དེ་རིང་ཁོ་བོས་ན་ནིང་དྲན་པ་དགོན་ཤེལ་དཀར་ཆོས་སྡེ་གླིང་ནས་ཡིན་ཞིང་ཡང་ཁོ་བོས་སློབ་ཆུང་གི་སློབ་གྲོགས་ཡིན་པ་ཤིག་གི་བྱིན་པས་ཕོར་ཇ་འཐུང་ཞོར།ཉེ་ལམ་ཁོ་བོས་རང་དགོན་གྱི་ཟླ་ལྷག་གི་ཆོས་མཚམས་ཆེན་མོར་སྐུའི་གསུང་བསྒྱུར་པ་དགེ་བཤེས་ལྷ་རམས་པ་ཐུབ་བསྟན་སྦྱིན་པ་མཆོག་གིས་མཛད་པའི་༧རྗེ་བདག་ཉིད་ཆེན་མོའི་རྣམ་ཐར་གསར་པ་⟪གངས་ཅན་ལྗོངས་སུ་སངས་རྒྱས་བྱོན་པ⟫་ཞེས་པ་བཀླགས་གྲུབ་པ་དང་དེ་ཡི་རྗེས་ནས་དཔེ་ཆ་གང་ཞིག་ཀློག་དགོས་པ་ནི་ལན་རེར་ང་ལ་མཚོན་ན་ཅུང་ཙམ་སུན་སྣང་ཡོད།རྒྱུ་མཚན་ནི་དཔེ་ཆ་ཀློག་པར་སུན་སྣང་སྐྱེས་པ་དེ་མ་ཡིན་པར་རང་ལ་མཁོ་ངེས་ཀྱི་དཔེ་ཆ་གང་ཞིག་ཀློག་དགོས་པ་དེ་ཡི་ཕྱོགས་ལ་གདམ་གསེས་བྱེད་དགོས་པས་འདི་ནི་དཔེ་ཀློག་རྒྱུན་ཤེས་སུ་ཆགས་པ་དག་ལ་ཐུན་མོང་དུ་ཡོད་པའི་སུན་སྣང་ཅིག་ཡིན་ཤས་ཆེ།ཉེ་བའི་རིང་གསར་དུ་ཐོན་ཞིང་ཁོ་བོས་གསར་དུ་ཉོས་པ།ཡང་དུས་ཚོད་དབང་གིས་ཀློག་རྒྱུར་ལུས་ཡོད་པ་བོད་ཀྱི་སློབ་གསོ་བ་ཆེན་མོ་རྒན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་བཙུགས་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་གྱི་ལིང་འཇིགས་མེད་ལགས་ཀྱིས་བརྩམས་གནང་མཛད་པའི་⟪སྤྲིན་པའི་ལྷོ་མཐའ་ཉུལ་བའི་གཏམ⟫་ཞེས་པ་དེ་ཀློག་པའི་དབུ་མཁྱུད་བྲིས་པ་ཡིན།སྤྱིར་བཏང་རྒན་ཁོང་ནི་བོད་ཀྱི་ཐུན་མོང་རིག་གནས་དང་བོད་ཀྱི་ལོ་རྒྱུས་སོགས་ལ་ཧ་ཅང་གི་མཁྱེན་རྒྱ་ཡངས་པ་མ་ཟད་རྒྱ་ཡིག་ལ་ནང་བྱན་ཆུབ་ཅིང་རིགས་ཞེན་བླ་ན་མེད་པ་དང་ལྷག་པར་རྟེན་དགེ་སློང་ཅན་གྱི་ཀུན་སྤྱོད་བཙུན་པའི་གྲྭ་རྐྱང་བཅོས་མ་ཤིག་ཡིན་པའི་བག་ཆགས་ཁོ་བོར་ཡོད།དེ་ནི་ཁོ་བོ་ཁོང་དང་འདྲིས་ནས་བྱུང་བའི་བག་ཆགས་དེ་མ་ཡིན་པར་ཁོང་གི་དཔར་དང་ཕྱག་རྩོམ་དག་ལས་ཁོ་བོར་སྦྱིན་པའི་ཚོར་བའམ་བག་ཆགས་དེ་ཡིན།ཁོ་བོས་རྒན་ཁོང་གི་བརྩམས་ཆོས་དུ་མ་བཀླགས་མྱོང་ཡོད།དཔེར་ན།⟪ནུབ་ཕྱོགས་ཆོས་སྤེལ་བ་དང་བོད་ཡུལ།⟪དབེན་པའི་སྨུག་སྤྲིན།⟫⟪རླབས་ཆེན་གྱི་བྱ་བཞག་འདིས་རླབས་ཆེན་གྱི་མི་སྣ་མཚོན།⟫དང་།དེ་བཞིན་དཔེ་ཀློག་ཟིན་བྲིས།བརྙན་ལེན་ཟིན་བྲིས་སོགས་མང་པོ་ཀློག་མྱོང་བས་ཁོ་བོ་དེང་སང་གི་སྐད་ལྟར་ན་ཁོང་གི་ཞེན་མི་ཀློག་པ་པོ་ཤིག་ཡིན་ཞེས་ལབ་ན་མི་འགྲིག་པ་མེད།
ལྷོ་མཐའི་སྤྲིན་པ་ཉུལ་བའི་གཏམ་མ་ཀློག་པའི་ཡར་སྔོན་དུ་མགྱོགས་འཕྲིན་དང་འདར་དབྱངས་སོགས་ཀྱིས་ང་རང་ལི་འཇང་དང་ཏཱ་ལིས།ཁུང་མེན།ཞི་ཧྲོང་པན་ནཱ་སོགས་སུ་ཁྲིད་པར་བྱས་མོད།དེ་དུས་ཡུལ་གྲུ་དེ་དག་ནི་བོད་དང་འབྲེལ་བ།འཇང་ནི་བོད་ཀྱི་ཕུ་ནུར་གྱུར་པ།འཇང་བོད་བར་ལ་གཉེན་གྱི་མཛའ་འབྲེལ་བྱུང་པ།དེ་ན་མེས་པོ་གཅིག་ལས་མཆེད་ཅིང་ཤ་ཁྲག་གཅིག་ཏུ་གྱུར་པའི་ཕུ་ནུ་མཆིས་པ།བོད་ཀྱི་གྲུབ་མཐའ་ཆེན་མོ་དྲུག་གི་ཡ་གྱལ་བཀའ་བརྒྱུད་པ་དང་རྒྱལ་བ་བོན་གྱི་བསྟན་པ་ད་དུང་ཐེ་ལན་དཱ་ནས་བརྒྱུད་པའི་ནང་བསྟན་སོགས་གནས་དེར་འཕེལ་ཅིང་འགྲིབ་པ་མེད་པར་གནས་པ་སོགས་དེ་མ་ཡིན་པར།མིས་བཟོས་ཁོར་ཡུག་(人工风景)གིས་བརྒྱན་པ་དང་།གནའ་བོའི་སྲང་ཤག་རྙིང་བ།དེ་བཞིན་སྣ་བརྒྱ་ཟས་ཀྱི་བཀང་བའི་ཡུལ་གྲུ་གཅིག་ཏུ་འདོད་ཡོད་པ་དང་།ཁོ་བོར་གནས་དེར་འགྲོ་འདོད་ཀྱི་ཀུན་སློང་རེ་སྐྱེས་མྱོང་མོད།དེ་ལྟར་སྐྱེས་མྱོང་བའི་རྒྱུ་མཚན་ནི་བོད་འཇང་བར་ལ་་ཕུ་ནུའི་མཛའ་བརྩེ་ཡོད་པ་དང་།ཨ་དར་ཤ་མཉེན་ཆས་ལས་སྔོན་པའི་འཇང་བཀའ་འགྱུར་གྱི་འཁྲུངས་ས་ཡིན་པ་སོགས་ཀྱིས་མ་ཡིན་པར་ཡུལ་ལྗོངས་ཉམས་དགའ་བ་ཙམ་ཞིག་གིས་ཡིད་ཀྱི་བརྟན་པ་ཁོ་ན་འཕྲོག་པ་དང་ཡང་ན་ཆ་འཕྲིན་བུ་མོས་སྒེག་ཉམས་ཀྱིས་བསླུས་ནས་འགྲོ་འདོད་བྱུང་པ་ཁོ་ནའོ།།
