སྔ་འགྱུར་ཕྱག་ཚ་དགོན་བཀྲ་ཤིས་དགེ་འཕེལ་གླིང་གི་གདན་རབས་རིམ་བྱོན་དང་མཁན་རབས་རིམ་བྱོན་གྱི་ལོ་རྒྱུས་གཙོ་བོར་བརྗོད་པ་གཟུར་གནས་པདྨ་དཀར་པོའི་ཆུན་པོ་ཞེས་བྱ་བ།
མཆོག་སྦྱིན་རྡོ་རྗེ་རྣོན་པོ་རལ་གྲི་ཡིས། །
འཁོར་རྩའི་མ་རིག་མུན་པ་དྲུང་འབྱིན་ཏེ། །
དོན་དམ་ཡེ་ཤེས་སྣང་བ་སྩོལ་བའི་ལྷ། །
ཟུར་ཕུད་ལྔ་འཕྱང་དཔའ་བོས་འཛུམ་དཀར་སྟོན། །
འོ་མའི་དྭངས་མཚོ་བསྐྱོམས་པའི་རླབས་ཀྱི་རྩེར། །
དབྱངས་ཅན་བཞད་པའི་ཐིག་ལེ་སྨིན་པ་ལ། །
ཚངས་པའི་སྤྱི་གཙུག་རྒྱན་དུ་འཛུམ་གྲོལ་བའི། །
ཟླ་བའི་སྲིང་མོ་མགྲིན་པའི་ཁབ་ཏུ་རྩེན། །
མི་རབས་སྔོན་མའི་ངག་སྒྲོས་ཆུ་བོའི་ཀླུང་། །
བར་མ་རྒྱུན་མི་ཆད་པའི་དལ་འབབ་ཀྱི། །
དུས་ཀྱི་མཐའ་འདིར་ལྷུང་ལྷུང་བཞུར་བའི་རྐྱེན། །
བཟློག་མེད་སྙུག་སོའི་བང་ཁ་ཐང་དུ་བསྒྱུར། །
ཅེས་མཆོད་ཡུལ་གོང་མ་རྣམས་ལ་བསྟོད་ཕྱག་སྔོན་བཏང་གིས་དེ་ཡང་ཐོག་མར་གདན་ས་འདིར་དགོན་པ་ཇི་ལྟར་བཏབ་ཚུལ་དང་། བསྟན་རྒྱུན་ཇི་ལྟར་བསྐྱངས་ཚུལ། དང་པོ། འདི་གའི་རྟོགས་པའི་དབང་ཕྱུག་དམ་པ་ཀཿཔདྨ་ཆོས་ལྡན་ཞེས་པ་སྦས་པའི་བརྟུལ་ཞུགས་འཛིན་པ་སྐུ་མཚམས་བཅད་རྒྱ་ལྷུར་མཛད་དེ་ཉམས་རྟོགས་ཀྱི་རྩལ་ཁ་ནང་ནས་རྒྱས་པའི་བླ་མ་གང་ཉིད་རྫོགས་སྤྲུལ་གཉིས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ལས་དབང་ལུང་དང་གདམ་ཁྲིད་མང་པོ་ཞུས་ནས། ཐུགས་སྲས་པདྨའི་མཚན་ཅན་གསུམ་གྱི་ཡ་གྱལ་དུ་བསྔགས་པ་སྟེ། ཕུག་ཁང་པདྨ་མཆོག་ལྡན། དྲེལ་དཀར་ངག་དབང་པདྨ། ཕྱག་ཚ་པདྨ་ཆོས་ལྡན་ཞེས་བསྔགས་སོ། །རྫོགས་སྤྲུལ་གཉིས་པས་འདི་ག་ནས་འགྱུར་མེད་ཀྱི་མཚན་ཅན་ཉེར་ལྔའི་སྐྲ་བཅད། ཀཿཔདྨ་ཆོས་ལྡན་གྱིས་རྒྱུན་བསྐྱངས་ནས་སྐུ་ཚེའི་སྨད་དུ་རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་བླ་མ་འདི་བའི་དྲུང་དུ་དགྱེས་ཞལ་མཇལ་བར་ཕེབས་ནས་ཆོས་དང་དམ་ཚིག་གི་འབྲེལ་བ་གཏིང་ཟབ་གྱུར་པས། ཕྱིས་སུ་རབ་བྱུང་བཅུ་གསུམ་པའི་ས་ཁྱི་ལོར་རྫོགས་སྤྲུལ་རིན་པོ་ཆེ་ངེས་དོན་བསྟན་འཛིན་པོ་མཆོག་འདི་གར་དབྱར་ཐོག་གདུལ་བྱར་ཕེབས་སྐབས་གཙུག་ལག་ཁང་གི་གཞི་ལ་ས་འདུལ་དང་ས་ཆོག་མཛད་ནས་སྐུ་དངོས་ཀྱིས་ཕྱག་བཏབ་གནང་སྟེ་ཕྱག་ཚ་དགོན་བཀྲ་ཤིས་དགེ་འཕེལ་གླིང་ཞེས་པའི་མཚན་གསོལ། ཕྱི་ལོར་གྱང་པ་དང་ལས་བཟོ་པ་ཕལ་ཆེར་སྡེ་དགེ་ཚང་དང་རྫོགས་ཆེན་ཚང་གིས་ཞབས་འདེགས་བསྒྲུབས་ནས་ཕྱིའི་གཙུག་ལག་ཁང་གི་གཞི་ཁྱོན་ཀ་བཞི་བཅུའི་ཅན་ཞིག་ལེགས་པར་གྲུབ། དམིགས་བསལ་སྡེ་དགེ་ཚང་གིས་འདི་གར་ཞབས་ཞུ་སྒྲུབ་དགོས་དོན་ནི། རྗེས་མར་བླ་མ་འདིའི་འགྲོ་དོན་དང་མཛད་འཕྲིན་ཕྱོགས་ཀུན་ཁྱབ་པས། ས་དབང་སྡེ་དགེ་རྒྱལ་པོས་ཕོ་བྲང་དུ་གདན་འདྲེན་ཞུས་ནས་ཡབ་སྲས་བློན་འཁོར་དང་བཅས་པའི་དབུ་བླར་གྱུར་པས་འབྲེལ་བ་དམ་ཟབ་ཏུ་གྱུར་པ་ཡིན། གཙུག་ལག་ཁང་གི་གྱང་ངོས་ལྡེབ་རིས་སུ་བླ་མའི་ཐུགས་བཀོད་བཞིན་སྟོན་པ་གཙོ་འཁོར་དང་། འོད་དཔག་མེད་ཀྱི་ཞིང་ཐང་། གུ་རུ་ཞི་དྲག ཐུགས་རྗེ་ཆེན་པོ་བདེ་གཤེགས་འདུས་པ། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་སོགས་དང་། བླ་མ་འདི་ཉིད་སྔོན་སྨོན་ལས་འབྲེལ་གྱིས་ས་སྐྱའི་བདག་ཆེན་ཀུན་དགའ་བློ་གྲོས་དང་མཇལ་ཏེ་དཔལ་ལྡན་ས་སྐྱ་པའི་ལུགས་ཀྱི་དབང་ཁྲིད་གདམས་ངག་མང་པོ་མནོས་པས། ས་ལུགས་ཀྱི་ཀྱཻ་རྡོར་ལྷ་དགུ། གུར་མགོན་སོགས་ཀྱང་ཞིབ་རྒྱས་སུ་གྱང་ལྷར་བཀོད་དོ། །
གཉིས་པ་གདན་རབས་རིམ་བྱོན་དང་། མཁན་རབས་རིམ་བྱོན། སྦས་པའི་བརྟུལ་ཞུགས་འཛིན་པ་བསྟན་འཛིན་གྱི་སྐྱེས་བུ་གཞན་ཇི་ལྟར་བྱོན་ཚུལ། དང་པོ་ནི།
གདན་རབས་དང་པོ།
གྲུབ་བརྙེས་རིག་པ་འཛིན་པ་ཀཿཔདྨ་ཆོས་ལྡན་ནི། འབྲི་རྫ་ཟལ་མོ་སྒང་གི་སའི་ཆར་གཏོགས་རྫ་ཆུ་སྔོན་མོ་དལ་གྱིས་འབབས་པའི་གཡས་ཞོལ་རིན་པོ་ཆེ་མཚལ་གྱིས་གཏམས་པའི་ཕྱག་ཚའི་ཡུལ་སྐྱོང་ཟོ་དོར་མཚལ་དེའུ་ཞེས་པའི་རིའི་ཉེ་ལོགས་སུ་ཡབ་ཀཿཐོག་ཚེ་དབང་དང་། མ་ཡུམ་མཁའ་འགྲོའི་མཚན་རྟགས་ལྡན་པ་དཀར་མོ་གཉིས་ཀྱི་སྲས་སུ་འཁྲུངས། ཞག་བདུན་གྱི་ཐོ་རེངས་ལ་བུ་དེས་སྤྱན་ཧུ་རེ་ནམ་མཁར་གཟིགས་ནས་ཞལ་ནས་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་བརྗོད། རྗེ་དབོན་ཚང་དང་བདག་ཆེན་ཀུན་དགའ་བློ་གྲོས་སོགས་མཇལ་ནས་བུམ་པ་གང་བྱོས་ཀྱི་ཚུལ་དུ་རྟོགས་པའི་ས་ལམ་བརྙེས། ཆོས་བརྒྱད་རེ་དོགས་ཀུན་ཡོངས་སུ་བྲལ་ཏེ་སྦས་པའི་ཚུལ་གྱིས་སྐལ་ལྡན་གྱི་སློབ་མ་ཉུང་ཤོས་ཤིག་ལ་རྫོགས་སྐོར་འབའ་ཞིག་བཀའ་ཁྲིད་དང་ཁྲིད་སྦྱང་གནང་ནས་བུ་སློབ་ལྷོ་བ་རྟོགས་ལྡན་དང་ཨ་དོར་པདྨ་སྦྱིན་པ། པདྨ་བརྩོན་འགྲུས་སོགས་བསྐྱངས། ཉིན་ཞིག་མཛོ་མོ་དཀར་མོ་ཞིག་ལག་རྡོས་མགོ་ལ་ཕོགས་ནས་ཤི དེ་ལ་སྙིང་རྗེ་དང་འགྱོད་པ་དྲག་པོ་བྱས། མཛོ་མོ་དེའི་རྭ་དང་ཀོ་བ་ཐོགས་ནས། རྒན་བུ་ཚེ་རིང་འཕེལ་ཟེར་བ་རོགས་ལ་བཅོལ་ནས་རྭ་དེས་ས་རྐོས་ཀོ་བ་ལ་སྣོད་བྱས་ཏེ་ཕུག་པ་གྲུས་པས་ཞག་ཉི་ཤུ་ལ་སྒྲུབ་ཕུག་ལེགས་པོ་ཞིག་ཐོན། ཕུག་པ་དེར་སྒྲུབ་པ་ལ་བཞུགས། གསོལ་ཇ་སྡུམ་གཅིག ཇ་ནག་སྡེར་གང་། དེའི་མཚོན་པའི་མཚམས་རྒྱགས་ལས་མེད་ཀྱང་དཀའ་སྤྱད་དང་སྙིང་རུས་ཀྱིས་ལོ་དགུའི་བར་དུ་གཞན་གྱི་གཏམ་ལན་ལའང་གསུམ་ལས་མ་སྨྲས། དཀོན་མཆོག་སྤྱི་འདུས་ཡི་དམ་བྱས་ནས་སིདྡྷི་དུང་ཕྱུར་ལྔ་བཏོན་ནས་ཧོར་ཟླ་དྲུག་པའི་ཚེས་བཅུ་ཡི་ཉི་ཤར་ལ་ཉི་མའི་ཟེར་མདངས་དང་འགྲོགས་ནས་ཨོ་རྒྱན་རིན་པོ་ཆེའི་ཞལ་གཟིགས་ནས་དབང་བཞི་བླངས། ཕྱིས་སུ་རྫོགས་ཆེན་རིན་པོ་ཆེས་གསོལ་བ་བཏབས་པ་ལྟར་རྫོགས་ཆེན་དུ་ཕེབས་པ་དང་། ལོ་འདི་ལ་ཆོས་ཐུན་དང་གདམས་ཁྲིད་གང་འཚམ་རེ་གསུངས། ཕྱི་ལོར་དཔོན་སློབ་གཉིས་རྫོགས་སྤྲུལ་གཟིམ་དཀྱིལ་དུ་ལོ་གཅིག་ལ་བཅད་རྒྱ་བྱས། སྐུ་མཚམས་གྲོལ་བའི་དབྱར་ཐོག་གཟིམ་ཁང་གསར་བ་ཞིག་བཞེངས་ནས་བཞུགས་པར་གསོལ་བས། དེ་འདྲའི་འོ་རྒྱལ་གྱིས་ཅི་བྱ། འབུ་སྲིན་ལ་གནོད་པའི་ལས་དེ་མི་རུང་། ང་རང་ཕུ་ཁྲོད་འཛིན་རླུང་ལྷག་སྐྱོབ་ཙམ་གྱིས་ཆོག་པ་ཡིན་གསུངས་བས།
རིན་པོ་ཆེའི་གཙོས་དཔོན་སློབ་བཅུ་སྐོར་སྒྲུབ་གནས་འཚོལ་དུ་དགོན་ཕུ་རུ་བྱོན། པདྨའི་ཐང་དུ་ཕེབས་པར་འདིར་བཞུགས། འདི་ཡན་དུ་སྡོད་སྲོལ་མེད་པར་ཞུས་པས། བླ་མས་སྔོན་གྲུབ་ཐོབ་འགའ་བཞུགས་སྲོལ་ཡོད་པ་འདི་མིན་པ་འདྲ། ད་དུང་འགྲོ་དགོས་གསུངས། ཕེབས་པས་ཚེ་རིང་ལྗོངས་ཀྱི་སྒྲུབ་ཕུག་ཏུ་འབྱོར་བས་འོ་འདི་ཡིན། འདི་ལ་ཚེ་རིང་སྒྲུབ་ཕུག་ཟེར། སྒྲུབ་ཕུག་འདིར་བརྟེན་ན་ཚེ་ཡང་རིང་དུ་འགྲོ་གསུངས། གཏོ་རུ་ཤཱཀྱ་བསྟན་འཛིན་གྱིས་འདི་ན་ཆུ་མེད་ཞུས་པས། ཆུ་ཡ་གི་ན་ཡོད་གསུངས། རྫ་རྡོ་དམར་པོ་རྔམས་ལ་འཐུག་པ་ཤིན་ཏུ་ཆེ་བ་ཞིག་ཡོད་པ་དེ་སྒྲུབ་གཡོག་ལ་སྤོར་དུ་ཆུགས། གསུངས་བཞིན་བྱས་པས། རྡོ་སྒྲོམ་གཏིང་ཟབ་པའི་ནང་དུ་ཆུ་མིག་དྭངས་ཤིང་གཙང་བ་དབྱར་དགུན་མེད་པར་ལོངས་སྤྱོད་པ་ཞིག་བྱུང་བས། འོ་ལེགས་འདི་ནི་སྙིང་པོའི་སྒྲུབ་པ་བྱེད་པའི་གནས་ཆུ་ཤིང་སོགས་དབེན་གནས་ཀྱི་ཡོན་ཏན་མ་ཚང་བ་མེད་པ་དང་། བྱིན་རླབས་ཁྱད་པར་དུ་འཕགས་ཤིག་གདའ་བས་འདིར་འདུག་གསུངས། ལོ་ཤས་བཞུགས་པས་ཉམས་དང་ཏིང་ངེ་འཛིན་ཤུགས་འབྱུང་དུ་སྐྱེས། མཚན་སྙན་གྱིས་ཕྱོགས་ཀུན་ཁྱབ་པས། ས་དབང་སྡེ་དགེ་རྒྱལ་པོ་ཡབ་སྲས་ཀྱིས་ཀྱང་ནན་ཞུས་བགྱིད་དོན་ལྟར་ཕོ་བྲང་དུ་ཕེབས། སྡེ་དགེ་རྒྱལ་པོ་ཡབ་སྲས་ཀྱིས་དབུ་བླར་བཀུར། འབངས་ཐམས་ཅད་བསགས། མ་ཎི་དང་སིདྡྷིའི་ཐུན་ཁ་བཙུགས། ཐང་རྒྱལ་ལྷ་ཁང་དུ་གདན་འདྲེན་དང་རབ་གནས་ཞུས་པས། སྐུ་འདི་ཐང་རྒྱལ་ཉིད་ཀྱི་འདྲ་སྐུ་གསུང་བྱོན་མ་ཡིན་པས་རབ་གནས་མི་འཚལ། བྱིན་རླབས་ཤིག་ཞུ་གསུངས། མ་ནམ་མཁའ་མའི་སྐྱབས་འགྲོ་ཞིག་མཛད་པས། སྐུ་དེའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་བ་ཐག་བརྐྱངས་པ་ལྟ་བུ་བྱུང་ནས་བླ་མའི་ཐུགས་ཀར་ཟུག་པ་ཀུན་ཀྱིས་མཐོང་བས་ངོ་མཚར་ཞིང་དད་པ་བླ་ལྷག་ཏུ་སྐྱེས། ཐང་རྒྱལ་གྱི་རྣམ་སྤྲུལ་ཡིན་པ་ཐེ་མི་ཚོམ་ཞེས་གླེང་། སྡེ་དགེ་ལ་ཟླ་བ་བདུན་ཙམ་བཞུགས་ཆོས་འབྲེལ་ཞུས་པ་ཡང་མང་ཞིག་བྱུང་། ཕྱིར་ཕེབས་རན་པ་ན་རྒྱལ་པོ་ཡབ་སྲས་ཀྱི་འབུལ་བ་ལྟོས་ཆེ་བ་ཞིག་ཕུལ། ཞབས་ཏོག་ཅི་དགོས་བསྒྲུབ་པར་ཁས་བླངས་ཀྱང་། ཁོང་གིས་ང་བྱ་བྲལ་པ་ལ་མཁོ་བྱ་ཅི་ཡང་མེད། འབུལ་བ་འདི་ཚོ་ཁྱེད་རང་རྣམས་ཀྱི་ཕར་ཁྱེར། ད་སྐབས་ཁྲིམས་ཁང་དུ་ཡོད་པའི་མི་འདི་ཚོ་ཐོངས། རི་རྒྱ་ཀླུང་རྒྱ་འཛུགས། རྐུན་ཇག་དང་མི་བསད་མི་ལ་རྒྱུ་རྫས་ཀྱི་ཆད་པ་ལས། སྲོག་ལ་གཏུག་པ། མིག་འགྲུ་བ། ལག་ལྡུམ་སོགས་མ་བྱེད། ལྐོག་ནོར་དང་ངོ་དགའི་ཕྱོགས་སུ་མ་གཏོང་དྲང་པོ་མཛོད་དང་། བརྒྱ་འབུལ་སྟོང་འབུལ་ལས་དེ་དགའ།
