤད་མ་མྱོང་ལ་ཐ་ན་ཆེས་སྤྱིར་བཏང་གི་བཟའ་ཟླའི་བར་གྱི་ལབ་གླེང་ཞིག་ཀྱང་བྱས་མ་མྱོང། དེའི་རྐྱེན། ངའི་ཨ་ཕ་འདས་པའི་ཕྱི་ལོར་ངས་བསམ་བཞིན་སྡེ་བའི་ནང་གི་སྐྱེས་པ་ཚོའི་ཁ་རྩེད་པར་རྒན་གཞོན་མང་པོས་བཤད་ཚུལ་འདྲ་མིན་བྱུང་སྟེ་ཁོ་རང་ངེད་ཚང་དང་ཁ་བྲལ་བ་རེད”ཅེས་བཤད་བྱུང་།
རྗེས་སུ་མོས་ཁ་པར་གཏོང་བཞིན་པའི་སྐྱེས་པ་དེ་ནམ་གུང་གི་དུས་སུ་ངེད་ཚང་ལ་ཡོང་པ་དང་སྐྱ་རེངས་མ་ཤར་སྔོན་དུ་ཕྱིར་བུད་འགྲོ
ཉིན་ཞིག ངའི་བདག་པོ་གཉིས་པས་ང་དང་ཁྱིམ་མཚེས་གཡས་གཡོན་གྱི་དྲེལ་དང་བོང་བུ་རྣམས་དེད་དེ་ཁྱ་མ་བཏུ་རུ་སོང་པའི་ཉིན་དེར་ངེད་ཚང་ལ་ཡོང་པའི་སྐྱེས་པ་དེ་དང་དེའི་ཆུང་མ་གཉིས་ཀྱང་ལུང་བ་དེ་རུ་འདུག སྔོན་ལ་ཁོ་ཚོས་རང་ས་ནས་ཁྱ་མ་བཏུ་བ་ལས་ཕན་ཚུན་ལ་ཚིག་གཅིག་ཀྱང་བཤད་མ་བྱུང་། ཉིན་གུང་གི་དུས་སུ་ང་ལ་དབང་མེད་དུ་ཆགས་པ་ཆེར་རྒྱས་པས་ངས་སྐྱེས་པ་དེ་ཚང་གི་མོ་བོང་གི་རྗེས་བསྙེགས་ཏེ་ཡར་བདའ་མར་བདའ་བྱས་པར་སྐྱེས་པ་དེའི་ཆུང་མས་མཐོང་སྟེ“འདི་ཚང་གི་མྱི་ཕར་ཞོག་ཟོག་རྣམས་ཀྱང་འདི་འདྲའི་ངོ་ཚ་མེད་པ་ལ་ཨང་།”ཞེས་སྐད་བཤད་པར་ངའི་བདག་པོ་གཉིས་པས་ཐོས་ཡོད་ཀྱང་ཁ་རོག་ཏུ་བསྡད་འདུག དེ་ནས་རེ་ཞིག་སོང་རྗེས་སྐྱེས་པ་དེའི་ཆུང་མས་ངས་ད་རུང་ཁོ་ཚང་གི་མོ་བོང་དེ་ཡར་བདའ་མར་བདའ་བྱེད་པ་མཐོང་སྟེ་སྡོང་མགོ་ནས་ཐང་ལ་ལྡིང་། སྔོན་ལ་རྡོས་བརྒྱབ། དེ་ནས་ཁྱ་དུམ་གཡུགས། དེས་ཀྱང་མ་ནུས་པས་སྟ་རེ་འཕྱར་བཞིན་ངའི་མདུན་སར་རྒྱུག་ཡོང་གིན་པར་ང་རང་སྐྲག་ཐག་ཆོད་ནས་ལུང་པའི་ཕུ་རུ་བྲོས། དེའི་རྗེས་ནས་དོན་ཅི་ཞིག་བྱུང་པར་ང་ལ་གསལ་ཆ་མེད་ཀྱང་ངའི་བདག་པོ་གཉིས་པས་ང་རང་ལུང་བའི་ཕུ་མདོ་ནས་ཕྱིར་ཁྲིད་དུས་མོའི་སྐྲ་ལོ་ཤིན་ཏུ་གཟེངས་པ་དང་གདོང་ན་རྨ་ཤུལ་མང་པོ་འདུག་པར་བལྟས་ན་མོ་དང་སྐྱེས་པ་དེའི་ཆུང་མ་གཉིས་འཛིང་རེས་བྱས་པར་ཁོ་ཐག་རེད།
མཚན་མོ་དེར་ངའི་བདག་པོ་དང་པོས་ངའི་བདག་པོ་གཉིས་པར་གཤེ་གཤེ་གཏོང་བཞིན་འདུག ནམ་གུང་གི་དུས་ལ་སྐྱེས་པ་དེ་ཡང་བསྐྱར་ངེད་ཚང་ལ་ཡོང་པར་ངའི་བདག་པོ་དང་པོས་ཤེས་ཏེ་སྒོ་འོག་གི་ལྕུག་མས་བྲབས་བྱུང་ལ་ངའི་བདག་པོ་གཉིས་པས་ཞུ་བ་ཅི་ལྟར་ཞུས་ཀྱང་ཕན་མ་ཐོགས་པར་མོ་ལའང་ལྕུག་མས་བྲབས། དེ་ནས་ཉིན་གསུམ་གྱི་རྗེས་སུ་ངའི་བདག་པོ་གཉིས་པ་དང་སྐྱེས་པ་དེ་གཉིས་ལྷ་སར་བྲོས་པ་རེད།
ངའི་བདག་པོ་དང་པོ་རྐང་ལམ་ཕྲ་མོ་དེ་རུ་ཚེ་ལས་འདས་པའི་ཉིན་བདུན་པར་ངའི་བདག་པོ་གཉིས་པ་ཕྱིར་རང་ཁྱིམ་དུ་ལོག འདས་མཆོད་ཚགས་རྗེས་ཀྱི་མཚན་མོ་ཞིག་ལ་ངས་ངའི་བདག་པོ་གཉིས་པ་དང་བདག་པོ་གསུམ་པ་གཉིས་ཀས་ཁ་རྩོད་རྒྱག་པ་ཐོས། ནམ་གུང་གི་དུས་ལ་ངའི་བདག་པོ་གསུམ་པས་ལམ་ཆས་བརྒྱབ་ཏེ་ཕྱིར་སློབ་གྲྭར་སོང་ལ་ངའི་བདག་པོ་གཉིས་པས་ངའི་བདག་པོ་དང་པོས་སླེ་བོ་བསླེས་པའི་ས་རུ་མིག་ཆུ་ཐོར་བཞིན་འདུག
ངའི་བདག་པོ་གཉིས་པ་ཕྱིར་ལོག་པ་ནས་བཟུང་མོས་ཁ་པར་གཏོང་མཚམས་ཆད་དེ་མཆོད་མེ་འཇོག་པ་དང་ཆོས་དཔེ་ཀློག་བཞིན་འདུག
ངའི་བདག་པོ་གསུམ་པ་སློབ་གྲྭ་ནས་མཐར་ཕྱིན་ཏེ་གྲོང་ཁྱེར་ནས་བྱ་བ་བགོས་པའི་ལོ་དེར་ངའི་བདག་པོ་གཉིས་པ་ཕྱིར་ལྷ་སར་འགྲོ་གྲབས་བྱས། ཐེངས་འདིར་མོ་གཅིག་པུ་ལས་སྐྱེས་པ་དེ་མི་འདུག ཉིན་དེའི་ཞོགས་པར་ཆར་བ་ཟིམ་ཟིམ་ཞིག་འབབ་བཞིན་འདུག ངའི་བདག་པོ་གཉིས་པ་སྔ་མོ་ནས་མལ་ལས་ལངས་ཏེ་ཁ་ཏོན་འདོན་པ་དང་མཆོད་མེ་འཇོག་པ། བསང་ཕུལ་བ། དེ་ནས་ཅ་ལག་འགའ་བསྡུ་གསོག་བྱས་རྗེས་ང་ལ་ལྟོ་ཆས་ཁྱེར་ཡོང་པར་ངས་ད་གཟོད་མོས་སྐྲ་ལོ་ཡོངས་སུ་བཅད་ཡོད་པར་མཐོང་། ངས་མོའི་རྗེས་བསྙེགས་བཞིན་རྐང་ལམ་ཕྲ་མོ་བརྒྱུད་དེ་ལམ་ཐག་རིང་པོ་ཞིག་བསྐྱོད་པར་མོས་ང་ལ་ཕྱིར་སོང་ཞེས་པའི་ལག་བརྡ་བསྟན་པ་དང་རུམ་ནས་གོ་རེ་བླངས་ཏེ་ངའི་ཉེ་སར་འཕངས་པར་ངའི་གོ་རེ་བཟོས་ཚར་ཏེ་མགོ་བོ་ཡར་བཀྱགས་དུས་སྨུག་པ་ལིང་ལིང་ཞིག་ལས་ཁོ་མོ་གར་སོང་མི་འདུག
ཕྱིས་ཀྱི་དགུན་གཞུང་ཞིག་ལ་ང་དང་དྲེལ་བོང་མང་པོས་ཁྱི་གུ་ཐར་ཚང་གི་ཞིང་སའི་གད་པའི་འོག་ས་ཚྭ་ལྡག་བཞིན་པར་སྐྱེས་པ་ཞིག་གིས་བུད་མེད་ཅིག་ཁྲིད་དེ་དགོད་བཞིན་དགོད་བཞིན་ང་ཚོའི་འཁྲིས་སུ་ཐོན་ཏེ་མོ་བོང་ཞིག་གི་སྐེར་འདོགས་ཐག་བརྒྱབ་པར་ངས་དེ་ནི་ངའི་བདག་པོ་གཉིས་པ་དང་ལྷན་དུ་ལྷ་སར་བྲོས་པའི་སྐྱེས་པ་དེ་ཡིན་པ་ཤེས་ཏེ་ཁོང་ཁྲོ་ཞིག་ངང་གིས་ལངས་ཤིང་དེའི་ཕྱོགས་སུ་གང་འདོད་དུ་འཕྲས་བརྒྱབ་པར་བུད་མེད་དེས་ཨག་སྐད་དང་མཉམ་དུ་སྐྱེས་པ་དེ་སར་བརྒྱལ་སོང་།
གསུམ་པ།
ངའི་བདག་པོ་གསུམ་པས་གྲོང་ཁྱེར་ནས་བྱ་བ་བསྒྲུབས་དུས་ང་ཚོའི་སྡེ་བའི་ནང་འཛུགས་བསྐྲུན་རྒྱ་ཆེན་བྱས་ཏེ་ཞིང་ས་མང་པོ་ཞིག་ལྕགས་ལམ་དང་གཞུང་ལམ། མགྲོན་ཁང་དུ་གྱུར་ཏེ་སྡེ་བའི་ནང་གི་ལས་དོན་ཕལ་ཆེ་བ་ལྕགས་འཁོར་ཀྱིས་བསྒྲུབ་རྒྱུ་ཡོད་པས་སྡེ་བའི་དྲེལ་དང་བོང་བུའི་ཁ་གྲངས་ནི་ཟླ་རེ་ནས་ཟླ་རེར་ཇེ་ཉུང་དུ་འགྲོ་བཞིན་མཆིས། ངའི་བདག་པོ་གསུམ་པ་ཁྱིམ་ལ་ལོག་དུས་ངེད་ཚང་གི་ཤ་ཉེ་རྣམས་ཀྱིས་ང་རང་བཙོང་ན་དགའ་བའི་གཏམ་བཤད་ཀྱང་ངའི་བདག་པོ་གསུམ་པས་ངའི་མགོ་ལ་བྱིལ་བྱིལ་བྱེད་ཞོར“ཨ་ཕྱི་འདས་དུས་བོང་རྒན་འདི་ལས་སུ་ཞིག་མོའི་གམ་ན་ཡོད”ཅེས་སྐད་བཤད་འཕྲལ་ཤ་ཉེ་རྣམས་ཀྱང་ངོ་སྐྱེངས་ནས་ངག་ལྐུགས་པར་གྱུར།