⟪སྤྲིན་པའི་ལྷོ་མཐའ་ཉུལ་བའི་གཏམ་⟫ཞེས་པ་འདི་མ་ཀློག་པའི་ཡར་སྔོན་དུ་དེབ་འདིས་ཁོ་བོར་བྱིན་པའི་ཚོར་སྣང་ནི།དེ་ནི་ལི་འཇང་དང་ཏཱ་ལིས།ཞི་ཧྲོང་པན་ནཱ་སོགས་ཀྱི་ཡུལ་ལྗོངས་དང་རྫོང་མཁར་སོགས་ཀྱི་མཐོང་ཐོས་ཡུལ་ལྗོངས་ཉམས་དགའ་བ་རེ་ཡི་ངོ་སྤྲོད་དང་ཟ་འཐུང་འགྲོ་འདུག་གི་རང་ག་བའི་ཡུལ་སྐོར་ཟིན་བྲིས་ཙམ་པོ་བ་ཤིག་གི་སྣང་བ་ལས་མ་བྱུང་མོད།ཡིན་ཡང་དེབ་ལ་ཐུམ་རྒྱབ་པའི་འགྱིག་ཤོག་དེ་བླངས་ནས་དེབ་ཀྱི་སྔོན་གླེང་སོགས་དབྱངས་གསལ་གྱི་ཡིག་འབྲུ་རེ་རེ་བྱིའུས་རྒུམ་འབུ་འཐུ་པ་བཞིན་རེ་རེ་བཞིན་ཀློག་ནས་ཡོང་དུས་དེ་ནི་རང་ག་བའི་ཡུལ་སྐོར་ཟིན་བྲིས་ཙམ་དང་ཟ་འཐུང་འགྲོ་འདུག་གི་ཟིན་བྲིས་ཙམ་མ་ཡིན་ལ།བཙན་པོའི་རླབས་ཆེན་གྱི་བྱ་བཞག་དང་འབྲེལ་བ་གླེང་ནས་ཡོང་དུས་དེ་ནི་རང་ག་བའི་ཡུལ་སྐོར་ཟིན་བྲིས་ཤིག་ཅིང་མ་ཡིན།ཀརྨ་རོལ་བའི་རྡོ་རྗེ་དང་སི་ཏུ་ཆོས་ཀྱི་འབྱུང་གནས།འཇང་ས་དམ་རྒྱལ་བོ་སོགས་རླབས་ཆེན་སྐྱེས་བུ་དག་གི་ཤུལ་ལམ་བསྔོག་དུས་དེ་ནི་ཟ་འཐུང་འགྲོ་འདུག་གི་ཟིན་བྲིས་ཙམ་པོ་བ་ཤིག་ཅིང་མ་ཡིན་པར་རྟོགས།སྤྱིར་བཏང་རྒན་ཁོང་གནས་གང་དང་གང་དུ་སོང་ན་གནས་དང་དེ་དང་དེ་ཡི་རྒྱབ་ལྗོངས་ཀྱི་རིག་གནས་དང་འབྲེལ་བའི་ལོ་རྒྱུས།འཚོ་བའི་གོམས་གཤིས།དམངས་ཁྲོད་ངག་རྒྱུན་སོགས་ལ་རྒྱུས་ལོན་བྱེད་པར་ཧ་ཅང་སྤྲོ་བ་འདི་རྒན་ཁོང་གི་ཐུན་མོང་མ་ཡིན་པའི་གཤིས་སུ་གྲུབ་ཡོད་དོ།།