ཁྱོད་རང་ལ་ཕན་ཐོགས་པ་ཡིན་གསུངས། སླར་རྫོགས་ཆེན་དགོན་ཕུར་ཕེབས། སྐབས་ཤིག་ཉམས་སྣང་སོགས་ཀྱིས་རྐྱེན་བྱས་ནས་འཁོར་ལོ་བཞེངས་པའི་ཐུགས་འདུན་བྱུང་ནས། དངུལ་ཞོ་ལྔ་ལས་ཆེ་བར་མ་བཞེས་ཀྱང་ས་ཆ་སྟོད་སྨད་བར་གསུམ་ཡོས་འབྲོག་ཐམས་ཅད་ཀྱིས་དད་འདུན་ཤིན་ཏུ་ཆེ་བའི་སྟབས་ཀྱིས་ཟླ་བ་གཅིག་ལ་དངུལ་རྡོ་ཚད་ལ་ལོང་བ་དང་། དར་རས་ཐེར་ཕྲུག་འབྲུ་རིགས་ཐམས་ཅད་སྡོམ་པས་དངུལ་ཚད་ལྔའི་བབ་བྱུང་བ་ལ། འཁོར་ལོ་དང་པོ་དེ་བཞེངས་ནས་རབ་གནས་བཅས་གྲུབ་པ་ན། ཡང་སྔར་བཞིན་གཤིན་གསོན་གྱི་འབུལ་བ་བསགས་པས་འཁོར་ལོ་བར་བ་དེ་བཞེངས། ཡང་ཇ་དངུལ་དད་རྫས་བསགས་པས་འཁོར་ལོ་རྗེས་མ་བཞེངས་གྲུབ་ནས། རིག་འཛིན་འཇིགས་མེད་གླིང་བ་སོགས་ཀྱིས་རབ་གནས་འཐོར་སྐབས་འཁོར་ལོ་དང་པོ་ལས་འོད་ཟེར་དམར་པོ་མེ་འོད་ལྟ་བུ་འཕྲོས། གཉིས་པ་ལས་གསུང་མཆོག་ཡི་གེ་དྲུག་མའི་སྒྲ་རང་བྱུང་དུ་གྲག གསུམ་པ་ལས་འཇའ་འོད་ཁ་དོག་སྣ་ལྔ་ཟུག་པར་ཀུན་ཀྱིས་མཐུན་སྣང་དུ་བྱུང་། གྲུབ་དབང་རྣམ་གཉིས་ཀྱིས་གཟིགས་སྣང་དང་སྙན་ལམ་དུ། འཁོར་ལོ་དང་པོ་མེ་འབར་མའི་འོད་ཟེར་གྱིས་རིགས་དྲུག་གི་གནས་སུ་ཁྱབ། ངན་སོང་གསུམ་གྱི་སྡུག་བསྔལ་ལས་བསྒྲལ་ཏེ་བདེ་འགྲོ་མཐོ་རིས་ཀྱི་ས་ལ་བཀོད། གཉིས་པ་ལས་རང་བྱུང་གི་སྒྲ། འཁོར་ཆེན་འདི་གསུམ་མཐོང་ཐོས་དྲན་རེག་ཕྱག་སྐོར་དང་། དད་གུས་མོས་པས་མཆོད་པ་ཐམས་ཅད་སྒོ་གསུམ་གྱི་སྒྲིབ་པ་ལྷག་མེད་དུ་བྱང་ནས། རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་ཐེ་ཚོམ་མེད། ནད་མུག་མཚོན་འཁྲུག་འབྱུང་བཞིའི་གནོད་པ་དང་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་སོགས་དུས་མིན་གྱི་འཆི་བ་ལས་སྐྱོབ་པར་འགྱུར་ཞེས་ཐོས། གསུམ་པ་འཇའ་ཟུག་མ་ལ། ཆོས་ཀྱི་དབྱིངས་དང་རིགས་ལྔའི་ཞིང་ན་བཞུགས་པའི་རྒྱལ་བ་ཐམས་ཅད་དང་། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པའི་ཐུགས་རྗེའི་བྱིན་རླབས་ཐམས་ཅད་འཁོར་ལོ་ལ་ཐིམ། མཚམས་མེད་པ་ལྔ་བསགས་པའི་སྡིག་ཅན་ཤན་པ་སོགས་ཀྱང་འདི་ལ་འབྲེལ་བ་ཙམ་གྱིས་ངན་སོང་གནས་ལས་ཐར། འཆི་བའི་ཚེ་ན་ལམ་སྣ་དྲངས་ཏེ་འཁོར་བ་དོང་ནས་སྤྲུགས་པར་དགོངས་སོ། ། རྫོགས་ཆེན་པས་འཁོར་ལོ་འདི་གསུམ་རྫོགས་ཆེན་དགོན་དུ་བཞག་པར་ཞུས་པ་བླ་མའི་ཞལ་ནས།ངས་རྫ་རྒྱུད་ཡུལ་མི་རྣམས་འདི་ཕྱིའི་སྐྱབས་གནས་དགེ་འདུན་གྱི་སྡེ་ཞིག་ཚུགས་ན་བསམ་པ་ཡོད་ཀྱང་། ང་རང་ས་མཐར་འཁྱམས་པས་མ་འགྲུབ། རྟེན་འདི་རྣམས་ཁོང་ཚོའི་དད་པའི་རྟེན་དུ་གནང་དགོས་གསུངས་པ་ན། རྫོགས་སྤྲུལ་གསུམ་པས་ཁྱེད་ཀྱི་ཐུགས་བཞེད་དེ་ཁོང་གིས་སྒྲུབ་པར་མཛད་གསུངས། དེ་རྗེས་བླ་མ་ཡར་ཕེབས་རྩིས་ན་སྡེ་དགེ་ཡོན་མཆོད་ཀུན་ཀྱིས་བཤོལ་བཏབ་ཀྱང་དགོངས་པ་མ་གནང་བར་ཞག་བདུན་གྱི་རིང་ཕྱག་ཚ་དགོན་ཐོག་ཏུ་འཁོར་ཆེན་རྣམ་གསུམ་དང་བླ་མ་དང་བཅས་ཕྱག་ཕེབས་འབྱོར། སྡེ་དགོན་ཀུན་ཀྱིས་གཟིམ་ཤག་ཅིག་རྒྱབ་ན་ཞུས་པས་དེ་འདྲའི་དཀའ་ལས་ཀྱིས་ཅི་མཁོ། ང་རང་གི་སྒྲུབ་ཕུག་ཏུ་སྡོད་ཆོག་གསུངས། ཕྱི་ལོར་སྟོན་མགོ་མའི་ཚེས་བརྒྱད་ཉིན་ཞབས་དཀྱིལ་ཀྲུང་དང་ཕྱག་མཉམ་བཞག་བཅས་སྤྱན་ཧ་རེ་ནམ་མཁར་གཟིགས་ནས་ཞལ་ནས་ཨ་ཨ་ཞེས་གསུངས་ནས་ཐ་མའི་གཟུགས་སྐུའི་བཀོད་པ་ཞི་བའི་དབྱིངས་སུ་བསྡུས་སོ། །
མཁན་ཆོས་གྲགས་ཀྱིས་མཛད་པའི་རྣམ་ཐར་ལས་ཅུང་ཟད་ཁོལ་དབྱུང་བྱས་ཀྱང་འདི་ལས་རྒྱས་པར་གཟིགས་འདོད་ན་ཁོང་གི་རྣམ་ཐར་རྒྱས་པ་ལོགས་སུ་བཞུགས་པས་དེར་སྤྱན་རས་གཡོ་བར་ཞུ།
སྐུ་འཁྲུངས་གཉིས་པ་དཔོན་ཚང་སྤྲུལ་སྐུ་ཕྱོགས་ལས་རྣམ་རྒྱལ་ནི། ཡབ་དབང་ཆེན་ནོར་བུ་དང་ཡུམ་པད་བཟང་གཉིས་ཀྱི་སྲས་སུ་འཁྲུངས། དགུ་རོང་རྒྱལ་སྲས་མཆོག་གིས་ཀཿཔདྨ་ཆོས་ལྡན་གྱི་ཡང་སྤྲུལ་དུ་ངོས་འཛིན་གནང་བ་དང་། ཁོང་གིས་འཁོར་ཆེན་རྣམ་གསུམ་གྱི་རྟེན་གཙོ་ནང་སྙིང་བཞུགས་སུ་གསོལ་ནས་བྱང་རྫ་ཆུ་ཁའི་ཡུལ་དུ་སྐད་གྲགས་དང་འགྲོ་དོན་ཆེ་བའི་ཆེས་གསེར་འཁོར་རྒྱ་ཆེ་བ་དང་དཔང་མཐོ་བ་ཞིག་ཀྱང་བཞེངས་ནས་བསྟན་རྒྱུན་གྱི་བྱ་བ་ཕྲག་ཏུ་ཁུར་ནས་བཞུགས་པ་ལགས་སོ། །
གདན་རབས་གཉིས་པ།
མཚམས་པ་རིག་འཛིན་འགྱུར་མེད་གྲགས་པ་ནི་ཕྱག་ཚའི་གཅོད་ཚང་ལ་འཁྲུངས། རྟེན་རབ་ཏུ་བྱུང་ནས་དགོན་པ་དང་གྲྭ་ཚང་གི་སྡེ་བསྐྲུན་པ་སོགས་མཛད། སྐུ་ཚེའི་སྟོད་ཀྱི་ཆར་དགོན་པའི་རྒྱབ་རིའི་རི་ཁྲོད་ངོས་སུ་སྤྱོད་ལམ་བཞི་ཤོང་གི་གཟིམ་ཤག་ལས་པ་དང་ཆུ་གཏེར་བླངས་ནས་གནས་དེར་སྒྲུབ་པ་ཉམས་ལེན་ལ་བརྩོན། སྐུ་ཚེའི་བར་ལམ་ནས་ལྷ་དང་བླ་མའི་ལུང་བཞིན་འགྲོ་བ་གྲངས་མེད་ཅིག་ཐར་ལམ་ལ་བཀོད་ཆེད་མ་ཎིའི་རྡོ་ཁ་ཆེན་པོ་ཞིག་བཞེངས། དགོན་པའི་གཡོན་གྱི་ལུང་བ་དེ་གནའ་འདྲེ་ལུང་ཞེས་འབོད་ཀྱང་། མཚམས་པ་འགྱུར་མེད་གྲགས་པས་མ་ཎིའི་རྡོ་ལེན་སར་དེ་ཡིན་པས་ད་ལྟ་ཆོས་ལུང་ཞེས་པའི་ཐ་སྙད་འདི་ཆགས་སོ། ། རྡོ་དེ་དག་གཞན་དང་མི་འདྲ་བར་ཧྲེ་ལོག་ལོག་རྐྱང་རྐྱང་ཡིན་ལ་དེང་སང་ཡང་མ་ཎིའི་རྡོ་མཁར་ནང་རེ་ཟུང་མཇལ་རྒྱུ་འདུག རྗེས་ནས་ཆོས་ལུང་ནང་རྡོ་དེ་དག་གཅིག་ཀྱང་མཐོང་རྒྱུ་མེད་པས་གཏེར་ནས་བཞེས་པ་རེད་ཅེས་གླེང་སློང་བྱུང་། རྫ་ཆུ་ཁའི་ཡུལ་ལུང་ཕལ་ཆེ་བ་ཞིག་གིས་མ་ཎིའི་རྡོ་ཡོན་ཡང་འདིར་བཞག་སྲོལ་ཡོད། འགྱུར་གྲགས་མ་ཎིའམ་ཕྱག་ཚའི་མ་ཎིའི་རྡོ་མཁར་རིང་མོ་ཞེས་ཀྱང་ཆགས། མ་ཎི་ཚར་རེར་དཀྱིལ་མཐོ་གང་རེ་དང་ཡོན་ཚད་དངུལ་སྒོར་རེ། ཕྱོགས་སོ་སོས་དད་ལྡན་རྣམས་ཀྱིས་རྡོ་ཡོན་ལ་རྟ་ནོར་ལུག་གསུམ་སོགས་ཕུལ་བས། དགོན་པའི་རྒྱབ་རིའི་ངོས་སུ་གང་ལ་ཁད་ཅིག་བྱུང་བ་དེ་དག་ཁོང་གིས་སྡིག་དང་འདྲེས་མི་བཅུག་པར་ཆོས་མཐུན་གྱིས་མ་ཎི་རྡོ་བརྐོས་པ་རྣམས་ལ་ཕུལ། ཞོར་དུ་མཆོད་རྟེན་དམར་ར་མ་ཞེས་གཟུངས་གཞུག་ཚད་དང་ལྡན་པ་བུམ་ལྟོ་མན་ལྷ་ཁང་གྲུབ་པ་ཉེར་ལྔ་ཚེས་བཅུའི་དུས་དགེ་འདུན་བཞི་ལྡན་གྱིས་ཆག་མེད་ཚོགས་མཆོད་འབུལ་བ་དང་། རྒྱུན་ལྡན་ལྷ་གཉེར་གྱིས་མཆོད་པ་འབུལ་བའི་མཐུན་རྐྱེན་ཡང་བསྐྲུན་ནས་ཧ་ཅང་བྱིན་ཅན་ཞིག་ཀྱང་བཞེངས།ཉ་སྟོང་གི་དུས་སུ་བླ་མ་ཚང་མ་ཎིའི་རྡོ་མཁར་དེར་སྐོར་བ་རེ་བྱོན་སྲོལ་ཡོད། ཉིན་ཞིག་བུད་མེད་ཅིག་གིས་མགོར་སྤོས་ཤེལ་ཧ་ཅང་ཆེ་ཞིང་མདོག་ལེགས་པ་ཞིག་བཏགས་པ་དེར་ཁོང་གིས་དེ་འདྲ་ལེགས་པོ་བསམ་ནས་ཅུང་ཟད་རློམ་སེམས་སྐྱེས་སྟངས་བས། ཕྱི་ཉིན་ནངས་མོར་བུད་མེད་དེ་གློ་བུར་མགོ་ནང་གཟེར་ཞིག་རྒྱབས་ནས་ཤི་སོང་བླ་མའི་དྲུང་དུ་བསྔོ་རྟེན་ལ་སྤོས་ཤེལ་དེ་བཞག་པས། དེ་མ་ཐག་ཁོང་གིས་ཐུགས་སྣང་ལ་ཁ་སང་རློམ་སེམས་སྐྱེས་པ་དེ་མ་བཟང་དགོངས་ནས་དེ་ཕྱིན་མི་མང་དང་ལྷན་སྐོར་བ་གཅིག་ཀྱང་འབྱོན་སྲོལ་མེད་པར་གྲག ཉིན་ཞིག་དབྱར་གནས་ལྗོངས་རྒྱུའི་དུས་རྒྱ་ཆེན་གཞན་ཕན་གྱིས་འཆམ་དཔོན་གྱི་ཚུལ་བྱས་པ་དང་དགེ་འདུན་པ་ཡོངས་ཀྱིས་གདིང་བ་ལག་ཏུ་བཟུང་སྟེ་རྩེད་མོའི་ཚུལ་གྱིས་འཆམ་སྟངས་མཛད་པར་རི་ཁྲོད་ནས་བླ་མས་གཟིགས་ཏེ། དེ་རིང་དབྱར་གནས་པའི་གྲྭ་པ་རྣམས་ཀྱིས་ཅི་མཛད་ཀི་འདུག་ཉེ་གནས་ལ་གསུངས་ཚེ་ཁོང་ཚོས་རྩེད་མོའི་ཚུལ་ཚེས་བཅུ་འཆམ་འདུག་ཞུས་འཕྲལ་ཧ་ཅང་ཐུགས་དགྱེས་ནས་རྟེན་འབྲེལ་ཡག་སོང་། ད་ཚེས་བཅུ་གར་འཆམ་བཞེང་དགོས་གསུང་ནས་ཕྱག་ཚའི་ཚེས་བཅུ་གར་འཆམ་ཆེན་མོ་ཞེས་གྲགས་པར་བླ་མ་འདིས་ཕྱག་སྲོལ་བཏབ། དེ་ལྟར་སྐུ་ཚེ་གང་བོར་གཉོམ་ཆུང་ཚུལ་མཐུན་གྱིས་བསྟན་འགྲོར་སྨན་པའི་མཛད་འཕྲིན་འབའ་ཞིག་བསྒྲུབས་ནས་མཐར་རི་ཁྲོད་དུ་སྐུ་མྱ་ངན་ལས་འདས་སོ། །
གདན་རབས་གསུམ་པ།