ང་ཡི་བདག་པོ་གསུམ་པ་གྲོང་ཁྱེར་གྱི་སློབ་གྲྭར་སོང་པ་ནས་བཟུང་། ཁོ་ལ་འགྱུར་བ་ཆེར་བྱུང་པ་ནི་ཁྱིམ་ནས་ལས་ཀ་ལྕི་མོ་རེ་ལས་དུས་ཁོང་གི་ལག་མཐིལ་ལ་ཆུ་བུར་རྒྱག་གིན་འདུག ངའི་བདག་པོ་དང་པོ་དང་གཉིས་པས་ཚུལ་དེ་མཐོང་ཚེ་ཁོ་ལ་ལས་མཚམས་འཇོག་པའི་སྐད་བཤད་ན་དང་པོར་ཁོས་ངལ་གསོ་ཉུང་ཙམ་བྱས་རྗེས་མུ་མཐུད་ལས་ཀ་ལས་མོད། འོན་ཀྱང་དུས་ཚོད་རིང་ཙམ་སོང་པ་དང་བསྟུན་ཁོས་དོན་ཞིག་ལ་ཁ་གཡར་ཏེ་ངལ་གསོ་བྱེད་པ་དང་རྗེས་ནས་ཁོས་དཔེ་ཆ་ཀློག་པ་ལས་ཁྱིམ་གྱི་ལས་ཀ་ཆེ་ཆུང་གང་ཡང་ལས་ཀྱིན་མེད། ངའི་བསམ་ཚོར་ཅིག་ལ་ངའི་བདག་པོ་གསུམ་པས་དཔེ་ཆ་མང་དུ་བཀླགས་པ་དང་བསྟུན་ཁོས་བཤད་པའི་སྐད་ཆ་མང་པོ་ཞིག་ལ་ངས་གོ་བ་ལེན་ཐུབ་ཀྱི་མེད། དཔེར་ན། ཐེངས་ཤིག ཁོས་ངའི་བདག་པོ་དང་པོར་
“ཨ་ཕྱི། ང་རང་སློབ་གྲྭར་ལོག་ཐེངས་རེར་གནོན་ཤུགས་མང་པོ་ཞིག་འདུག”
་་་་་་
“ང་ལ་ཅིས་ཀྱང་འགུལ་ཤུགས་ཤིག་དགོས་ངེས”ཅེས་བཤད་པར་ངས“གནོན་ཤུགས”ཟེར་བ་དང“འགུལ་ཤུགས”ཟེར་བ་དེ་ཅི་ཞིག་གི་ཤུགས་ཡིན་པ་གཏན་དུ་གོ་མ་བྱུང་། ཡང་ངའི་བདག་པོ་གསུམ་པས་ངེད་ཚང་གི་ཁང་པ་བསྐྱར་འཛུགས་བྱས་པའི་ཕྱི་ལོར་ངེད་ཚང་གི་སྒོ་ཁར་མི་མང་པོ་འདུས་ལ་དེ་ལས་བུད་མེད་ཅིག་གིས་ཁོ་ལ་སྐད་ཆ་འགའ་དྲིས་པར་ཁོས“ངའི་བྱ་བ་ལས་སྟངས་མང་པོ་ཞིག་ལ་བདག་གི་ཨ་ཕྱིའི་ཤུགས་རྐྱེན་ཐེབས་ཡོད”ཟེར་བར་ངས“ཤུགས་རྐྱེན”ཟེར་བ་དེ་ཡང་བཟང་ངན་གང་ཡིན་རྟོགས་མ་ཐུབ། ཉིན་དེར་ཁོས་ད་རུང་ཁོ་རང་ཆེས་སྤྱིར་བཏང་གི་ཞིང་བ་དཀྱུས་མ་ཞིག་བྱེད་འདོད་ཟེར་དུས་ང་རང་ལྐོག་ཏུ་གད་མོ་བགད་པ་ཡིན། རྒྱུ་མཚན་ནི་ངའི་བདག་པོ་གསུམ་པས་ལོག་དཀར་དང་ཡུངས་དཀར་གྱི་ཁྱད་པར་ཀྱང་མི་ཤེས་ལ་ངེད་ཚང་གི་ཞིང་སའི་སྟེང་དུ་ལྕགས་ལམ་དང་གཞུང་ལམ་བསྐྲུན་ཡོད་པས་ད་ནི་གང་ཞིག་ལ་ཞིང་འདེབས་སྙམ་བསམས་བྱུང་།