⟪སྤྲིན་པའི་ལྷོ་མཐའ་ཉུལ་བའི་གཏམ་⟫ཞེས་པ་ཀློག་གིན་ཀློག་གིན་ཁྱོད་ཀྱིས་ལྷོ་མཐའ་ན་ལུས་པའི་ཕུ་ནུ་དག་དྲན་ངེས་ལ།བོད་འཇང་ཕུ་ནུའི་བརྩེ་འདང་གི་ཤུལ་ལམ་དག་དྲན་ངེས་ལ།ཆོས་རྒྱལ་མྱ་ངན་མེད་དང་།འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་མགོན་པོ་སྒྲུབ་པའི་གནས་སོགས་མང་པོ་ཤིག་གི་གཏམ་རྒྱུད་དྲན་ངེས་པ་མ་ཟད།འཇང་ཡུལ་གྱི་འཇང་བཀའ་འགྱུར་གྱི་བྱུང་རིམ་དང་ཏཱ་ལིས་ཏུན་ཚང་གི་ལོ་རྒྱུས་དང་།བོད་ཀྱི་སྐྱེས་ཆེན་ཀརྨ་རོལ་བའི་རྡོ་རྗེ་དང་སི་ཏུ་ཆོས་ཀྱི་འབྱུང་གནས་སོགས་བཞུད་ལམ་སོགས་མང་པོ་དྲན་ནས་ཡོང་།འདི་ནི་འཇང་ཡུལ་འགྲིམ་པའི་གཏམ་རྒྱུད་ཡིན་ལ།འདི་ནི་འཇང་ཡུལ་ནས་ཕུ་ནུ་འཚོལ་བའི་གཏམ་རྒྱུད་དང་མེས་པོའི་བཤུལ་ལམ་འཚོལ་བའི་གཏམ་རྒྱུད་ཅིག་ཡིན།དེང་རབས་རིག་གནས་ཀྱི་སིམ་འཛུལ་འོག་ཏཱ་ལིས་ཡང་གདོད་མའི་ཏཱ་ལིས་མ་ཡིན་པར་འགྱུར་གྱི་ཡོད་ནའང་།མི་ལོ་ལྔ་བཅུ་ལྷག་ལ་རྐུན་མ་བྱུང་མ་མྱོང་བའི་མི་གཞིའི་ཀུན་སྤྱོད་ལེགས་པོ་ཤ་གསེང་རུས་ཙམ་མ་ཟད་རྣམ་ཤེས་ཀྱི་གསེང་དུ་འཐིམ་པའི་གཏམ་རྒྱུད་དེ་དག་གི་ཕྱིར་དུ་ཁྱོད་རང་གནས་དེར་འགྲོ་འདོད་ཀྱི་འདུན་པའི་མེ་ལྕེ་ཡིད་ཀྱི་གཏིང་ནས་ག་ལེར་གསོ་སྲིད།
དཔལ་ཡོན་གྱི་སྤྱི་ཚོགས་ཀྱི་རང་མདངས་ངོམ་བཞིན་པའི་གྲོང་འཁྱེར་ན་བཟའ་ཚང་གི་བར་གྱི་མི་གསོད་ཁྲག་སྦྱོར་དང་།སློབ་རའི་དྲག་སྤྱོད།རྐུན་མ་བརྐུ་བ།བཙན་གཡེམ་སོགས་ཀྱི་གསར་འགྱུར་སྣ་ཚོགས་ཆ་འཕྲིན་དུས་རབས་ཀྱི་སྟེགས་བུའི་སྟེང་ན་ན་ནིང་ལས་དོ་ཚིགས་མང་པའི་གནས་ཚུལ་འཇིགས་ཡེར་བ་དག་གིས་དུས་རབས་ཉེར་གཅིག་པའི་དཔལ་ཡོན་སྤྱི་ཚོགས་ཀྱི་ཁ་དབུགས་གཙང་སང་ངེར་ཐུབ་ཀྱི་མེད་པ་ནི་དོན་དངོས་སུ་ཆགས།དེ་ལྟར་རང་རེ་ལྟ་བུ་ལས་རྒྱུ་འབྲས་མིག་འབྲས་བཞིན་སྲུང་བར་ལྟ་བའི་རིག་གནས་དང་།རྟེན་འབྱུང་འབྲེལ་འབྱུང་གི་ལྟ་བ་སྣོད་བཅུད་འཆམ་མཐུན་དུ་འབོད་པས་གཉིས་ཕན་གྱི་ལྟ་བ།སྤྱོད་པ་འཚེ་བ་མེད་པར་བལྟ་བའི