རྫོགས་ཆེན་རིན་པོ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ཆེད་དུ་འདིར་དགོན་ལ་བཀའ་དྲིན་བསྐྱངས་ཏེ་མཁན་པོ་ཐུབ་བསྟན་ཆོས་འཕེལ་ཞེས་པ་དགོན་དཔོན་དུ་གནང་། དམ་པ་ཁོང་ནི་གདན་ས་རང་ནས་དཔལ་སྤྲུལ་སེམས་དཔའ་ཆེན་པོ་དང་རྫོགས་སྤྲུལ་ལྔ་བ་སོགས་ཡོངས་ཀྱི་དགེ་བའི་བཤེས་གཉེན་དམ་པ་རྣམས་བསྟེན་ནས་མཁས་པའི་གོ་སར་བསྙེགས། འདིར་ཕེབས་རྗེས་བསྟན་པ་སྤྱི་དང་བྱེ་བྲག་ལ་སྨན་པའི་མཛད་པ་བླ་མེད་བསྐྱངས་ཏེ་སྐུ་ཞིང་དུ་རྗེས་སོ། །
གདན་རབས་བཞི་བ།
ཕྱག་ཚ་མཆོག་སྤྲུལ་པདྨ་ཐུབ་བསྟན་རིག་པའི་རྡོ་རྗེ་ནི། མགོ་ལོག་ཨ་སྐྱོང་གི་ར་ལོའི་སྡེ་བ་རུ་ཕ་ཡབ་འབྲོང་བན་དེ་དང་མ་ཡུམ་མཛངས་མའི་ཡོན་ཏན་གྱིས་ཕྱུག་པ་དགེ་བཤེས་སྲིང་ཆུང་གཉིས་ཀྱི་སྲས་སུ་འཁྲུངས། རྫོགས་ཆེན་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་མཆོག་མགོ་ལོག་གི་ཕྱོགས་སུ་དབྱར་ཐོག་གདུལ་བྱ་ཕེབས་ཞོར་དུ་མཚམས་པ་བླ་མ་རིག་འཛིན་འགྱུར་མེད་གྲགས་པའི་སྐྱེ་ཕྲེང་གཉིས་པ་ངོས་འཛིན་བྱས་ནས་དགོན་ལ་གནང་། རྟེན་སྔགས་འཆང་གི་ཚུལ་བཟུང་སྟེ། གྲུབ་ཐོབ་ཀྱི་སྤྱོད་པ་ལྷུར་མཛད་དེ་ཟག་མེད་མཁྱེན་པའི་ཀློང་ལས་དགོངས་པ་ཐོར་བྱུང་དུ་གསུངས་པ་དང་། གྲུབ་རྟགས་མངོན་གྱུར་བསྟན་པ་སོགས་ཡིན་པར་གྲག་སྟེ། ཉིན་ཞིག་སྐུ་འཁོར་བཅས་འབྲུ་ཆུ་བརྒྱུད་ནས་དབུས་ལྷ་ལྡན་དུ་ཕེབས་སྐབས་འབྲུ་ཆུ་ཧ་ཅང་དཀྲིགས་ནས་གྲུ་ཚུགས་སུ་མགྲོན་པོ་ཆེས་མང་པོ་ཞིག་ཉིན་ཞག་དུ་མར་ལྷག་འདུག མཆོག་སྤྲུལ་རིན་པོ་ཆེ་ཡང་དེར་ཕེབས་པ་ན་གློ་བུར་དུ་གྲུ་པ་བོས་ནས་ཁོང་སྐུ་འཁོར་ད་ལྟ་འབྲུ་ཆུའི་ཕ་རོལ་ཏུ་སྐྱོལ་གསུངས་སྐབས། གྲུ་པ་ན་རེ་ཅི་འདྲའི་བན་ཧོར་སྟོང་ཧོབ་ཅན་ཞིག་འདི་ན་ཉིན་ཞག་དུ་མའི་སྔོན་དུ་མགྲོན་པོ་རྣམས་ཀྱང་ཆུའི་ཕ་རོལ་ཕྱིན་པར་འདོད་ཀྱང་ད་བར་ལུས་སོང་རེད། ཁྱོད་ད་ལྟ་ཐོན་ནས་ད་ལྟ་ཅིའི་ཕྱིར་བགྲོད་ཐུབ་པ་རེད། གལ་ཏེ་མགྱོགས་མྱུར་འགྲོ་འདོད་ཚེ་ཆུ་ཆུང་དུ་ཆུག་དང་སྔོན་མ་ནས་ཁྱོད་ཕ་རོལ་ཏུ་སྐྱེལ་ཆོག་ཟེར། མཆོག་སྤྲུལ་རིན་པོ་ཆེས་དེ་དང་དུ་བླངས་ནས་དེ་ནུབ་ཆོས་སྐྱོང་ལ་འཕྲིན་བཅོལ་དང་འབྲུ་ཆུའི་ནང་དུ་ཕྱག་ནས་གཏོར་ཏེ་དེར་གཟིམ་མོ། །ནངས་མོ་འབྲུ་ཆུ་ཇེ་ཆུང་སོང་ནས་གཏིང་རུམ་གྱི་རྡོ་དག་ཀྱང་མཐོང་ཐུབ་པ་ཞིག་གྱུར་སྐབས་མགྲོན་པོ་ཚང་མ་དགའ་སྤྲོས་གང་ནས་འབྲུ་ཆུའི་ཕ་རོལ་བདེ་བླག་ཏུ་སྐྱེལ་ཐུབ་པ་བྱུང་། མགྲོན་མང་གིས་འཚང་ག་ཤིག་ཤིག་གིས་མཆོག་སྤྲུལ་ཁོང་ལ་དགའ་དད་ངང་མཇལ་ཁ་དང་ཕྱག་དབང་ཞུས་ཀྱང་ཡུན་རིང་མ་བཞུགས་པར་ལམ་ལ་ཆེས། ཡང་ཨ་སེའི་དཔལ་བློའི་ཕ་རྒན་བསོད་ནམས་ཞེས་པ་ཚེ་ལས་འདས་པ་ན་འཕོ་འདེབས་བླ་མ་རབ་ཡིན་ན་གླང་ཡག་དཔལ་འབྱོར་གྲགས་པ་གདན་ཐུབ་དགོས། གལ་ཏེ་མ་ཐུབ་ན་ནོར་གླིང་སྤྲུལ་སྐུ་དེའང་མ་ཐུབ་ན་སྡུག་ཐུག་ཚེ་ཕྱག་ཚ་སྤྲུལ་སྐུ་དྲོངས་ཤོག་དང་ཁོམ་ལོང་མེད་ཤས་ཆེ་ལྕི་བ་ལས་རྒྱུ་ཆུར་ཁུ་གཟགས་རྒྱུ་སོགས་དགོས་རེད་ཟེར་ནས་གདན་དྲང་བར་མངགས། རིམ་བཞིན་སྤྲུལ་སྐུ་རྣམ་གཉིས་ཐུགས་ཁོམ་མེད་པས་མཐར་ཕྱག་ཚ་སྤྲུལ་སྐུའི་དྲུང་དུ་བཅར་བ་ན། ཡ་དཔལ་བློས་གང་ཟེར་ཁུ་རབ་ཡིན་ན་གླང་ཡག་སྤྲུལ་སྐུ་འབྲིང་ཡིན་ན་ནོར་གླིང་སྤྲུལ་སྐུ་དེ་གཉིས་གདན་མ་ཐུབ་ཚེ་སྡུག་ཐུག་ན་ཕྱག་ཚ་སྤྲུལ་སྐུ་ང་དྲོངས་ཤོག་ཟེར་རམ་གསུངས་ནས་ཐད་ཀར་དགོངས་པའི་ཀློང་ནས་བརྡོལ་ཚེ་གདན་འདྲེན་པ་པོ་མགོ་བོ་གུག་ནས་དེ་ལྟར་ཟེར་གྱིན་འདུག་ཞུས་འཕྲལ། ཞལ་ངོ་འཛུམ་གྱིས་གང་ནས་ད་འགྲོ་གསུངས་ནས་རྟ་གོང་བུད་དེ་ཨ་སེའི་ནང་དུ་ཕེབས་ཏེ་གཤིན་པོ་ལ་འཕོ་བ་བཏབ་ནས་སྐྲ་རྟགས་ལག་མཐིལ་ཙམ་ཞིག་བླངས་སོ། །
ཡང་ཉིན་ཞིག་མདན་ཁོག་ལ་ནས་ལྡོམ་ཕེབས་ཞོར་ཨ་སེའི་ནང་མཁན་པོ་ཆོས་གྲགས་ཀྱི་ཞང་པོ་ཚུལ་བློ་ཡིས་གདན་དྲངས། མཁན་པོ་ཆོས་གྲགས་སྐུ་ན་ཆུང་ཆུང་སྐབས་གུར་མཐའ་ནས་ཕག་བལྟས་བྱས་ཚེ་སྤྲུལ་སྐུས་སྣ་ར་སྤྲུག་ནས་སྣ་ཐ་འཐེན་པའི་སྟ་གོན་མཛད་དུས། མཁན་པོ་ཆོས་གྲགས་ཁོང་གི་ཐུགས་བསམ་ལ་ཅི་འདྲའི་མཚར་བོ་ཞིག་ཁ་མི་རྒྱག་མདན་མ་ཆུ་བཞི་སྒང་དྲུག་ལ་འགྲོ། སྣ་མི་རྒྱག་སྣ་ཐ་གང་རེ་འཐེན་བསམ་ཚེ་སྣ་ཐ་འཐེན་མཚམས་བཞག་སྟེ། ཁོང་གི་བསམ་ཚུལ་དེ་དེ་མ་ཐག་མཁྱེན་ནས། ངོ་མ་ཞི་ལུ་ལུས་བདེན། ཁ་མི་རྒྱག་མདན་མ་ཆུ་བཞི་སྒང་དྲུག་ལ་འགྲོ་ནི་རེད། སྣ་མི་རྒྱག་སྣ་ཐ་གང་རེ་འཐེན་ནི་རེད་གསུངས་ནས་བཞད་མོ་དྲག་ཏུ་མཛད། རྗེས་ནས་ཞང་པོ་ཚུལ་བློས་ཕྱག་ཚ་སྤྲུལ་སྐུ་ཞེས་པ་གཞན་དང་མི་འདྲ་བའི་དམ་པའི་སྐྱེས་ཆེན་ཡིན་ནི་རེད་ཟེར་ནས་ཚ་བུ་ཆོས་གྲགས་ལ་བཀའ་བཀྱོན་ཚ་དྲག་པར་བྱས། སྐུ་ཚེའི་སྨད་ཙམ་ནས་ཕྱག་ཚ་དཔོན་བློན་དང་ཅུང་ཟད་འགལ་བ་བྱུང་ནས་འབར་ཆུང་སྤྲུལ་སྐུ་དང་སྐུ་ཡུལ་གཅིག་ཡིན་སྟབས་འབར་ཆུང་ནང་ལོ་འཁོར་བཅུ་ཕྲག་གཅིག་ཡས་མས་དེར་བཞུགས་སོ། །
འདིའི་མཚམས་ནས་བསྟན་དགོན་གྱི་འགན་བླ་མ་ཀུན་རྡོར་གྱིས་འགན་བཞེས། ཁོང་གི་སྐུ་རིང་ནས་རིམ་གྱིས་གེ་སར་གར་འཆམ་ཆེས་ཆེར་དར་བར་གྱུར། སྤྱིར་མདོ་ཁམས་འདིར་གེ་སར་གར་འཆམ་གྱི་ཐོག་མའི་འབྱུང་ཁུངས་ནི་རྫོགས་སྤྲུལ་ལྔ་བ་རིན་པོ་ཆེའི་དག་སྣང་ཡེ་ཤེས་ཀྱི་རྩལ་ནས་བྱུང་བའི་གར་འཆམ་དེ་ཡིན་པར་གེ་སར་ཞིབ་འཇུག་པ་ཚོས་ལོ་རྒྱུས་ཀྱི་གླེགས་བམ་ཁྲོད་དུ་བཀོད་པ་ལྟར་ལགས། རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་ཨོ་རྒྱན་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་མཆོག་དགུང་གྲངས་བདུན་བརྒྱད་ཡས་མས་ཏེ། ཕྱི་ལོ་༡༩༤༢ ལོར་འདི་གའི་དགོན་དཔོན་ཀུན་རྡོར་མཆོག་རྫོགས་ཆེན་ལ་ཆེད་ཕེབས་སྐབས་ཤིག་རིན་པོ་ཆེ་ལ་ཕྱག་ཚ་དགོན་གྱིས་ཀྱང་གེ་སར་གར་འཆམ་རེ་བ་ཡོད་ཚུལ་ཞུས་མཐར་རིན་པོ་ཆེ་མཆོག་ཐུགས་དགྱེས་ཏེ། ཕྱིས་འབྱུང་དགོན་དེར་གེ་སར་གར་འཆམ་འཛུགས་ཐུབ་དགོས་པར་བཀས་གནང་། སླར་ཡང་གསོལ་བ་འདེབས་རྒྱུར་ཐོག་མཐའི་བྱ་བ་ཀུན་ལ་བར་ཆད་མེད་པ་དང་སྐྱབས་འཇུག་ཡོད་པར་མཁྱེན་ཞུས་ཚེ། གར་འཆམ་གསར་འཛུགས་ཀྱི་བྱ་བར་མི་མཐུན་པ་གཡུལ་ལས་རྒྱལ་བའི་རྟེན་འབྲེལ་དུ་མཚན་ལ་ཀུན་བཟང་རྣམ་རྒྱལ་ཞེས་མིང་གི་ཅོད་པན་བསྩལ། དེ་རྗེས་ཕྱི་ལོ་༡༩༤༢ ལོར་གེ་སར་ཞལ་འབག་ནི་སྤྲུལ་པའི་ལྷ་བཟོ་གྲགས་པའི་དགོན་དཔོན་ཀུན་རྡོར་རམ་བླ་མ་ཀུན་རྣམ་གྱིས་བཅས་ཏེ། ལོ་དེར་གེ་སར་གར་འཆམ་གྱི་ཐོག་མའི་དབུ་གསར་དུ་ཚུགས། རིམ་གྱིས་བླ་མ་ཨ་གཅེས་ཀྱིས་ཀྱང་ཉམས་སྣང་དང་རྨི་ལམ་གྱིས་རྐྱེན་བྱས་ནས་གླིང་དཀར་ཕུ་ནུ་འགའ་ཁོང་རང་གིས་བཞེངས་པ་དང་གཞན་ལའང་བཞེངས་བཅུག་པར་བསྐུལ་མ་བྱས། ཞལ་འབག་ཕལ་ཆེར་དགོན་དཔོན་ཉིད་ཀྱིས་བཅས། གར་འཆམ་སློབ་ཁྲིད་མཁན་པདྨ་དངོས་གྲུབ་ཅེས་པ་རྫོགས་ཆེན་རིན་པོ་ཆེས་ཆེད་མངགས་འདིར་དགོན་ལ་བཀའ་དྲིན་བསྐྱངས་ཏེ། ཕུ་ནུ་སུམ་ཅུའི་གར་འཆམ་ལེགས་པོར་བྱུང་ངོ་། །
སྤྱིར་ཕྱག་ཚ་སྤྲུལ་སྐུའི་སྐུ་ཚེའི་སྟོད་དམར་ཟས་བཞེས་ཀྱང་ནུབ་གཅིག་གཟིམ་ལམ་དུ་ཨ་མྱེ་རྨ་ཆེན་གྱི་ཞལ་གཟིགས་ནས་ད་ཕན་ཁྱོད་ཀྱིས་དམར་ཟས་སྤོང་ཐུབ་ན་གཡག་དཀར་པོ་འདི་ཁྱོད་ལ་སྦྱིན་གསུངས་པའི་ཉམས་སྣང་བྱུང་། ཕྱི་ཉིན་ནས་དམར་ཟས་གཏན་དུ་མི་བཞེས་པར་དམ་བཅས་སོ། །
ལོ་ཕྱི་མའི་ནང་བླ་བྲང་ཚང་ལ་བེའུ་དཀར་པོ་རྐྱང་རྐྱང་སྐྱེས་པའི་རྟགས་ཡ་མཚན་ཡང་བྱུང་། བར་ལམ་རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་དྲུག་པས་ནང་འདུམ་གྱི་གྲོས་ཀ་གནང་སྟེ་ཕྱག་ཚ་མཆོག་སྤྲུལ་རང་ཡུལ་དུ་ཕེབས་ནས་དམ་སེལ་གསོ་ཆེད་ཉིན་བདུན་གྱི་རིང་ཡིག་བརྒྱ་འཚོགས་པ་དང་། ཚེས་བཅུའི་གར་འཆམ་གྱི་དབུ་བཞུགས་རྫོགས་ཆེན་རིན་པོ་ཆེ་དང་ནོར་གླིང་སྤྲུལ་སྐུ་ཕྱག་ཚ་སྤྲུལ་སྐུ་བཅས་བཞུགས་ནས་གླིང་འཆམ་གྱི་ཞལ་འབག་རྣམས་ལའང་རབ་གནས་འཐོར། དེ་ནས་ཡུན་མི་རིང་བར་རིག་གསར་གྱི་མགོ་བཟུང་སྟེ། ས་ཕག་ལོར་མ་ཆུ་རྡོ་རའི་ནང་དུ་དགུ་ཆེན་འཚོགས་ནས་མཆོག་སྤྲུལ་རིན་པོ་ཆེའི་དབུ་བཞུགས་ཀྱང་གནང་། ལམ་ལུང་གཡག་སྙིང་ནས་ཕྱག་ཚ་སྤྲུལ་སྐུས་མ་ཎིའི་ཆོས་ཚོགས་ཤིག་འཚོགས་ནས་འདུས་པ་ཐ་མ་ལ་དགོངས་ཏེ། ཚང་མ་ལ་གསུངས་རྒྱུར་ཡར་མར་མ་འབྲོས་བྲོས་ནས་ཐར་ས་ཞིག་ཡོད་མ་རེད་དཀོན་མཆོག་གསུམ་ལ་གསོལ་བ་ཐོབ། ང་ཚོའི་ས་ལམ་ལ་བར་ཆད་མེད་པར་ཤོག ངའི་སྐྱེ་བ་འདིའི་ཐོག་བསྟན་དགོན་ལ་ཞབས་ཞུ་འགྲུབ་པ་ཞིག་མ་ཡོང་རུང་། སྐྱེ་བ་ཕྱི་མས་བསྟན་དགོན་ལ་ཕན་ངེས་ཅན་ཞིག་ཡོང་བར་སྨོན་ལམ་འདེབས་བཞིན་ཡོད་གསུངས་ནས་ཆོས་ཚོགས་མ་གྲོལ་སྔོན་ཉིན་གུང་ཙམ་ཞིག་ནས་རྐྱེན་གཞན་ལ་བརྟེན་པའི་ཚུལ་མཛད་ནས་གཟུགས་སྐུའི་བཀོད་པ་བསྡུས་སོ། །
གདན་རབས་ལྔ་བ།
མཁན་རབས་བཅུ་གཅིག་པ་མཁན་རྒན་དགོན་པ་སྐྱབས་ནི། བོད་ལྕགས་སྤྲེལ་ལོ་དང་ཕྱི་ལོ་༡༩༢༠ ལོར། དགེ་རྩེ་རྫ་ཆུ་ཁའི་བྱེ་བྲག་ཕྱག་ཚ་སྡེ་བ་ཞེས་པའི་ཡབ་ས་རོང་གསང་སྔགས་དང་མ་ཡུམ་ཧོར་ཚའི་འཇིགས་སྒྲོན་གཉིས་ཀྱི་སྲས་སུ་འཁྲུངས། སྤྱི་ཡོངས་ཀྱི་བསྟན་པར་ཁོང་གིས་གཙོ་གཟིགས་དང་ཕྱག་རོགས་མཁན་དུང་ཁོས་ཀྱང་གཟིགས་རྟོགས་བྱས། ཁོང་རྣམ་གཉིས་ནི་སྐུ་མཆེད་ཀྱང་ཡིན། མཁན་པོ་དགོན་པ་སྐྱབས་ནི་རྫོགས་ཆེན་ཤྲཱི་སེང་ལ་ཕེབས་ནས་ཨ་བུ་ལྷ་སྒང་ངམ་པདྨ་ཐེག་མཆོག་བློ་ལྡན་གྱི་མདུན་ནས་རྫོགས་ཁྲིད་སྐོར་གསན་བཞེས་དང་། སྐུ་ཚེའི་སྨད་ཙམ་མ་གཏོགས་ཞོན་རྟ་སྤངས་བས་འདི་ནས་རྫ་སྟོད་ལྕང་མ་རི་ཁྲོད་དུ་ཞབས་ཐང་ཕེབས་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་པཱ་ཐུར་མཁན་ཆེན་ཐུབ་དགའ་ཡིད་བཞིན་ནོར་བུ་ལ་མཉེས་པ་གསུམ་གྱིས་བསྟེན་ནས་གཟིམ་ཤག་གི་དོད་ཐུབ་ས་དོང་ཞིག་བརྐོས་ནས་ཁ་འགེབས་རེ་ལྡེའི་ཐགས་རིས་ཅུང་ཟད་ཅིག་གིས་བཀབ་ནས་དེའི་ནང་དུ་བཞུགས་པ་དང་། ཞོ་ཅུང་ཟད་རེས་བཟའ་བཅའ་བྱས་ནས་ལོ་དུ་མར་ཆོས་ཕྱིར་དཀའ་བ་སྤྱད་ནས་བཞུགས་པས་མཁས་པའི་གོ་སར་ཐོབ་ནས་རི་ཁྲོད་དེར་བཙུན་པའི་ཚད་གླེང་བར་གྲགས། རང་དགོན་དུ་ལས་ཐོག་མཁན་པོའི་འགན་ཡང་བཞེས་སོ། །
བསྟན་པ་ཡང་དར་གྱི་སྐབས་དགོན་འདིར་མཛད་རྗེས་རི་བོའི་ལྟོས་དང་ལྷུན་པོའི་བང་རིམ་ལ་མཉམ་པ་ཞིག་བཞག དུས་འགྱུར་གྱི་ཁྲོད་དུ་ཡུན་རིང་ཆད་པའི་ཚོགས་དུས་མཆོད་སོགས་རྨང་ནས་གསོས་ཏེ། ལོ་རེར་བོད་ཟླ་དང་པོའི་ཆོ་འཕྲུལ་ཟླ་བའི་ནང་དུ་ནང་སྒྲུབ་རིག་འཛིན་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་བུམ་སྒྲུབ་ཉིན་བདུན་དང་། ཞིང་ཁྲིད་ཉིན་གསུམ། དཔྱིད་ཟླ་ཐ་མའི་ཚེས་གཅིག་ནས་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་སྟེང་ནས་འབུམ་ལྔ་བསག་སྦྱང་མཛད་ནས་ཀུན་བཟང་བླ་མའི་ཞལ་ལུང་གི་སྟེང་ནས་ཁྲིད་སྦྱང་ཉིན་བཅོ་ལྔ་དང་། བོད་ཟླ་བཞི་བ་ས་ག་ཟླ་བའི་ནང་སྨིན་གླིང་རྡོར་སེམས་ཀྱི་ཆོ་གའི་སྟེང་ནས་ཉིན་བདུན་འཚོགས་ཏེ་ཁོང་གིས་གསུངས་རྒྱུར་དེ་སྔོན་ཡན་དུས་འགྱུར་ནང་རང་གཞན་ཚང་མས་དམ་ཚིག་ཉམས་ཆགས་མང་པོ་ཤོར་ཡོད་རྒྱུ་རེད།དེ་བཤགས་སྦྱང་ཆེད་ཡིན་གསུངས་ནས་བཙུགས། བོད་ཟླ་ལྔ་བའི་ནང་སྡེ་དགོན་ཟུང་གི་སྤྱི་སྲུང་ལ་ཕུར་སྒྲུབ། རྡོར་སེམས། འཁྲུགས་བཅོས། བསམ་ལྷུན་མཆོད་ཆོག འཛམ་གླིང་སྤྱི་བསང་རྣམས་སྒྲུབ་ཁག་སོ་སོ་ཉིན་བདུན་གྱི་རིང་དང་། དེ་རྗེས་སྤྱོད་འཇུག་མཆོད་པ་ཉིན་ལྔའི་རིང་འཚོགས་པར་བྱས། བོད་ཟླ་བཞི་བ་ཆོས་འཁོར་དུས་ཆེན་གྱི་སྐབས་དཀོན་མཆོག་སྤྱི་འདུས་ཀྱི་སྒོ་ནས་སྤྲེལ་ཟླའི་བུམ་སྒྲུབ་ཉིན་བདུན་གྱི་རིང་འཚོགས་ཏེ། བསྟུད་མར་ཉིན་ལྔའི་རིང་ཚེས་བཅུ་གར་འཆམ་ཆེན་མོ་འཆམ། ཚེས་བཅུ་དྲུག་ནས་ཞག་པོ་ཞེ་ལྔའི་བར་དབྱར་གནས་འཚོགས། སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་ནས་ཉིན་ལྔའི་རིང་སྟོན་ཀའི་ཚེས་བཅུ་གསོལ་འདེབས་ལེའུ་བདུན་མ་སྔ་ཕྱི་ཐུན་ནང་གྲངས་བསགས་པའི་སྒོ་ནས་འཚོགས། དགུན་ཟླ་ཐ་ཆུང་གི་ཚེས་ཉི་ཤུའི་ནང་སྟག་ཚང་ཕུར་བའི་སྒྲུབ་ཆེན་གྱི་སྒོ་ནས་དགུ་ཆེན་གྱི་དུས་མཆོད་ཉིན་བདུན་འཚོགས་རྒྱུ་དེ་རྣམས་རིམ་གྱིས་མཁན་རྒན་ཁོང་གིས་ཉམས་གསོ་བྱས། ད་ལྟ་དགོན་འདིར་ལོ་གཅིག་གི་རིང་ཉིན་ཞག་བརྒྱ་དང་ཉི་ཤུ་རྩ་གསུམ་གྱི་རིང་དུ་རྒྱུན་འཚོགས་ཡོད་པ་དང་། གཞན་འཛམ་གླིང་ལ་ཆེས་དཀོན་པའི་དགོན་པའི་རྟེན་རྙིང་དང་རོལ་རྙིང་རྩ་ཆེན་གྱི་སྐོར་བཞུགས་པ་འདི་དག་སྣོད་བཅུད་ཀྱི་རྒུད་པ་གསོ་བའི་ཉེར་རྒྱུ་ཐུན་མོང་མ་ཡིན་པར་བཞུགས་པ་འདི་དག་མཁན་རྒན་འདིའི་ཐུགས་བསྐྱེད་དང་སྨོན་ལམ་ལས་གྲུབ་པའི་བཀའ་དྲིན་ཕྱི་རབས་བརྒྱུད་འཛིན་པ་ཚོའི་སེམས་ནང་ནས་ཡལ་མི་ཐུབ་པའི་དུས་ཀྱི་མཐའ་འདིར་རྡོ་རིང་གསོན་པོ་ཞིག་ཀྲོང་ངེར་འགྱིང་འདུག གཞན་ལམ་ལུགས་རྙིང་པའི་སྐབས་ནས་རྒྱ་ཆེར་དར་བའི་གེ་སར་གར་འཆམ་དེ་ཡང་ཉམས་གསོས་ཐུགས་གཙིགས་གནང་སྟེ། གར་འཆམ་བརྗེད་ཡོད་པ་རྣམས་བློ་གསོའི་ཆེད་འདི་གའི་དགོན་གྱི་གྲྭ་བདེ་གསལ་སོགས་རྫོགས་ཆེན་ལ་ཆེད་མངགས་བྱས་ནས་རྫོགས་ཆེན་འཆམ་པ་རྩེ་གྲས་རྫ་བ་སིདྡྷིའི་དྲུང་ནས་ཇི་བཞིན་བསླབས།དགོན་གཞུང་ལ་གེ་སར་བཞེངས་བཅུག་པ་དང་། ཞལ་འབག་བཅའ་མཁན་དགོན་དཔོན་ཀུན་བཟང་རྣམ་རྒྱལ་གྱི་ཚ་བུ་གྲྭ་ཚུལ་ཁྲིམས་སྦྱིན་པ་འབོད་པའི་ལྷ་བཟོ་ལག་རྩལ་ཅན་ཞིག་ཡོད་པ་དེས་གེ་སར་ཞལ་འབག་བཅས་པས། ཧ་ཅང་མཛེས་ཆོས་ཡོད་པའི་ཞལ་འབག་སྐད་གྲགས་ཅན་ཞིག་དེང་གི་དུས་བར་དུ་ཡུལ་ལུང་དང་དགོན་སོ་སོར་ཁྱབ་འདུག གཞན་ཉམས་འགྱུར་གྱི་མཛེས་ཆ་ལྡན་པའི་ཞལ་འབག་རྙིང་བ་སྐོར་ཞིག་གླེང་ན། རྒྱ་ཚ་དང་དགྲ་ལྷའི་ཞལ་འབག་སོགས་རྫོགས་ཆེན་ལྷ་བཟོས་བཅས་པ་དང་། ལྷ་ཆེན་དང་སེང་སྟག་སོགས་ཀྱི་ཞལ་འབག་ཕྱག་ཚའི་ལྷ་བཟོ་ཚུལ་ཁྲིམས་སྦྱིན་པས་བཅས། དགའ་བདེ་དང་དར་འཕེན་སོགས་ཀྱི་ཞལ་འབག་ཕྱག་ཚའི་ལྷ་བཟོ་བླ་མ་དབྱིངས་ལྷུན་གྱིས་བཅས། འདན་མ་དང་ཉི་འབུམ། སྤྱི་དཔོན་སོགས་ཀྱི་ཞལ་འབག་ཕྱག་ཚའི་ལྷ་བཟོ་ཐུབ་བསྟན་རང་བྱུང་གིས་བཅས། སྐབས་དེ་དུས་ཁོང་རྣམས་ལ་གླ་ཕོག་ཕར་ཟད་སྤྱི་ཐོག་ནས་བཟའ་བཅའ་ཙམ་ཡང་སྟེར་རྒྱུ་མེད་ཀྱང་། རང་རྟ་སྒ་རྒྱག་རང་གྲོ་ཁུག་མ་ཟེར་བའི་དཔེ་ལྟར་ཞལ་འབག་བཅའ་རྒྱུ་རྣམས་རང་རང་སོ་སོར་བགོས་ཏེ་རང་ཁྱིམ་ནས་བཅས། གཞན་མཉམ་ལས་རུ་ཁག་དང་དད་ལྡན་མི་དམངས་སོགས་ཀྱིས་རིམ་གྱིས་གླིང་གེ་སར་གར་འཆམ་གྱི་འབག་གོས་བཞེངས་ཏེ། རབ་བྱུང་བཅུ་དྲུག་པའི་ལྕགས་སྤྲེལ་ལོའི་དགུན་ཟླའི་ཉེར་ལྔ་གང་རུང་ཞིག་དང་། ཕྱི་ལོ་༡༩༨༠ ལོར་གླིང་ཕུ་ནུའི་གར་འཆམ་སླར་ཡང་དགོན་འདིར་དབུ་བརྙེས། ཕྱི་ལོ་༡༩༩༩ ལོར་གླིང་འཆམ་ལྔ་བཅུ་ནང་ཞིག་ལེགས་འགྲུབ་བྱུང་། ཕྱིས་སུ་ཨ་སེའི་མཁན་ཆེན་ཆོས་ཀྱི་གྲགས་པ་དང་རང་དགོན་གྱི་བླ་མ་བསོད་ནམས་རྒྱ་མཚོ་གཉིས་ཀྱིས་ནུབ་གཅིག་རྨི་ལམ་འོད་གསལ་གྱི་ཞིང་ནས་མཐུན་སྣང་གཅིག་གྲུབ་ཀྱིས་གླིང་ཕུ་ནུ་ཆེས་མང་པོ་ཞིག་འདུ་ར་འཚོགས་སྐབས་ཞལ་ངོ་དམར་པོ་ཅན་ཞིག་ཆེ་རྒྱུད་ཚང་གི་དམག་དཔོན་དུ་བསྐོས་བཞག་བྱས་པར་གཟིགས། ནངས་མོར་ཁོང་གཉིས་གསུང་འཕྲོས་ཞོར་མཁན་པོས་དེ་ནི་ཁྲ་གདོང་བསྟན་འཛིན་གྲགས་པ་རེད་ཅེས་གསུངས་པ་དང་།ད་ཕན་གཞན་ལ་རིམ་གྲོ་སོགས་གང་དགོས་རྨི་ལམ་གྱི་ཞིང་ནས་གང་གཟིགས་བཞེང་དུ་ཆུག་ཅེས་བཀས་གནང་བར་བརྟེན། ཐོག་མར་ཁྲ་གདོང་བསྟན་འཛིན་གྲགས་པ་བཞེངས་བཅུག་ནས་རྟེན་འབྲེལ་གྱི་མགོ་དེ་ནས་བཟུང་སྟེ། ཕྱིས་ཉམས་སྣང་ལས་བྱུང་བའི་གླིང་འཆམ་མང་པོ་ཞིག་བཞེང་དུ་བཅུག་པ་ཡིན་ཞེས་བླ་མ་བསོད་ནམས་རྒྱ་མཚོའི་ཞལ་ནས་ཐོས། ཕྱི་ལོ་༢༠༢༢ ལོར་གླིང་གེ་སར་ནོར་བུ་དགྲ་འདུལ་གྱི་ལས་བཞི་ལྷུན་གྱིས་གྲུབ་པའི་གར་འཆམ་བརྒྱ་ཕྲག་བརྒལ་བ་བྱུང་སྟེ། ལོ་རེ་བཞིན་བོད་ཟླ་དྲུག་པའི་ཚེས་བཅུ་གཉིས་དང་བཅུ་གསུམ་སྟེ་ཉིན་གཉིས་ཀྱི་རིང་ཤིན་ཏུ་རྒྱས་སྤྲོས་ཀྱིས་འཆམ་སྲོལ་ཡོད་པ་དང་། ད་ནས་ཡར་རྩིས་ན་དགོན་འདིར་གེ་སར་གར་འཆམ་དབུ་ཚུགས་ནས་བགྲང་བྱ་༨༠ འདས་ཟིན་པའོ། །