ངའི་བདག་པོ་གསུམ་པའི་གྲོང་ཁྱེར་གྱི་འཚོ་བ་ཇི་འདྲ་ཞིག་ཡིན་པ་ང་ལ་ཅི་ཡང་བཤད་རྒྱུ་མེད། ཁོ་རང་ཁྱིམ་ལ་ལོག་ཐེངས་རེར་ཉིན་མོའི་དུས་ལ་སྡེ་བའི་རྒན་གཞོན་མང་པོ་ཞིག་སྐོར་དང་སྐོར་བྱས་ཏེ་ཁོའི་ཉེ་སར་བཅར་ཀྱིན་འདུག་ལ་མཚན་མོའི་དུས་ལ་ཁོས་རྒྱུན་པར་ཁ་པར་ཞིག་བཏང་ཚེ་མཚན་རེར་བུ་མོ་མི་གཅིག་པ་མང་པོ་ངེད་ཚང་ལ་ཡོང་བ་དང་སྐྱ་རེངས་མ་ཤར་སྔོན་དུ་ཕྱིར་བུད་འགྲོ བུ་མོ་དེ་དག་ལས་འགའ་རེ་ནི་ང་ཚོའི་སྡེ་བའི་ནང་གི་མི་ཡིན་ལ་དེ་ཚོ་ཡོང་དུས་ནི་རྐང་ཐང་ཡིན་ལ། འགའ་རེ་ནི་ས་ཐག་རིང་པའི་མི་ཡིན་པས་དེ་ཚོས་ནམ་རྒྱུན་རླངས་འཁོར་བསྐོར་གྱིན་འདུག དེ་ལྟར་ཡིན་ནའང་ཉི་ནུབ་ཀྱི་དུས་ལ་ངའི་བདག་པོ་གསུམ་པས་ནམ་རྒྱུན་ང་ཡི་བདག་པོ་དང་པོ་ཚེ་ལས་འདས་ས་དང་ང་ཡི་བདག་པོ་གཉིས་པ་ལྷ་སར་སོང་སའི་རྐང་ལམ་ཕྲ་མོར་ཅེར་ནས་མིག་མཐར་མཆི་མ་འཁོར་བཞིན་འདུག
བཞི་བ།
ཐེངས་འདིར་ངས་གཏམ་རྒྱུད་འདི་དག་བཤད་ཚར་རྗེས་ངའི་མདུན་དུ་བོང་བུ་བཞི་ལས་ལྷག་མེད་ལ་ཁོ་ཚོ་ཡང་ང་དང་འདྲ་བར་ཉི་ཤུ་ཉེར་སྟོན་བྱས་པའི་བོང་བུ་རྒན་པའི་གྲས་རེད། ལས་ཀ་ལྕི་མོ་ལས་མི་ཐུབ་པ་དང་བཙོང་ན་རིན་གོང་འབོར་ཆེན་མི་སྟེར་པས་ཉི་ནུབ་ཀྱི་འོད་ཟེར་ཇི་ལྟར་གཉོམ་གྱུར་ཀྱང་བདག་པོ་སུ་ཡང་ཁོ་ཚོ་ཚོལ་དུ་ཡོང་བར་མེད་ལ། ཁོ་ཚོས་ཀྱང་སྔ་མོ་ནས་རང་གི་བདག་པོ་སུ་ཡིན་བརྗེད་པར་འདྲ། ང་རང་དེའུ་འབུར་ཅིག་ནས་འགྲེང་སྟེ་སྔོན་ཆད་ལྷིང་འཇགས་ཡིན་ཡང་སྤྲོ་འཛོམས་ཀྱིས་ཁེངས་ཤིང་ད་ལྟར་འུར་ཟིང་ཆེ་ཡང་ཁེར་རྐྱང་གིས་མནར་བའི་སྡེ་ཁྱིམ་འདི་ལ་བལྟས་བསྡད་པར་ནུབ་ཁའི་ཉི་ཟེར་ང་ཡི་མིག་ལམ་ནས་མི་མཐོང་པར་གྱུར་པས་ངས་རང་གི་བདག་པོ་གསུམ་པོ་དྲན་ཞོར་ཕྱིར་རང་ཁྱིམ་དུ་ལོག་པའི་རྐང་ལམ་ཕྲ་མོར་ཞུགས་པ་ཡིན།།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3415
དཔྱད་མཆན་སྤེལ།