་འཚེ་མེད་ཀུན་སྤྱོད་ཀྱི་ལྟ་བ་སོགས་རིག་གནས་ཀྱི་རྫོང་མཐུག་པའི་ཡུལ་གྲུ་འདི་ན་གྲི་རྩེ་ཕུ་ནུར་གཏོད་པ་དང་།ལས་འབྲས་བརྩིས་མེད་དུ་བཏང་པ།ཕྱོགས་འཐེན་གྱི་སྡེར་མོ་བརྐྱངས་ནས་ཡོད་པ།དམ་པའི་བཞུད་ལམ་ལ་ཐལ་འདེབས་མཁན།གནས་ཡར་ལུང་ཁུག་ནས་བསྡད་ན།།ཡུལ་ལྷ་ཤམ་པ་མཆོད་མི་ཤེས་པ།རང་གི་ཁོར་ཡུག་གི་རིན་ཐང་རང་གིས་བསྔོག་ནས་འདོན་སྤེལ་བྱེད་རྒྱུ་ཕར་གཡུགས་ནས་ཁོར་ཡུག་ལ་རྡོག་བརྫིས་གཏོང་མཁན་བོད་མདོ་དབུས་ཁམས་གསུམ་གྱི་སྐྱ་སེར་གཉིས་ཀྱི་སྡེ་ནས་ཇེ་མང་དུ་འགྲོ་བཞིན་པ་ནི་བྱམས་དང་སྙིང་རྗེ།རྟེན་འབྲེལ་ལྟོས་བཅས་ཀྱི་ལྟ་བ་སྲོག་ཏུ་བྱས་པའི་བོད་ཀྱི་རིག་གནས་ཉིང་བཅུད་དེ་ཡིག་ཐོག་དང་ངག་ཐོག་ནས་ཡོད་ཡོད་འདྲ་ལ།སེམས་དང་སྤྱོད་པའི་ལམ་ནས་མེད་མེད་འདྲ་བའི་སྣང་བ་ཞིག་ཁོ་བོས་ཤ་གསེང་དང་རུས་གསེང་རྣམ་ཤེས་ཀྱི་གསེང་ནས་འགུལ་བཞིན་ཡོད།འདི་ནི་ཁོ་བོས་⟪སྤྲིན་པའི་ལྷོ་མཐའ་ཉུལ་བའི་གཏམ⟫་ཞེས་པ་ལས་རྒྱ་ནག་གི་རིག་གནས་སླར་གསོའི་ཆེད་དུ་ཡུན་ནན་དུ་པེ་ཅིང་སློབ་གྲྭ་ཆེན་མོ་དང་།ཆིན་ཧྭ་སློབ་གྲྭ་ཆེན་མོ་སོགས་ཀྱི་ཕུལ་དུ་བྱུང་བའི་རིགས་ཞེན་ཅན་གྱི་དགེ་རྒན་དང་སློབ་མ་མང་པོ་ཞལ་འཛོམས་ནས་མི་རིགས་ཀྱི་སློབ་གསོའི་བྱ་བཞག་ལ་རང་སྲོག་བློས་བཏང་གི་མཛད་རྗེས་ཀྱི་ཤུལ་ལམ་ལ་བལྟ་ཞོར་ཁོ་བོས་ད་ལྟའི་རང་རིགས་ཀྱི་གནས་བབས་ལ་རྒྱང་ལྟ་དང་ཉེ་ལྟ་བྱས་ཅིང་རབ་བེ་རིབ་བེ་གསལ་ལ་མི་གསལ་བ་ལྟ་བུ་ཞིག་ཏུ་སྣང་བ་དེ་ཡིན་ནོ།།
སྤྲིན་པའི་ལྷོ་མཐའ་ན་ལུས་པའི་བོད་ཀྱི་རིག་གནས།སྤྲིན་པའི་ལྷོ་མཐའ་ན་ལུས་པའི་བོད་ཀྱི་ཕུ་ནུ།སྤྲིན་པའི་ལྷོ་མཐའ་ན་ལུས་པའི་རིགས་ཞེན་སོགས་ཀྱིས་ཀློག་པ་པོ་ང་དང་ང་ལྟ་བུར་བསྐུལ་མ་ཞིག་དང་རེ་བ་ཞིག་འདོན་གྱིན་པ་