མདོ་ཁམས་འདིར་གེ་སར་གར་འཆམ་ཐོག་མར་གྲུབ་དབང་རྫོགས་ཆེན་དགོན་གྱིས་སྲོལ་བཙུགས་ལ། དེ་ལས་བུ་དགོན་ཡོངས་ལས་གེ་སར་གར་འཆམ་སྲོལ་གཉིས་པ་དར་སར་སྔ་འགྱུར་ཕྱག་ཚ་དགོན་ཡིན་པར་ལོ་རྒྱུས་རང་གིས་ཁ་གྲག་སྟེ་བདེན་པར་ར་སྤྲོད་བྱེད་ཐུབ་བོ། །ཞོར་འཕྲོས་ཅུང་ཟད་བཤད་འདོད་པར་སྔོན་ཆད་ཀྱི་ཞལ་འབག་རྙིང་བ་འཇོན་སྒྲོས་ལེགས་པའི་སྐད་གྲགས་ཅན་ཚོ་དེང་སང་སྤྱི་སྒེར་སུ་ཡིན་ཡང་ཕྱོགས་གང་ནས་དཔལ་འབྱོར་ཅུང་ཟད་ཚད་མཐོན་པོ་ཕྱིན་པར་རྒྱུ་མཚན་ཁོ་ན་བཟུང་བ་ལས། རིག་གནས་ཀྱི་རྒྱབ་ལྗོངས་ལ་དོ་ཁུལ་མི་གནང་བར་ཡོད་ཚད་གསར་བ་བརྗེ་དགོས་པའི་སྣང་བ་བྱུང་ནས། ཞལ་འབག་རྙིང་བ་འགའ་ཞིག་གསར་བརྗེས་བྱས་ཀྱང་མང་ཕྱོགས་ཀྱི་སྤྱན་སྔར་མཛེས་ཆ་མི་སྣང་ཡང་། དེ་ནི་འཐེན་འཁྱེར་གྱི་བསམ་བློ་ཙམ་མ་ཡིན་པར་དངོས་པོ་དོན་གྱིས་ཀྱང་དེ་ལྟར་ལགས་པས། ཕྱིན་ཆད་ཞལ་འབག་རྙིང་བ་རྣམས་བེད་སྤྱོད་མ་ཐུབ་ཚེ་གསར་བརྗེ་མ་གཏོགས་ལོ་རྒྱུས་ཀྱི་བརྒྱུད་རིམ་ཡོད་པའི་ཞལ་འབག་རྙིང་བ་དག་གང་བྱུང་བྱུང་དང་ལག་སུ་མགྱོགས་ཀྱིས་གསར་བརྗེ་མི་བྱེད་པར་རེ་བསྐུལ་དང་བཅས་ཞུ་བ་ལགས་སོ། །དེ་དང་སྟབས་གཅིག་ཏུ་བཀའ་དྲིན་དྲན་ཡུལ་ཚེས་བཅུ་གར་འཆམ་གྱི་ཞལ་འབག་དང་མནབ་གོས་ཡོངས་རྫོགས་ཡུལ་མི་བཀྲ་ཤིས་རྣམ་རྒྱལ་ཞུ་བ་བསྟན་དགོན་ལ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་རྐྱང་རྐྱང་སྒྲུབ་པ་པོ་ཁོང་གིས་བཞེངས། མདོར་ན་བསྟན་པ་ཡང་དར་གྱི་སྐབས་དགོན་འདིར་བླ་མེད་ཀྱི་ཞབས་ཞུ་གནང་བར་བྱས་པའི་སྐུ་ཞིང་དུ་བརྗེས་པའི་འདས་པོ་དམ་པ་རྣམས་དང་ད་ལྟ་འཚོ་བཞུགས་ཀྱི་མི་བུ་ཚོ་དྲན་འོས་པའི་རྡོ་རིང་ཞིག་ཏུ་གྱུར། མཁན་རྒན་རིན་པོ་ཆེ་མཐར་གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་ངོར་ཉེ་འཁོར་དུ་ཚུལ་ཁྲིམས་ཀྱི་དྲི་བསུང་ཕྱོགས་ཀུན་ཁྱབ་ནས་ཟག་མེད་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་བསྡུས་ནས་སྐུ་གདུང་རིན་པོ་ཆེ་རྒྱབ་རིའི་ངོས་སུ་གཏེར་དུ་སྦས་སོ། །
གདན་རབས་དྲུག་པ།
མཆོག་སྤྲུལ་འགྱུར་མེད་བདེ་ཆེན་ཕྲིན་ལས་ནི།
ཡབ་སྔགས་འཆང་གྲུབ་རིག་འཛིན་པ་བླ་མ་ཨ་གཅེས་དང་། མ་ཡུམ་སྦ་རྡོ་གཉིས་ཀྱི་སྲས་སུ་བོད་མེ་བྱ་ལོ་དང་། ཕྱི་ལོ་༡༩༥༧ ལོར་སྐུ་འཁྲུངས། རྫོགས་ཆེན་རིན་པོ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་མཆོག་འདི་གར་ཕེབས་ཞོར་ཞིག་ལ་འགྲོ་འདུལ་གར་གྱི་རྡོ་རྗེའི་ལྕམ་སྲིང་ཌཱཀྐི་ཀུན་གྱི་རྗེ་མོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་སྤྲུལ་མཁའ་འགྲོ་མ་བདེ་ཆེན་དབང་མོའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་། ཨ་འཛོམས་འབྲུག་པ་དང་རྒྱ་རོང་དབོན་སྤྲུལ། ཁྱབ་བདག་བླ་མ་པདྨ་སྐལ་བཟང་རིན་པོ་ཆེ། འབྲུག་པ་སྤྲུལ་སྐུ་སོགས་ཀྱི་དྲུང་ནས་སྨིན་བྱེད་དབང་དང་གྲོལ་བྱེད་གདམས་པ་ཅི་རིགས་སུ་མནོས། ཁོང་གིས་བསྟན་དགོན་གཙོ་སྐྱོང་དང་དགོན་དཔོན་བླ་མ་ཀརྨ་དགེ་ལེབ་ཀྱིས་ཕྱག་རོགས་བྱས་ནས་མཁན་རྒན་གཉིས་ཀྱིས་བསྐྱངས་པའི་བསྟན་པའི་མཇུག་ཇེ་རྒྱས་སུ་སྐྱོང་སྟེ། གཙུག་ལག་ཁང་བསྐྱར་གསོ་སྐབས་ཤིང་ཡོངས་རྫོགས་ཀྱི་འགྲོ་སོང་དགོན་གཞུང་དང་དགོན་དཔོན་བླ་མས་བཏང་བ་དང་། ལྷ་ཁང་ནང་གི་ཚོན་རིས་དང་ལྷ་བཟོས་རིན་ཡོངས་དགོན་དཔོན་བླ་མས་གཏོང་། ཤིང་བཅད་པ་སོགས་ལས་ཚེགས་ཡོངས་བསྟན་བདག་མཆོག་གི་བདག་རྐྱེན་ལས་བྱུང་བ་ཡིན། གཞན་སྒྲུབ་སྡེ་གསང་ཆེན་པདྨ་འོད་གླིང་གི་བརྟེན་རྟེན་དང་བཅས་པ་གསར་བཞེངས་དང་། སྐུ་ཚེའི་སྨད་དགེ་བསྙེན་གྱི་སྡེ་གསར་འཛུགས་དང་ཕུར་འཆམ་གྱི་འབག་གོས་ཡོངས་བཞེངས་སོ། །
ཁོང་ནི་ཐུགས་གཤིས་འཇམ་པ་མཆོག་དམན་སུ་ཡིན་ཡང་ཞུ་ཕོད་པ་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ལ་ལྷག་པར་བརྩེ་གཟིགས་ཀྱིས་བསྐྱངས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལྷུར་མཛད་པའི་དགེ་བའི་བཤེས་གཉེན་དམ་པ་ཞིག་ཡིན། སྐུ་ཚེ་གང་བོར་བསྟན་དགོན་འདི་ལ་ཞབས་ཞུ་དང་ཐུགས་ཁུར་འབའ་ཞིག་གནང་བའི་སྐབས་གདུལ་བྱའི་བསོད་ནམས་དམན་པའི་སྟབས་མཆོག་སྤྲུལ་རིན་པོ་ཆེའི་གཟུགས་སྐུ་ཉི་མའི་དཀྱིལ་འཁོར་ནུབ་རིའི་ཕག་ཏུ་བོད་མེ་ལུག་ལོའི་དགུན་ཟླ་མགོ་མའི་ཚེས་བདུན་གྱི་ཉིན་རང་རེ་དང་ཞལ་གྱེས་པའི་ཐ་མ་བསྟན་པའོ། །
གདན་རབས་བདུན་པ།
མཆོག་སྤྲུལ་སྐལ་བཟང་བཀྲ་ཤིས་ནི། ཕྱི་ལོ་༡༩༨༤ བོད་རབ་གནས་ཤིང་བྱི་ལོར་ཡབ་རྒྱལ་མཚན་དང་། བསྐྱེད་ཡུམ་དཀོན་མཆོག་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། རྫོགས་ཆེན་ཁྱབ་བདག་པདྨ་སྐལ་བཟང་རིན་པོ་ཆེས་སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་གཟིགས་ནས་ཕྱག་ཚ་སྐུ་ཕྲེང་དང་པོ་རིག་འཛིན་འགྱུར་མེད་གྲགས་པའི་སྐྱེ་ཕྲེང་གསུམ་པ་ཉིད་དུ་ངོས་འཛིན་གནང་། ཕྱི་ལོ་༡༩༩༨ལོར་གདན་ས་རང་དུ་ཁྲི་སྟོན་གྱི་མཛད་སྒོ་སྤེལ། མི་རིང་བར་རྫོགས་ཆེན་ལ་ཕེབས་ནས་སྔ་ཕྱི་ཀུན་ཁྱབ་བདག་བླ་མ་རིན་པོ་ཆེའི་གཙོས་དེར་བཞུགས་ཀྱི་མཁན་སྤྲུལ་རྣམས་ཀྱི་མདུན་ནས་དབང་ལུང་མན་ངག་བཤད་ཁྲིད་སོགས་ཐོབ། ད་ལྟ་བསྟན་པའི་དབུ་ཁྲིད་ཀྱི་འགན་བཞེས་ཏེ་བསྟན་འགྲོར་སྨན་པའི་མཛད་པ་གཙོ་བོར་སྐྱོང་བཞིན་སྐུ་འཚོ་གཞེས་ལགས་སོ། །
གཉིས་པ་མཁན་རབས་ནོར་བུའི་ཕྲེང་བ་དག་ཇི་ལྟར་བྱོན་ཚུལ་ལ།
བར་དར་གྱི་སྐབས་དང་། ཡང་དར་གྱི་སྐབས་གཉིས་སོ། །དང་པོ་ནི།
མཁན་རབས་དང་པོ།
མཁན་ཨ་སེང་ནི། ཡུལ་སྐྱོང་ཟོ་དོར་གཉན་པོ་སྟག་རྩེ་བཅུ་གསུམ་གྱི་ནང་བློན་སྙུག་རི་རྒྱལ་བ་དོན་འགྲུབ་ཀྱིས་བདག་ཏུ་བཟུང་སྟེ། ས་ལ་དགེ་བཅུ་ཚང་ཞིང་ཡུལ་ལ་ཕྱྭ་གཡང་ཆགས་པའི་ཕྱག་ཚ་ལྷ་སྡེ་རུ་སྐུ་འཁྲུངས། བརྟེན་མཁས་ཡོན་ཏན་གཉིས་དང་ལྡན་པའི་དགེ་མང་མཁན་པོ་ཨོ་རྒྱན་བསྟན་འཛིན་ནོར་བུ་སོགས་ལ་བསྟེན་ནས་ཆོས་པ་རྣལ་མའི་རང་ཚུགས་ཀྱིས་སྒོ་གསུམ་གྱི་སྤྱོད་པ་དམ་ཆོས་འདུལ་བ་བཞིན་བསླབ་ནས་བསྟན་དང་འགྲོ་ལ་སྨན་པའི་སྐུ་ཚེ་མཐར་ཕྱིན་ཏོ། །
མཁན་རབས་གཉིས་པ།
དགེ་རྩེའི་མཁན་པོ་དཔའ་དགའ་ཚང་ནི། རང་ཡུལ་འཛིན་མའི་ཞིང་དུ་སྐུ་འཁྲུངས་ནས་དགེ་མང་མཁན་པོ་སོགས་ལ་བསྟེན་ཏེ་རང་ཡུལ་ནས་བསྟན་པ་འཛིན་སྐྱོང་བྱས་ནས་བསླབ་གསུམ་གསེར་གྱི་ཁྲི་འཕང་གི་འོག་ནས་སྐུ་མྱ་ལས་འདས།
མཁན་རབས་གསུམ་པ།
ཧོར་ཚའི་མཁན་པོ་དཀོན་མཆོག་ཚང་ནི། རང་ཡུལ་ཧོར་ཚ་ཚང་གི་རུས་བརྒྱུད་དུ་སྐུ་འཁྲུངས། མཁན་པོ་ཨོ་རྒྱན་བསྟན་འཛིན་ནོར་བུ་སོགས་ལ་བསྟེན་ཏེ་མཁས་པའི་ཡོན་ཏན་སྦྱངས་ནས་སྐུ་གཤེགས་སོ། །
མཁན་རབས་བཞི་བ།
བུ་དགེའི་མཁན་པོ་ཨུར་དགའ་ཚང་ནི། མཁན་པོ་ཨོ་རྒྱན་བསྟན་འཛིན་ནོར་བུ་དང་རྫ་མུ་ར་སྤྲུལ་སྐུ་པདྨ་བདེ་ཆེན་བཟང་པོ་ལ་བསྟེན་ནས་དམ་ཆོས་འདུལ་བའི་ཕྱག་ལེན་ཐུགས་གཙིགས་ཉམས་ལེན་མཛད་ནས། དགུང་གྲངས་བརྒྱད་ཅུ་བཞེས་སྐབས་ཀྱང་གདོན་བྱ་འཚོགས་པའི་སྐབས་སྐུ་དངོས་ཕེབས་པ་ལས། གལ་ཏེ་ཕེབས་མ་ཐུབ་ཚེ་འདོན་ཡོན་གཅིག་ཀྱང་ལེན་མི་ཕོད་གསུངས་ནས་ལེན་སྲོལ་མེད་པ་དང་། ཉིན་ཞིག་ཨ་རིག་རྫའི་དབང་རིས་ཚང་གིས་འཕོ་རྟ་ཞིག་འབུལ་སྐབས་བཀའ་བཀྱོན་པའི་ཚུལ་གྱིས་ཁྱེད་ཚོ་སྐྲག་རྒྱུ་མེད་པ་དུས་ཡུན་ཐུང་ངུ་ཞིག་གི་ནང་འདི་འདྲ་ལེན་ཕོད་དམ།
ངས་རྟག་པར་ཉིན་བདུན་ཙམ་གྱི་རིང་ལ་འདོན་ཡོན་ཇ་བག་ཕྱེད་ཙམ་མ་གཏོགས་ལེན་སྲོལ་མེད་པར་རྩ་བའི་བླ་མའི་མདུན་ནས་དམ་བཅའ་བྱས་པ་ཡིན་གསུངས་ནས་སྐུ་ཚེ་གང་བོར་ལས་འབྲས་ལ་ཞིབ་ཚགས་གནང་། ཐུབ་དགའ་ཡིད་བཞིན་ནོར་བུའི་གསུང་འཕྲོས་ལ་ད་ལྟ་ཕྱག་ཚ་ཚང་མཁན་པོ་ཨུར་དགའི་བཟང་ཞིག་མི་འདུག་གསུངས། དེ་འདྲའི་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་སའི་དགེ་བའི་བཤེས་གཉེན་དམ་པ་ཁོང་གིས་བསྟན་པ་དྲི་མ་མེད་པར་བསྐྱངས་ནས་དགེ་སྡིག་གི་ལམ་སྟོན་ཏེ་མཐར་ཞིང་དུ་བརྗེས་སོ། །
མཁན་རབས་ལྔ་བ།
མཁན་པོ་སངས་ཁོའམ་སངས་རྒྱས་ཆོས་འཕེལ་ནི།
ཚོགས་ལོ་ཚང་གི་རུས་བརྒྱུད་དུ་སྐུ་འཁྲུངས། ནར་སོན་རྗེས་རབ་ཏུ་བྱུང་ནས་དགེ་མང་གྲྭ་སར་ཕེབས། བཙུན་པའི་ཚད་དུ་གྲགས་པའི་སྡོམ་བརྩོན་པ་ཞིག་ཡིན། སྐབས་ཤིག་ཨ་སེ་དགོན་པའི་དབྱར་གནས་མཁན་པོ་ཞིག་གཞན་ནས་གདན་ཞུས་སྐབས་མང་མོས་ཀྱིས་ནོར་གླིང་དགོན་པའི་མཁན་པོ་ཚེ་རིང་གདན་དྲངས་ན་རྒྱུས་མངའ་ཆེ་བས་དེས་དགའ་ཆེ་བར་གླེང་། ཨ་སེ་སྤྲུལ་སྐུས་ད་རེབ་ཕྱག་ཚའི་མཁན་པོ་སངས་ཁོ་ཁོང་ཡིན་གཅིག་མིན་གཉིས་གདན་དྲངས་དགོས་གསུངས་ནས་ཨ་སེ་དགོན་གྱིས་དབྱར་གནས་མཁན་པོར་གདན་དྲངས། མཐར་དགུང་ལོ་བརྒྱད་ཅུ་ཙམ་སོན་རུང་ད་དུང་དགོན་པའི་སྒྲིག་ལམ་དང་འཚོགས་དུས་མཆོད་སོགས་ལ་གལ་ཆེན་གནང་ནས་བྱོན། གྲྭ་ཚང་གིས་ཁྱེད་ཉིད་ད་སྐབས་དགུང་ལོ་མཐོ་བས་དགོན་པའི་འཚོགས་དུས་མཆོད་མ་བྱོན་ནའང་ཆོག་པར་ཞུས་ཚེ། བཀའ་བཀྱོན་གྱི་ཚུལ་དུ་གྲྭལ་མཐའ་འདུག་ནི་ཞིག་ཡིན་ན་དགོན་པའི་སྒྲིག་ལམ་ནམ་ཡང་རྩི་སྲུང་དགོས་རེད་གསུངས་ནས་བསྟན་པ་བསྐྱངས།སྐུ་གཤེགས་ཁར་ཉེ་འབྲེལ་དང་བླ་མ་འགས་ཞུ་དོན་ཁྱེད་ཀྱི་ཡང་སྲིད་ངེས་པར་དུ་འབྱོན་དགོས་ཞུས་ཚེ། དཀོར་ཟན་པ་ཞིག་ཡོད་མེད་ཅང་ཡོད་ནི་མ་རེད། རྗེས་མར་ཚང་མས་ངན་སྨོད་བྱེད་སའམ་ལས་ངན་བསག་ས་ཞིག་མེད་ནས་དགའ་ནི་རེད་གསུངས་ཏེ་དགུང་ལོ་དགུ་བཅུའི་ནང་ནས་རི་ཁྲོད་དུ་སྐུ་གཤེགས་སོ། །
མཁན་རབས་དྲུག་པ།
སོག་རུའི་མཁན་པོ་ཨ་གཅེས་སམ་རྟོགས་ལྡན་རིག་འཛིན་ཟླ་བ་ནི། ཡབ་དམ་ཆོས་ཚེ་རིང་དང་མ་ཡུམ་ག་རིས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་བལྟམས། རྫོགས་ཆེན་ལ་ཕེབས་ནས་མཁན་ཆེན་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོ་སོགས་ལ་བསྟེན་ནས་ཉམས་དང་རྟོགས་པའི་ཡོན་ཏན་ཀུན་རྫོགས་པར་གྱུར། སྐབས་ཤིག་རྭ་སྒྲེང་ཁྲི་ཆེན་དང་སེར་ཤུལ་གོང་རྒན་སོགས་ལ་དབང་ཁྲིད་ཀྱང་གནང་། ཉིན་ཞིག་རྫོགས་ཆེན་ནས་སྒྲུབ་པ་ཞིག་འཚོགས་པའི་སྐབས་མཁན་ཆེན་ཡོན་ཏན་མགོན་པོས་རུ་དམ་གླིང་ན་དེང་གི་དུས་འདིར་ཆོ་ག་ཕྱག་ལེན་ཞིག་མཁས་དགོས་ན་རྫོགས་ཆེན་མཁན་པོ་ཆོས་ཚའི་བཟང་ཞིག་མེད་པས་བརྟག་གཏོར་འཕེན་ནི་ཁོང་ཡིན། བརྟག་མདའ་འཕེན་ནི་ཁོ་བོ་ཅག་གི་ནང་ཕྱག་ཚའི་མཁན་པོ་ཨ་གཅེས་ཚང་གི་བཟང་ཞིག་ཡོད་རྒྱུ་མ་རེད་ཁོང་རིག་འཛིན་འཇའ་ཚོན་སྙིང་པོའི་དག་ཆེན་ཐུགས་སྤྲུལ་རེད་ཁོང་གིས་འཕེན་དགོས་གསུངས་ནས་ནང་མའི་ཐུགས་བརྩེའི་མཛད་དོ། །སྐུ་ཚེའི་སྨད་ཙམ་རྟེན་སྔགས་པའི་ཚུལ་བཟུང་སྟེ་ཉིན་ཞིག་ཨ་ནེ་གནམ་སྨན་དཀར་མོས་ལུང་བསྟན་པ་བཞིན་གླིང་གེ་སར་གྱི་གར་འཆམ་བཞེངས་ན་ཕན་ཡོན་ཆེ་ཚུལ་དགོངས་ནས་ཡུལ་མི་ཀུན་ལ་གསུངས་རྒྱུར་རྒྱུ་འབྱོར་བ་བཟང་ངན་ལ་ལྟོས་པ་མེད་པར་གེ་སར་གར་འཆམ་གྱི་གླིང་དཔའ་བོ་རེ་བཞེང་ཐུབ་ན་རིང་མིན་མ་འོངས་པར་བསྟན་འགྲོ་སྤྱི་ལ་ཕན་ངེས་པར་འགྱུར། ཞལ་འཕྲོས་འདི་དུས་འགྱུར་གྱི་ཡར་སྔོན་ལོ་བཅུ་མ་ལོན་སྔོན་ཞིག་ཏུ་གསུངས། སྐབས་སྐབས་སུ་གསུངས་འཕྲོས་ལས། རྒྱུ་དང་འབྱོར་བ་རྟག་བརྟན་ཡོད་ནི་མ་རེད་ཚང་མས་མུ་གེ་སེམས་ལ་མ་ཉར་རྒྱུ་ཟས་ལོངས་སྤྱོད་སྤྱོད་ཅི་ཐུབ་གྱིས་མ་གཏོགས་རྗེས་མར་རྒྱ་ཆས་སྔོན་པོ་འདྲ་གྱོན་ནས་གཅིག་གིས་གཅིག་ལ་འཕྲོག་བཅོམ་བྱེད་ཡོང་ཤས་ཆེ་གསུངས། ཁོང་གིས་སྤྱན་སྔར་རིག་ཚད་པོར་རྐུན་མ་རྐུན་མ་ཟེར་ནས་མཁའ་ལ་སྡིག་མཛུབ་མཛད་དེ་ནད་མེད་ཆོས་དབྱིངས་ཀློང་དུ་ཁ་མགོན་ཞུ། ནམ་མཁའ་འདི་ནི་རྒྱ་ཆེའོ། །གསུངས་ནས་གར་འཕག་ལན་གསུམ་གྱིས་རྒྱས་སྟབས་བཞག ཕྱིས་སུ་དུས་འགྱུར་གྱི་ཁྲོད་ནས་གཅིག་གིས་གཅིག་ལ་གླེང་ཚེ་སྔོན་གཅེས་དགའི་གསུངས་པ་དེ་ཚོ་ལུང་བསྟན་གྱི་ཚུལ་དུ་གསུངས་འབའ་ཞིག་རེད་བརྗོད་སྲོལ་འདུག ཁོང་ནི་སྟག་ལུང་མ་རིན་པོ་ཆེས་སྤྲུལ་བའི་གཏེར་སྟོན་བརྒྱ་རྩའི་ནང་ཚན་རིག་འཛིན་འཇའ་ཚོན་སྙིང་པོའི་རྣམ་སྤྲུལ་དུ་ལུང་བསྟན་པ་ཡིན་ཏེ། ཨེ་མ་ཧོ། ཆོས་ཀྱི་རྒྱལ་པོ་འཇའ་ཚོན་སྙིང་པོ་ཡི༔ ལྔ་བདོའི་འགྲོ་ལ་གཟུགས་སྐུའི་ཐུགས་རྗེའི་གཏེར༔ བསམ་བཞིན་འགྲོ་བའི་མགོན་དུ་དཔལ་ཤར་བ༔ འབྲེལ་ཚད་དཔལ་གྱི་རི་ལ་འགོད་མཛད་པའི༔ རྟོགས་ལྡན་རིག་འཛིན་ཟླ་བ་ལ་གསོལ་བ་འདེབས༔དེ་ལྟར་བསྔགས་པའི་གྲུབ་རིག་འཛིན་པ་ཆེན་པོ་བསྟན་དང་འགྲོ་བའི་སྤྱི་དཔལ་དུ་བཞེངས་པ་གང་ཉིད་དུས་འགྱུར་ནང་ཨ་སེ་དགོན་མཐར་ཟག་མེད་ཆོས་ཀྱི་དབྱིངས་སུ་བདེ་བར་མྱ་ངན་ལས་འདས་སོ། །
སྐུ་ཕྲེང་གཉིས་པ་པདྨ་བདུད་འདུལ་ནི།
ཡབ་ལ་ཐོག་ཚེ་རིང་མགོན་པོ་དང་བསྐྱེད་ཡུམ་སྐལ་བཟང་སྒྲོན་དཀར་གཉིས་ཀྱི་སྲས་སུ་བོད་ཤིང་ཕག་ལོ་དང་ཕྱི་ལོ་༡༩༩༥ ལོར་སྐུ་འཁྲུངས། དགུ་རོང་རྒྱལ་སྲས་མཆོག་གིས་སྒྲིབ་མེད་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ནས་བླ་མ་ཨ་གཅེས་མཆོག་གི་ཡང་སྲིད་དུ་ངོས་འཛིན་གནང་། རིམ་གྱིས་རབ་ཏུ་བྱུང་ནས་དགོན་པའི་འཚོགས་གྲལ་ཞུགས་ནས་སྐུ་རྒྱབ་མཁན་པོ་ཐུབ་བསྟན་ཤེས་རབ་མཆོག་ལ་བརྟེན་ནས་རང་དགོན་གྱི་བཤད་གྲྭའི་ནང་ནས་སློབ་གཉེར་མཛད། རྗེས་སུ་རྟེན་སྔགས་པའི་ཚུལ་དུ་འཆང་ན་ཡང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་མིག་ལྟོས་ལ་དགོངས་ནས་དགོན་པའི་འཚོགས་གྲལ་ནས་ཕྱིར་བྱོན་ཏེ་ཁྱིམ་པའི་ཆས་གོས་དང་དུ་བླངས་པ་ནི། དུས་ཀྱི་མར་གཤམ་འདིར་ཅི་འདྲའི་བསྟན་པ་རིན་པོ་ཆེ་ལ་ཤ་ཚ་ཞིང་སྙིང་དམར་པོའི་ཕྱག་ལས་འདི་གཅིག་པུས་རླབས་ཆེན་གྱི་རྣམ་ཐར་ཕྱི་རབས་བསྐལ་བའི་བར་དུ་བཞག གཞན་སྒྲུབ་གྲྭའི་གཙུག་ལག་ཁང་དང་གྲྭ་ཤག་དང་བཅས་བསྐྱར་གསོ་གནང་ནས་ད་ལྟ་སྐུ་འཚོ་ཞིང་བཞུགས་པ་ལགས་སོ། །མཁན་རབས་བདུན་པ།
ནག་སྐོར་མཁན་པོ་སྟོབས་ཆེན་ནི། རང་ཡུལ་ལྷ་སྡེའི་ནང་སྐུ་འཁྲུངས། ཀློག་བསླབས་ནས་རབ་ཏུ་བྱུང་སྟེ་རྫོགས་ཆེན་ལ་ཕེབས། མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ་སོགས་ལ་བསྟེན་ནས་གསན་བསམ་སྦྱོང་བ་བྱས་ནས་སྐྱོར་དཔོན་གྱི་འགན་བཞེས། ཉིན་ཞིག་རྡོ་ཕ་བོང་ཞིག་གི་སྟེང་སྙུག་སྒྲོམ་གྱིས་འགའ་གཤར་ནས་དེ་ཕྱིན་རིག་པ་ཐོ་ཅོའི་ཚུལ་དུ་གནས། རྗེས་ནས་རང་ཡུལ་དུ་ཕེབས་ནས་ལས་ཐོག་མཁན་པོའི་འགན་བཞེས། དུས་དང་དུས་སུ་ཉམས་འུར་ནས་ལུང་བསྟན་གྱི་ཡི་གེ་ཐོར་བྱུང་དུའང་འབྲི། སྔོན་ཆད་ཀྱི་བན་རྒན་ཚོར་ལུང་བསྟན་མང་པོ་གནང་ཡང་རྗེས་མར་ཐིག་ཐོག་མ་ཞོག་པར་གཅིག་ཀྱང་མེད་ཅེས་གླེང་ཚོད་འདུག བར་ལམ་རྐྱེན་ཞིག་གི་དབང་གིས་ཡུལ་གཞན་དུ་བྱོན་ནས་གར་སོང་ཆ་མེད་དུ་གྱུར། ཕྱིས་སུ་རྫོགས་ཆེན་རིན་པོ་ཆེ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་མཆོག་དགུང་གྲངས་ཉི་ཤུ་པར་དབུས་ལྷ་ལྡན་ཕེབས་སྐབས་འདི་གའི་འབྲེལ་ཡོད་ཚོས་ནན་ཞུས་བགྱིད་དོན་མཁན་པོ་སྟོབས་ཆེན་ཞུ་བར་ལོ་དུ་མར་གར་སོང་ཆ་མེད་བོར་བས། དབུས་ཕྱོགས་རེ་མཆིས་ན་ཉིད་ཀྱིས་ཕྱིར་འོང་ཐབས་བཀའ་དྲིན་བཅངས་པར་མཁྱེན་ཞུས་སོ། །རིན་པོ་ཆེ་དབུས་ཕྱོགས་ཕེབས་སྐབས་མཁན་པོ་སྟོབས་ལྡན་སྒྲུབ་པ་ཉམས་ལེན་ལ་བརྩོན་ནས་སྐུ་མཚམས་བཅད་རྒྱ་བཞུགས་པར་ཁེལ་བས། ཕྱིར་ཕ་ཡུལ་དུ་ཁྲིད་མ་ཐུབ་པར་དེར་བཞུགས་པར་རིན་པོ་ཆེ་མཆོག་གིས་ཡི་རང་བསྔགས་བརྗོད་གནང་ངོ་། །རྗེས་ནས་འདི་གར་འབྲེལ་ཡོད་ཀུན་ལ་ཞལ་འཕྲོས་ལས་གསུངས་རྒྱུར་མཁན་པོ་སྟོབས་ཆེན་དབུས་ལྷ་ལྡན་གྱི་བསམ་ཡས་དང་ཐག་ཉེ་སར་སྒྲུབ་པ་ཉམས་ལེན་ལ་བཞུགས་འདུག་སེམས་ཁྲལ་གནང་མི་དགོས་ཞེས་གསུངས་སོ། །ཉེ་སྔོན་གཅིག་སྟོང་དགུ་བརྒྱ་གོ་དྲུག་ལོར་ཨ་སེའི་མཁན་པོ་ཆོས་གྲགས་དབུས་ལྷ་ལྡན་དུ་གནས་སྐོར་ཕེབས་སྐབས་མཁན་པོས་ཆེད་དུ་ཕྱག་ཚའི་མཁན་པོ་སྟོབས་ཆེན་གྱི་བརྒྱུད་རིམ་རྩད་གཅོད་བྱས་པ་ལ་བསམ་ཡས་དང་མཆིམ་ཕུའི་ཉེ་འཁོར་ཞིག་ལ་སྔར་མཁན་པོ་མཆོག་གི་ཡོན་མཆོད་ཁྱིམ་གཞིས་ཚང་དངོས་ལ་འཕྲད་ནས། ཁོང་ཚོས་བཤད་རྒྱུར་ཁམས་པ་བླ་མ་རིན་པོ་ཆེ་སྟོབས་ལྡན་ཚང་འདི་གར་སྐུ་ཚེ་གང་བོར་མཚམས་ལ་བཞུགས་མཁན་ཞིག་ཡིན། ༼ དབུས་ཕྱོགས་ནས་སྟོབས་ལྡན་ཞེས་གླེང་གིན་འདུག མཆན།༽ དུས་འགྱུར་ནང་ལུང་མདོར་ལོ་ངོ་བཅུ་ཙམ་རིང་ཕེབས་ནས་བཞུགས་དགོས་ཐུག་ཀྱང་། རྗེས་ནས་རང་གི་སྒྲུབ་ཕུག་ནང་ཕེབས་ནས་སྐུ་ཚེའི་ལྷག་མ་དེར་མྱ་ངན་འདས་སོང་བ་རེད་ཅེས་སོགས་གླེང་། རྗེས་མར་ཨ་ཁུ་ཆོས་གྲགས་ཕྱིར་ཕེབས་དུས་འདི་ཕྱོགས་གཉེན་ཉེ་ཚོར་དབུས་འབབ་ཀྱི་ཚུལ་ཁ་དགའི་ལེགས་སྐྱེས་ཡིན་གསུངས་ནས་ཁོང་གི་ལོ་རྒྱུས་གསུངས་འདུག ཡང་བོད་ལྕགས་གླང་ལོ་དང་ཕྱི་ལོ་༢༠༢༡ ལོར་འདི་དགོན་གྱི་གྲྭ་འབྲོང་ལྡེའུ་དང་ནོར་དོན་གཉིས་རྐང་ཐང་འགྲུལ་བཞུད་ཀྱིས་སྟོད་ཉི་མ་ལྷ་སར་ཕེབས་སྐབས། ཁོང་གཉིས་ཀྱིས་གནའ་སྔོན་མར་དབུས་ཕྱོགས་ཕེབས་པའི་མཁན་པོ་སྟོབས་ཆེན་གྱི་ལོ་རྒྱུས་ཅུང་ཟད་རྒྱུས་ལོན་འདོད་ཀྱང་།དབུས་རོགས་པ་ནོར་དོན་གྱི་རྐང་པ་ན་ཟུག་ཆེར་སྐྱེས་པས་བསམ་ཡས་ལ་བསྡད། ཉིན་ཞིག་ཁོ་བོ་གློ་བོ་གྲོང་ཚོ་ཞེས་པ་ནས་ནངས་མོ་སྔ་མོར་ཁོ་རང་གཅིག་པུ་ལམ་དུ་བུད་ནས་ལམ་བར་ནས་འདྲི་རྩད་བྱེད་ཞོར་སོང་། ལུང་བ་འདིའི་མདའ་ནས་ཕུ་ལ་ཕྱིན་དང་བསམ་ཡས་མཆིམས་ཕུའི་རྒྱབ་ཀྱི་ལུང་བ་རུ་མཆོད་རྟེན་བཀྲ་ཤིས་འོད་འབར་དུ་གྲགས་པའི་བྱིན་རླབས་ཅན་ཞིག་ཡོད་དེའི་སྟོད་ཕྱོགས་སུ་ཁམས་པ་བླ་མ་སྟོབས་ལྡན་ཚང་བཞུགས་པའི་སྒྲུབ་ཕུག་པ་ཡོད་པ་རེད་ཅེས་གླེང་འཕྲལ་དེ་བས་འགྲོ་འདོད་སྐྱེས། ལམ་བར་འཕྲང་དོག ནགས་ཚལ་མཐུག