ནི་འབྲུག་དཀར་གཙང་པོའི་རླབས་སྒྲ་ལ་བཅོལ་བ་ལྟར་ཁོ་བོས་སྙན་ལམ་དུ་ཡང་ཡང་གསན་འོང་།གང་ལྟར་ཁོ་བོས་སྤྲིན་པའི་ལྷོ་མཐའ་ཉུལ་བའི་གཏམ་གྱི་ཉིང་བཅུད་མང་པོ་ཞིག་ཡི་གེ་ཡི་ལམ་ནས་བདག་གི་བཀླགས་བྱང་ཀློག་པ་པོ་ཁྱོད་ཀ་ར་བཞིན་དུ་ཞིམ་མངར་གྱི་རང་བཞིན་ལྡན་པ་ཞིག་གི་ཐོག་ནས་སྟེར་ཐུབ་ཀྱི་མེད་པ་ཁོ་བོས་ལོས་ཤེས།དེ་ལྟར་ཁོ་བོས་ཀྱང་ཁྱོད་ལ་བཤད་ལ་སྤོབས་པ་ནི་ཁྱོད་རང་གིས་སྤྲིན་པའི་ལྷོ་མཐའ་འདི་ཉུལ་ཐུབ་ན་ཁྱོད་ལ་སྣང་ཐུབ་པ་ནི་ཡུལ་ལྗོངས་ཙམ་མ་ཡིན་པར་སྦས་པའི་ཚུལ་དུ་བཞུགས་པའི་ལོ་རྒྱུས་དང་རིག་གནས།འཚོ་གོམས་དང་འཕེལ་འགྱུར།མཐོང་སྣང་སྣ་ཚོགས་ཡོང་ངེས་ཡིན།ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་གཏོང་ན་དེང་སང་ཡུལ་སྐོར་རིག་གནས་འདི་ཚ་བེར་བེར་དུ་འགྲོ་བཞིན་པ་དང་།ལྷག་པར་“ཆེས་མཐའ་མཇུག་གི་དག་ཞིང”་མཚན་སྙན་ཡོད་པའི་བོད་ཡུལ་ལྟ་བུར་མཚོན་ན་མི་རིགས་དང་རྒྱལ་ཁབ་ཀྱི་དབྱེ་བ་མེད་པར་ཚང་ཁ་ཤིག་ཤིག་གིས་བོད་ཡུལ་དུ་འོང་བཞིན་པ་ཡིན་དུས།དེ་ལྟར་ཡོང་པའི་རྒྱུ་མཚན་ནི་ང་ཚོ་བོད་ཡུལ་གྱི་ཡུལ་ལྗོངས་ཁོ་ནས་ག་ལ་ཡིན།དེ་ལྟར་ཡིན་ཚེ་ཡུལ་སྐོར་མང་པོ་ཤིག་གིས་བོད་ཡུལ་ལ་“རྣམ་ཤེས་ཀྱི་དག་ཞིང”་ཞེས་འབོད་པ་ལ་དགོས་པ་ག་ལ་ཡོད་མི་སྲིད།དེ་ལྟར་ཏུ་བལྟ་བའི་རྒྱུ་མཚན་ནི་ལོ་ངོ་ཉིས་སྟོང་ལྷག་གི་རིང་ལ་ཐུ་བྷོད་བཙན་པོའི་རྒྱལ་རབས་རིམ་བྱོན་དང་རླབས་ཆེན་གྱི་སྐྱེས་བུ་གནམ་གྱི་ས་བཀབ་པ་དག་གི་བྱིན་རླབས་ཀྱི་ཚན་ཁ་མ་བོར་ཞིང་མི་རབས་ནས་མི་རབས་བར་ཆུ་ལམ་ཞུགས་དང་རྡོ་ལག་རྒྱུད་ཀྱི་ཚུལ་དུ་འཛིན་ཅིང་སྤེལ་བའི་བོད་ཀྱི་རིག་གཞུང་གིས་གསོས་པའི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པས་རིག་གནས་དང་དམངས་སྲོལ་རིག་གནས་སོགས་ཀྱིས་བསྐྱེད་པ་ལོས་ཡིན།དེ་ལྟ་བུའི་རིག་གནས་འདིའི་རིན་ཐང་འཛམ་གླིང་གི་གདན་ཐོབ་ཏུ་ཞུགས་ཐུབ་མིན་ད་ལྟ་ན་གཞོན་ཕོ་མོ་སྐྱ་སེར་ཀུན་ལ་མ་བསྐོས་རང་ཆས་སུ་ཡོད་པའི་འགན་འཁྲི་ཡིན་མོད།ད་ལྟ་རིགས་ཞེན་གྱི་ན་གཞོན་ཕོ་མོ་ཇེ་ཉུང་དང་ཡུལ་ཞེན་གྱི་ན་གཞོན་ཕོ་མོ་ཇེ་ཉུང་དུ་འགྲོ་བཞིན་པ་ནི་སུམ་གཉིས་ས་དབང་བསྒྱུར་བས་བཙན་པོའི་མི་རིགས་ཤིག་གི་གྱོང་གུད་ཆེ་ཤོས་ཅི་ལ་མིན།གང་ལྟར་ཡུལ་སྐོར་རིག་གནས་ནི་རིག་གནས་དང་རིག་གནས་བར་གྱི་བགྲོ་གླེང་བྱེད་སའི་གླེང་སྟེགས་གལ་ཆེན་ཞིག་ཏུ་ཆགས་ཡོད་སྟབས།ང་ཚོས་གོ་སྐབས་འདི་ལ་བརྟེན་ནས་བཙན་པོ་བོད་ཀྱི་ཆོས་དང་རིག་གཞུང་གི་མི་ཚེ་རིན་ཐང་གི་ལྟ་བ།བྱམས་བརྩེ་འཚོ་བའི་རིན་ཐང་གི་ལྟ་བ།འཚེ་མེད་ཀུན་སྤྱོད་རིག་གནས་ཀྱི་ལྟ་བ།ལས་རྒྱུ་འབྲས་བརྩི་སྲུང་གི་ལྟ་བ་སོགས་བོད་རང་གི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་མཆིས་པ་དེ་ནི་གཞན་ལ་གླེང་པ་དང་བགྲོ་བ་ནི་བོད་ཀྱི་ཆོས་དང་རིག་གཞུང་ཧི་མ་ལ་ཡ་བརྒལ་ནས་འཛམ་གླིང་རིག་གནས་ཀྱི་གདན་ཐོབ་སྙེག་པའི་གོ་སྐབས་ཡག་ཤོས་ཤིག་རེད་བསམ་བཞིན་ཡོད།དེ་ལྟར་བསམ་པའི་བསམ་གཞིག་གི་འཆར་ཡན་འདི་སྤྲིན་པའི་ལྷོ་མཐའ་ཉུལ་བ་ལས་བྱུང་བ་ཡིན།ད་ནི་བཀླགས་བྱང་གི་མཇུག་བསྡུ་བའི་སྐབས་ཐོན་དུས་བཀླགས་བྱང་ཀློག་པ་པོ་ཁྱོད་ལ་ད་དུང་བཀླགས་བྱང་འདིས་ཡིད་མི་ཚིམ་པ་ཁོ་བོས་ཤེས་ཀྱིན་ཡོད་པས་དེབ་འདི་དངོས་ཀློག་བྱོས་དང་ཁྱོད་ཀྱིས་བླུ་ཡོན་ཕོངས་མེད་དུ་སོང་མེད་པ་ཁོ་བོས་ཀྱང་ཁག་ཐེག་བྱེད་པར་སྤོབས་སོ།།
2023.2.13ཉིན།ཟླ་ལྷག་རྗེས་མ།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3404
དཔྱད་མཆན་སྤེལ།