ས་རྒྱུས་མེད་སྟབས་གཅན་གཟན་སོགས་ཀྱིས་འཇིགས་པར་དོགས་ནས་སེམས་ཟང་ཟིང་དུ་ལངས་པར་གྱུར་ན་ཡང་མདུན་དུ་ཆས། བར་ལམ་ནས་ཁང་སྟོང་འགའ་རེ་མཐོང་རྒྱུ་ཡོད་ཀྱང་དྲེད་མོའི་རྗེས་ཤུལ་མངོན་པས་ནང་དུ་འགྲོ་མ་ཕོད་པར་ཕུ་རུ་སོང་། ལམ་བར་ནས་ལོ་ན་བདུན་ཅུ་བརྒྱད་ཅུ་ལོན་པའི་རྒད་པོ་རྒན་མོ་གཉིས་འཕྲད་པས། དེ་ལ་སྐད་ཆ་དྲིས་ཀྱང་ཁམས་ཀྱི་བླ་མ་ནག་ར་ཅན་ཞིག་སྐུ་མཚམས་ལ་ཚེ་གང་བོར་བཞུགས་མྱོང་བར་ཐོས་མྱོང་། སྲིབ་རིའི་གདོང་འབུར་ན་མཆོད་རྟེན་ཞིག་ཡོད་པར་དེའི་སྟོད་ཕྱོགས་སུ་ཁོང་གི་སྒྲུབ་ཕུག་ཡོད་རེད། ཞིབ་མོར་མི་ཤེས་རྒྱུས་ལོན་འདོད་ན་ཨོ་རྒྱན་སྐྱབས་ཟེར་བའི་རྒན་པོ་ལོ་དགུ་བཅུ་ནང་ཞིག་ཕ་ཀི་ན་ཡོད་པ་རེད་དེར་དྲིས་དང་ཟེར་ནས་རྒད་པོས་ཀྱང་འགྲོ་རོགས་བྱས་ནས་ངེད་གཉིས་དེར་སོང་། ལོ་ན་དགུ་བཅུ་ལོན་པའི་རྒན་པོའི་རྣ་ཤེས་ཀྱི་ཚོར་བ་འགག་པས་ཅུང་ཟད་རེ་མ་གཏོགས་སྐད་བརྡ་འཕྲོད་ཐབས་བྲལ། འོན་ཀྱང་དེས་བཤད་ན་ཁོ་དེ་དུས་རུ་བ་རེད་རྒྱུས་མངའ་ཆེན་པོ་མེད་ཀྱང་ཁམས་ཀྱི་བླ་མ་རིན་པོ་ཆེ་བསམ་ཡས་ལ་ལོ་གཅིག་གི་རིང་སྐུ་མཚམས་བཞུགས་ཏེ། དེ་ནས་འདིར་ཕེབས་པར་གླེང་ཚོད་འདུག ད་ཁྱོས་ཤེས་པར་འདོད་ན་འདི་ནས་མར་ཅུང་ཟད་སོང་དང་ཟམ་ཁར་ཁྱིམ་ཚང་ཞིག་ཡོད་པ་དེ་བླ་མ་ཁོང་གི་ཡོན་བདག་གི་གཞིས་ཁྱིམ་རེད་དེས་ཤེས་ཐུབ་པ་རེད་ཟེར། བཤད་པ་ལྟར་དེར་སོང་ནས་དྲིས་ཚེ་དང་ཐོག་དྲང་བཤད་མི་བྱེད་པའི་ཟོལ་བསྟན་ཅིང་འཇམ་པོའི་སྒོ་ནས་ངེད་ཚོ་དང་ཕ་ཡུལ་གཅིག་ཡིན་སྟབས་རྒྱུས་ལོན་རེ་བྱེད་རྒྱུ་མ་གཏོགས། གཞན་པའི་དམིགས་ཡུལ་དང་དོན་དག་མེད་ཚུལ་བཤད་སྐབས་མཐར་ཕ་མ་རྒན་པ་ཚོའི་ངག་རྒྱུན་ལས་བཤད་ན། ཁོང་ཚང་ཁམས་ཀྱི་བླ་མ་རིན་པོ་ཆེའི་ཡོན་བདག་མཆོད་ཡིན་པ་རེད་བླ་མ་ཚང་ནི་སྐབས་རེར་མི་ཤི་ས་རེ་བྱོན་པ་ལས། སྐུ་མཚམས་རྐྱང་རྐྱང་བཞུགས་མཁན་ཡིན་པ་རེད་ཅེས་ཟེར། དེས་ན་བླ་མ་ཚང་གི་ཡིག་ཆ་རེ་དང་བཅའ་དངོས་རེ་མཇལ་ཁ་བསྟན་རོགས་བཤད་པར་བྲག་དམར་གཡའ་མ་ལུང་དུ་མཆོད་རྟེན་འགའ་རེ་བཞེངས་སྐབས་དེའི་ནང་དུ་ཡི་གེ་ཡོད་ཚད་བཞག་ཚར་བ་དང་། མཆོད་ཆས་ཡོངས་རྫོགས་དགོན་པ་ལ་འབུལ་ཚར་གཞན་ཁོང་གི་སྒྲུབ་ཕུག་གནས་འདི་ནས་ད་དུང་ཡར་འགྲོ་དགོས། དེང་སང་ཚེར་སྡོང་ཆེན་པོ་སྐྱེས་ཡོད་པས་སྒྲུབ་ཕུག་ནང་ཐར་ཅུང་ཟད་དཀའ་འདུག་ཟེར། དེ་ཙམ་གྱིས་ཆོག་པར་བྱས་ནས་དེ་ནས་ཕྱིར་གློ་བ་གྲོང་ཚོ་རུ་ཕྱི་འཕྲད་ཙམ་ལོག་ཐུབ་སོང་དེའི་ཉིན་དཀའ་ལྟོག་དང་འཇིགས་སྐྲག་ཡོད་ཚད་བསྐྱུར་ནས་རིན་ཐང་ཡོད་པའི་ལོ་རྒྱུས་ལ་རྟོགས་ཞིབ་ཅུང་ཙམ་ཐུབ་བོ་ཞེས་བརྗོད་དོ། །མཁན་རབས་བརྒྱད་པ།
བྲ་རིའི་མཁན་པོ་ཚུལ་ཁྲིམས་བཟང་པོ་ནི། ཕ་རྡོ་རྡོ་དང་མ་ཡུམ་བྱིས་ཆེན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ནར་སོན་པའི་ཚེ་རྫོགས་ཆེན་ལ་ཕེབས་ཏེ་བླ་མ་རྣམས་བསྟེན་ནས་སྒྲུབ་པ་ཉམས་ལེན་གྱི་བོགས་ཐོན། གངས་རི་ཐོད་དཀར་དུ་ལོ་དགུའི་རིང་ཨ་ནེ་ལོ་ཆེན་ལ་བསྟེན་ནས་ཟབ་མོ་གཅོད་ཁྲིད་དང་སྨིན་བྱེད་ཀྱི་དབང་གྲོལ་བྱེད་ཀྱི་གདམས་པ་མཐར་ཕྱིན་པ་གསན་ནས་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་བྱས་ཏེ་སྐུ་ཞིང་དུ་རྗེས་སོ། །
མཁན་རབས་དགུ་བ།
ཧོར་ཆུང་མཁན་པོ་རྒྱལ་བ་ནི། ཁམས་རྫ་ཆུ་ཁའི་ནང་ཚན་ཕྱག་ཚ་རུ་ཡབ་གོང་ལོ་དང་མ་ཡུམ་གཡུ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཅུང་ཙམ་སོན་པ་ན་ཀློག་བསླབས་ཏེ་རབ་ཏུ་བྱུང་ནས་རྫ་སྟོད་ལྕང་མ་རི་ཁྲོད་དུ་གྲྭ་སར་ཕེབས། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ཐུབ་དགའ་ཡིད་བཞིན་ནོར་བུ་རིགས་ཀྱི་བདག་པོར་བསྟེན་ནས། བྱང་སེམས་སྤྱོད་འཇུག་ཆེན་མོ། སྒྱུ་འཕྲུལ་གསང་བ་སྙིང་པོ་སོགས་བགྲང་བྱ་མང་པོའི་ཡུན་ལ་ཟབ་མོ་ཆོས་ཀྱི་གདམས་པ་ངོམས་མེད་དུ་རོལ། རྗེ་ཉིད་ལས་བསྙེན་པར་རྫོགས་པའི་སྡོམ་པ་ཞུས། མཁན་པོའི་མཚན་རྟགས་ཐོབ་སྟེ་ཕྱིར་རང་དགོན་དུ་བྱོན་ནས་སློབ་གཉེར་པའི་ཚོགས་ལ་བྱང་སེམས་སྤྱོད་འཇུག་ཆེན་མོ་སོགས་ཆོས་ཁྲིད་མང་དུ་གསུངས། སྐུ་ཚེའི་མཛད་པ་མཐར་མ་ཕྱིན་པར་ཞིང་དུ་གཤེགས་སོ། །
མཁན་རབས་བཅུ་བ།
ཧོར་ཚའི་མཁན་པོ་དུང་ཁོ་ནི། ཡབ་གསང་སྔགས་དང་ཡུམ་འཇིགས་སྒྲོན་གཉིས་ཀྱི་སྲས་སུ་མེ་སྦྲུལ་ལོ་དང་ཕྱི་ལོ་༡༩༡༧ ལོར་སྐུ་འཁྲུངས། རིམ་གྱིས་ནར་སོན་སྐབས་ཀློག་བསླབས་ནས་རབ་ཏུ་བྱུང་། འདིར་དགོན་ལ་མཁན་པོ་མེད་པས་རྫོགས་སྤྲུལ་ལྔ་བས་གྲྭ་ཚངས་ཡོངས་བརྟགས་འབྲས་འཕངས་པས་དུང་ཁོ་ལ་བབས། སྤྱིར་ཁོང་འཚོ་བ་ཧ་ཅང་ཞན་པས་འབྲེལ་ཡོད་ཚོས་བཤད་རྒྱུར་འཚོ་བའི་མཐུན་རྐྱེན་མཁོས་ཆུང་བས་གྲྭ་སར་ཕེབས་རྒྱུར་དཀའ་ལས་ཆེ་ཚུལ་རིན་པོ་ཆེ་ལ་ཞུས། ཁོང་གིས་བཀའ་ལན་ལ་ཕྱག་ཚ་ཚང་དང་རྫོགས་ཆེན་ཚང་གཉིས་ཀས་མི་གཅིག་ལ་འཚོ་བ་བསྐྲུན་ཐུབ་རྒྱུ་རེད། ངེས་པར་གྲྭ་སར་གཏོང་དགོས་ཞེས་བཀའ་ལུང་བཟློག་མེད་དུ་བབས་ཏེ་རྫོགས་ཆེན་ཤྲཱི་སེང་ལ་ཕེབས་ནས་མཁན་པོ་ཡོན་ཏན་མགོན་པོ་སོགས་ལ་བསྟེན་ནས་ཕྱིར་རང་ཡུལ་ལ་ཕེབས་ནས་སྔ་ཕྱི་གཉིས་ཆར་ལས་ཐོག་མཁན་པོའི་ཐུགས་འགན་བཞེས། ཡང་དར་གྱི་སྐབས་བོད་ཡིག་སློབ་གྲྭས་གདན་ཞུས་བཞིན་སྐུ་དངོས་ཕེབས་ནས་ཁྱབ་བདག་བླ་མ་རིན་པོ་ཆེ་དང་། གཟན་དཀར་རིན་པོ་ཆེ། མཁན་ཆེན་པདྨ་ཚེ་དབང་སོགས་ལ་མཁས་འཇུག་ལྗགས་ལུང་བསྩལ། དུས་འགྱུར་ནང་དཔེ་མེད་འོ་རྒྱལ་མྱོང་དྲག་པས་ཐུགས་རིག་མི་གསལ་བ་དང་ལྗགས་རྩལ་ཞན་པ་ལྟ་བུར་སྣང་ངོ་། །སྤྱི་ཚོགས་གསར་རྙིང་གི་ཁྲོད་ནས་བསྟན་དགོན་འདིར་བཀའ་དྲིན་རི་ལས་ལྕི་བའི་མཁན་རྒན་ཞིག་ཡིན་པར་སྙོམ་མེད་དུ་ལགས། མཐར་སྐུ་ཚེ་དང་མཛད་པ་མཐར་ཕྱིན་ནས་བསྟན་པ་ཡང་དར་གྱི་སྐབས་ཞིང་དུ་གཤེགས་ཏེ་སྐུ་གདུང་རིན་པོ་ཆེ་རྒྱབ་རིའི་ངོས་སུ་གཏེར་དུ་སྦས་སོ། །
མཁན་རབས་བཅུ་གཉིས་པ།
ལ་ཐོག་མཁན་པོ་བསམ་གཏན་ནི། ཕ་ཡབ་ཚེ་རྡོར་དང་མ་ཡུམ་འདན་སྐལ་དགའ་གཉིས་ཀྱི་སྲས་སུ་འཁྲུངས། རྫོགས་ཆེན་མཁན་པོ་ཐུབ་བསྟན་སྙན་གྲགས་སོགས་ལ་བསྟེན་ཏེ། སྐྱ་མོའི་བྲ་དཀར་ལ་བཞུགས་ནས་སྒྲུབ་པ་ཉམས་ལེན་ལ་བརྩོན། རང་ཡུལ་ནས་བསྟན་པ་བསྐྱངས་ཏེ་སྐུ་ཚེ་མཐར་མ་ཕྱིན་པར་ཞིང་དུ་གཤེགས་སོ། །
གཉིས་པ་ཡང་དར་གྱི་སྐབས་ནི།
ཡང་དར་བསྟན་པའི་ཉི་གཞོན་གསར་བ་གངས་རིའི་ལྷུན་པོའི་བ་གམ་དུ་མངོན་པར་འཁྱུད་པའི་སྐལ་བཟང་དུས་ཀྱི་གསེར་འཁོར་ཁྲོད་ནས་མངོན་པར་འཛུམ་པའི་ཐོག་མར་མཁན་རབས་བཅུ་གསུམ་པ་མཁན་སྤྲུལ་དབང་ཕྱུག་རྡོ་རྗེ་ནི།
བོད་ལྕགས་གླང་ལོའི་ཕྱི་ལོ་༡༩༦༡ ལོར་ཡབ་འཕྲིན་སྐྱབས་དང་མ་ཡུམ་རྒྱ་སྦེ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་དམ་པའི་ངང་ཚུལ་གྱི་སྤྱོད་པ་མངའ། རང་དགོན་གྱི་ཚོགས་གྲལ་ཞུགས་ནས་བཅའ་འབུད་གདངས་དབྱངས་སོགས་ལ་སྦྱང་བ་བྱས། རིམ་གྱིས་ལས་སློབ་གྲངས་ཚང་གི་དབུས་ར་ཧོར་མཁན་ཆེན་ཟླ་ཟེར་གྱི་མདུན་ནས་རབ་ཏུ་བྱུང་སྟེ་བསླབ་པ་རིན་པོ་ཆེ་མིག་འབྲས་ལྟ་བུར་བསྲུངས་ནས་བཙུན་པའི་ཚད་དུ་གླེང་།དགོན་འདིའི་གྲྭ་ས་ཕེབས་མཁན་ཆེས་སྔ་ཤོས་དེ་ཁོང་ཡིན་པ་དང་། རྫོགས་ཆེན་ཤྲཱི་སེང་ཕེབས་ནས་མཁན་པོ་ཟླ་ཟེར་ལ་བསྟེན་ནས་ལོ་དུ་མར་བཞུགས། ཀླུ་མདོ་ངེས་དོན་མདོ་སྔགས་ཆོས་འཁོར་གླིང་དུ་ཕེབས་ནས་མཁན་ཆེན་བླ་མ་ཆོས་དབྱིངས་ཁྱབ་བརྡལ་མཆོག་རིགས་ཀྱི་བདག་པོར་ཡུན་རིང་བསྟེན་ནས་མདོ་སྔགས་ཀྱི་ཆོས་སྐོར་མང་དུ་ཐོབ་ནས་དཔྱད་སྒོམ་སྤེལ་མར་ཉམས་བཞེས་མཛད། རྒྱུན་ལྡན་དག་པའི་སྣང་ངོར་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་རྗེ་བཙུན་སྒྲོལ་མ་ཞལ་མཇལ་བའི་ཉམས་སྣང་བྱུང་ཞེས་གསུངས། སྔ་ཕྱིར་ཀུན་ཏུ་ཨ་འཛོམས་འབྲུག་པ། དིལ་མགོ་མཁྱེན་བརྩེ། མཁན་པོ་མུན་སེལ། ཁང་སར་བསྟན་པོ། ཁྱབ་བདག་བླ་མ་རིན་པོ་ཆེ། མཁན་ཆེན་པདྨ་ཚེ་དབང་ལྷུན་གྲུབ། འབྲུག་པ་སྤྲུལ་སྐུ། རྟོགས་ལྡན་སྤྲུལ་སྐུ། མཁན་ཆེན་པདྨ་དབང་རྒྱལ། རྒྱ་རོང་དབོན་སྤྲུལ། མཁན་པོ་པདྨ་བློ་གྲོས། རྫོགས་ཆེན་འབྲུག་པ་སྤྲུལ་སྐུའི་མདུན་ནས་རྫོགས་སྐོར་གྱི་དབང་ལུང་མན་ངག་མང་དུ་ཞུས། ཁོང་གིས་ཞི་ཁྲོའི་ཙག་ལི་ཞིག་གནང་ནས་མ་འོངས་པར་རྫོགས་སྐོར་གྱི་དབང་ལུང་མན་ངག་གནང་དགོས་གསུངས། ཁྱད་པར་སྙིགས་དུས་ཀྱི་བསྟན་པའི་སྒྲོན་མེ་ཆེན་པོ་༧ཆོས་རྗེ་ཡིད་བཞིན་ནོར་བུ་དང་། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སོགས་ཀྱི་མདུན་ནས་མདོ་སྔགས་ཀྱི་ཟབ་ཁྲིད་མནོས་སོ། །
འདིའི་ཡས་མས་ལ་མཁན་རྒན་གཉིས་ཞིང་རྫོགས་ཏེ། རིག་གསར་གྱི་རྗེས་ནས་སྟོང་ཆའི་བར་དབྱར་གནས་མཁན་པོ་ཐོག་མར་ཨ་སེའི་མཁན་པོ་མགུར་རྡིས་ཚང་གདན་ཞུས་བཞིན་ལོ་ཁ་ཤས་མཛད་པ་དང་། ཕྱིས་རྫོགས་ཆེན་ནས་དབྱར་གནས་མཁན་པོ་ཆེད་མངགས་གནང་།
རྗེས་ནས་མཁན་པོ་ཁོང་གིས་རང་དགོན་གྱི་ལས་ཐོག་མཁན་རབས་དང་པོའི་འགན་ལོ་དྲུག་གི་རིང་བཞེས་པ་དང་། དགེ་བསྙེན་ལས་ཐོག་མཁན་པོའི་འགན་ཡང་ལོ་དུ་མར་བཞེས་ནས་བསྟན་འགྲོར་སྨན་པའི་མཛད་པ་སྐྱོང་བཞིན་པའི་སྐབས་སྙུང་གཞི་དྲག་པོས་ཉེ་བའི་ཆར་རེ་ཞིག་གདུལ་བྱ་གཞན་དོན་དུ་གཟིགས་ནས་སྤོས་ལྡན་སྨན་ཁང་དུ་སྐུ་གཤེགས་སོ། །
མཁན་རབས་བཅུ་བཞི་པ།
མཁན་བསོད་ནམས་འཕྲིན་ལས་ནི། བསྟན་པ་ཡང་དར་གྱི་མཁན་རབས་དང་པོ་དང་ཡབ་ཡུམ་གཅིག་གི་སྐུ་མཆེད་ཡིན། རྫོགས་ཆེན་ཤྲཱི་སེང་ལ་ཕེབས་ཏེ་ནང་ཆོས་སློབ་སྦྱོང་བྱས་ནས། རང་དགོན་དུ་ལས་ཐོག་མཁན་པོའི་འགན་བཞེས་པ་དང་ད་ལྟ་དགེ་བསྙེན་ལས་ཐོག་མཁན་པོའི་འགན་ཁུར་ནས་སྐུ་འཚོ་ཞིང་བཞུགས་པ་ལགས།
མཁན་རབས་བཅོ་ལྔ་པ།
མཁན་གསེར་འོད་ནི། ཡབ་འཛམ་དཀར་དང་མ་ཡུམ་རིན་ཆེན་སྒྲོལ་མ་གཉིས་ཀྱི་སྲས་སུ་བོད་ཆུ་གླང་ལོར་སྐུ་འཁྲུངས། རྫོགས་ཆེན་ཤྲཱི་སེང་ལ་ཕེབས་ཏེ་ནང་ཆོས་སློབ་སྦྱོང་བྱས་ནས་མཁན་པོའི་ལག་ཁྱེར་བཞེས། རང་དགོན་དུ་ལས་ཐོག་མཁན་པོའི་ཕྱག་ལས་གནང་སྟེ། ད་ལྟ་སྐུ་འཚོ་ཞིང་བཞུགས་པ་ལགས།
མཁན་རབས་བཅུ་དྲུག་པ།
མཁན་བཀྲ་ཤིས་སྟོབས་རྒྱལ་ནི། བོད་ལྕགས་ཁྱི་ལོར་སྐུ་འཁྲུངས། རྫོགས་ཆེན་ཤྲཱི་སེང་ལ་ཕེབས་ཏེ་ནང་ཆོས་སློབ་སྦྱོང་བྱས་ནས་གཞན་ཕན་མཐའ་ཡས་ཕྱག་ཁྱེར་བཞེས། རང་དགོན་དུ་ལས་ཐོག་མཁན་པོའི་ཕྱག་ལས་གནང་ནས་ད་ལྟ་སྐུ་འཚོ་ཞིང་བཞུགས་པ་ལགས།
མཁན་རབས་བཅུ་བདུན་པ།
མཁན་ཚེ་རིང་དོན་འགྲུབ་ནི། ཡབ་ཐུབ་ཆོས་དང་མ་ཡུམ་བདེ་སྒང་གཉིས་ཀྱི་སྲས་སུ་བོད་མེ་སྦྲུལ་ལོར་སྐུ་འཁྲུངས། རྫོགས་ཆེན་ཤྲཱི་སེང་ལ་ཕེབས་ཏེ་ནང་ཆོས་སློབ་སྦྱོང་བྱས་ནས་མཁན་པོའི་ཕྱག་ཁྱེར་ཐོབ། རང་དགོན་དུ་ལས་ཐོག་མཁན་པོའི་འགན་བཞེས་པའི་སྐབས་དགོན་འདིར་བཤད་གྲྭའི་དབུ་ཐོག་མར་བཙུགས། གྲྭ་ནོར་བུ་སྐྱབས་ཀྱིས་བཤད་གྲྭའི་ཁོར་ཡུག་གི་རྨང་གཞིའི་གྲྭ་ཤག་བསྐྲུན་པའི་མཐུན་རྐྱེན་ཡང་སྦྱར། ད་ལྟ་སྐུ་འཚོ་ཞིང་བཞུགས་པ་ལགས།
མཁན་རབས་བཅོ་བརྒྱད་པ།
མཁན་པོ་བཀའ་དྲིན་ཅན་ཐུབ་བསྟན་ཤེས་རབ་བམ་བཀའ་བཅུ་སངས་རྒྱས་ནི། ཕྱི་ལོ་༡༩༧༢ དང་བོད་ཆུ་བྱི་ལོར་ཕྱག་ཚ་ལྷ་སྡེ་རུ་སྐུ་འཁྲུངས་ཏེ། ཁོང་གི་སྙན་རྩོམ་ལས། ཨེ་མ་ནོར་འཛིན་ཡངས་པའི་ཁྱོན་གྱི་མཛེས་པ་མ་ལུས་རབ་རྫོགས་པའི། །ཡིད་འོང་ཟླ་རྒྱུད་འཛིན་མའི་པང་འདིར་བུ་ཆུང་ང་ཡི་ལྟེ་ཁྲག་འཕོས། །གསུངས་པ་ལྟར་རོ། །ཆུང་དུས་ནས་ཨ་ཕྱིས་ཉར་ཚེགས་བྱས་ནས་གཉོམ་ལག་རྒྱས། སྒོ་དང་སྒེའུ་ཁུང་ས་གཞིའི་ཡར་མར་སྟེང་བྱ་བྲུན་ནང་ཡི་གེ་མང་པོ་རང་བྱུང་དུ་དོད་འདུག་པས་འདི་ཅི་ཡིན་ན་ཟེར་ནས་ཨ་ཕྱིས་དུས་རྒྱུན་ནང་མི་ཚོར་གླེང་བ་ལས་གཞན་ལ་གོ་མི་བཅུག རིམ་གྱིས་ནར་སོན་ནས་དགུང་གྲངས་བརྒྱད་སྟེང་གནག་ཕྱུགས་ཀྱི་རྫི་བོའི་ཞོར་དུ་ཡི་གེ་འབྲི་ཀློག་གི་མགོ་བཟུང་ཡང་དཀའ་ཚེགས་མེད་པར་ཐུགས་སུ་ཆུད་དེ། གཞོན་སྐྱེས་ལུས་ཕུང་སྟེང་འཐུང་འདབ་ཡངས་རྩྭ་ཐང་དཀྱིལ་དུ་འཚར་ལོངས་བྱུང་། །བགྲང་བྱ་དུ་མར་དབྱར་སྐྱེས་མེ་ཏོག་དཔྱིད་དཔལ་ཕོ་ཉའི་མགྲིན་གླུ་དང་། །དགུན་གྱི་གྲང་རེག་སྟོན་འབྲས་དུས་ཀུན་དགའ་སྐྱོའི་སྣང་ཤེས་རྩེན་བཞིན་དུ། །ཐ་གྲུ་ཡངས་པའི་རྩྭ་ཐང་དཀྱིལ་དུ་ཕྱུགས་སྐྱོང་རྫི་བོའི་ངང་ཚུལ་བྱས། །ཞེས་དང་། བསིལ་བསིལ་རྒྱུ་བའི་འཁྱག་རླུང་ཁྲོད་དུ་ཧྲུལ་བོའི་གོས་དང་སློང་མོའི་ཟས། །ངལ་དུབ་སྐྱོ་བའི་འཚོ་ཆས་ལ་བརྟེན་ལུས་ཀྱི་ལྕུག་ཕྲན་ནར་སོན་སྐབས། །འཕྲལ་རྐྱེན་ལེགས་པའི་གྲིབ་བསིལ་འོག་ཏུ་བུ་ཆུང་ང་ཡི་ཤེས་རྒྱུད་སྟེང་། །ཀ་མད་སུམ་ཅུའི་ས་བོན་ལ་བརྟེན་ཤེས་བྱའི་པདྨོ་བཞད་མགོ་བརྩམས། །མཐར་ཡུལ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཆོས་སྒར་དེ་སྟོང་སྐབས་མཁན་པོ་མཆོག་གསེར་རྟ་བླ་རུང་ཆོས་ཀྱི་གྲོང་ཁྱེར་དུ་ཕེབས་ནས་སྐྱབས་རྗེ་ཡིད་བཞིན་ནོར་བུ་༧འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱི་མདུན་དྲུང་ནས་བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ་སོགས་ཟབ་རྒྱས་ཆོས་ཀྱི་དགའ་སྟོན་དཔག་མེད་མྱོང་བ་དང་། བླ་མ་རིན་པོ་ཆེ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས། མཁན་ཡེ་ཤེས་ཕུན་ཚོགས། མཁན་ཚུལ་ཁྲིམས་སོགས་ཡོངས་ཀྱི་དགེ་བའི་བཤེས་གཉེན་མང་པོར་བསྟེན། ཕྱི་ལོ་༡༩༩༩ ལོར་ལུགས་གཉིས་གང་ཐད་ནས་བཀའ་དྲིན་རི་ལས་ལྕི་བའི་ཨ་སེའི་མཁན་ཆོས་གྲགས་མཆོག་གིས་ཡར་ཕེབས་དགོས་ཚུལ་བཀའ་ལུང་གནང་མཐར་མཁན་པོས་དེ་བཞིན་ལེགས་སོ་ཞུས། འོན་ཀྱང་ནམ་ཞིག་ཁོ་བོ་ཕྱག་ཚ་དགོན་གྱིས་ཆུ་ལེན་ཐལ་ཕོའི་ཡན་གྱི་འགན་གང་བསྐོས་ཚེ་མ་སོང་ཐབས་མེད་ཡིན། གལ་ཏེ་ཅི་ཡང་འགན་མ་བཞག་ན་ཁྱེད་ཀྱིས་གང་གསུངས་ཡིན་ཞུ་བ་ཕུལ། སྤུན་འབྲོང་ལྡེའུ་ཡིས་དེ་བཞིན་རྟིང་སྐུལ་བྱས་པ་ལྟར་ཨ་སེ་དགོན་ཐུབ་བསྟན་བསྟན་གཉིས་དར་རྒྱས་གླིང་གི་ལས་ཐོག་མཁན་པོའི་འགན་བཞེས་ཏེ། ལོ་དྲུག་གི་རིང་དུ་གྲྭ་འཁོར་ཡུལ་སྡེ་གཉིས་ལ་ལུགས་གཉིས་ཀྱི་བཀའ་སློབ་འཆད་ཁྲིད་རྒྱུན་བསྐྱངས་བྱས་ཏེ་བཞུགས། དབྱར་གནང་གི་དུས་ཚོད་བར་གསེང་ནས་ཁང་སར་བསྟན་པའི་དབང་ཕྱུག་གི་མདུན་ནས་ཁྲིད་ཡིག་ཡེ་ཤེས་བླ་མ་འཆད་ཁྲིད་རྒྱས་པ་གསན།གྲུབ་དབང་ལུང་རྟོགས་ཀྱི་མདུན་ནས་ཟབ་ཆོས་དུ་མ་ཞིག་ཀྱང་ལེགས་པར་ཐོབ། ཁྱབ་བདག་བླ་མ་རིན་པོ་ཆེའི་སྐུ་དྲུང་ནས་ཟླ་གཉིས་ཀྱི་རིང་ཁྲིད་ཡིག་ཡེ་ཤེས་བླ་མ་རྒྱབ་ཆོས་དང་བཅས་པ་ཞིབ་རྒྱས་སུ་གསན་ནས་ཕུ་ཐག་ནང་ནས་ཆོད་པའི་སྦྱངས་པ་མཐར་ཕྱིན་པར་བྱས་ཏེ་ཉམས་སུ་བླངས། ཨ་སེའི་མཁན་པོ་ཆོས་ཀྱི་གྲགས་པའམ་འགྲོ་འདུལ་ཡེ་ཤེས་རྡོ་རྗེ་མཆོག་གིས་དམ་པ་ཁོང་ནི་མཁས་མཆོག་གུ་རུ་བཀྲ་ཤིས་ཀྱི་ཡང་སྲིད་འཁྲུལ་བྲལ་གྱི་མཚན་གྱི་ཅོད་པན་དབུ་ལ་སྒྲོན་ན་ཡང་དམ་པ་ཁོང་ནི་ཆེན་པོའི་མིང་ལ་དེ་ཙམ་མི་དགྱེས་པས་དང་ལེན་མ་བྱས་ན་ཡང་མཁན་པོ་མཆོག་གིས་གསུངས་ན་དམ་པ་འདི་ཉིད་ཉི་གྲགས་དགོན་པ་གང་རུང་ཞིག་ནས་བསྟན་པ་འཛིན་སྐྱོང་བྱས་ན་སྐུ་ཚེ་དང་འགྲོ་དོན་བླ་ལྷག་ཏུ་རྒྱས། དེ་མིན་བཞུགས་ན་སྐུ་ཚེ་མཐར་མི་ཕྱིན་ཅེས་ཞལ་འཕྲོས་ལས་ཡང་ཡང་གསུངས་སོ། །
སྐབས་ཤིག་ཁོང་དང་འབྲེལ་ཡོད་ཀུན་ཀྱིས་མཁན་པོ་ཆོས་གྲགས་ལ་གསང་རྒྱ་བྱས་ནས་གཞན་གྱིས་མཐུན་འགྱུར་དང་ཁོང་ཉིད་ཀྱང་རྒྱ་ཡུལ་དུ་ཕེབས་པར་འདོད་ནས་གནང་ཉིན་ཕེབས་རྒྱུའི་སྟ་གོན་གྱི་གྲ་སྒྲིག་སྔོན་བཏང་བྱས་པར་སུ་དང་གང་གིས་ཐོས་མི་སྲིད། མཁན་པོ་ཆོས་གྲགས་ཀྱི་དེ་ལས་ཀྱང་གསན་མི་ཐུབ། གང་ལྟར་ནངས་མོ་ཞོགས་ཁར་ཡེ་ཤེས་རང་གྲོལ་ཚང་གི་གདན་འཇོག་ཁ་པར་སྟེང་དུ་མཁན་པོ་ཆོས་གྲགས་ཀྱིས་ཞལ་པར་གཏོང་ནས་དེར་ཐུབ་བསྟན་ཤེས་རབ་ཡོད་དམ་ཡོད་ན་ཁ་པར་ཉོན་གསུངས་ནས། ཁོང་ལ་མདུང་ནུབ་དཔལ་ལྡན་ལྷ་མོ་ཡིན་པ་འདྲ་བས་ལུང་བསྟན་ཞིག་གསུངས་སོང་དེ་ཡིག་ངོས་སུ་ཕོབ་གསུངས་འཕྲལ་ལུང་བསྟན་དེ་ཐོར་བྱུང་གི་ཚུལ་ཞལ་པར་ནང་ནས་འབྲི་བཅུག་སྟེ།ཨེ་མ་སྐལ་བཟང་སྐྱེས་བུ་ལགས༔ ཁོ་བོའི་རྨི་ལམ་ཉིང་འཁྲུལ་དུ༔ ད་ལྟ་དཔལ་རི་རྩེ་དགུ་དེ༔ དྲ་བ་གཙུག་དགུའི་སྣང་བ་ཤར༔ བུད་མེད་སྔོ་བསང་ཁྲོ་ཉམས་ཅན༔ ལག་ན་རྩེ་གསུམ་ཐོག་པ་ཡིས༔ བརྡ་དོན་རྡོ་རྗེའི་ཚིག་འདི་ཐོས༔ ཁྱོད་ཀྱིས་སྐྱོང་བའི་སྐྱེས་བུ་དེ༔ སྔོན་ཚེ་འཕགས་ཡུལ་བྷེ་ཏའི་ཡུལ༔ བྲམ་ཟེའི་རིགས་སུ་སྐྱེས་པ་དང་༔ ཁ་བ་ཅན་འདིར་བློ་གྲོས་མཚན༔ སུརྱ་དྷཱཀྐི་དྷརྨའི་མིང་༔ ཁམས་ཀྱི་ཕྱོགས་སུ་མངྒ་ལམ༔ ལ་སོགས་དག་དང་མ་དག་པའི༔ སྐྱེ་བ་དུ་མ་བླངས་པའི་མཐར༔ ད་ལམ་བློ་གྲོས་ཕུན་ཚོགས་མོད༔ འོན་ཀྱང་ཚེ་ཆོས་བར་ཆད་ཆེ༔ བློ་བུར་རླུང་ནག་འཚུབ་པའི་ངོ་༔ སྒྱུ་མའི་ནོར་དང་སྡིག་གྲོགས་ཀྱིས༔ ལོག་པའི་ལམ་དུ་བསྒྱུར་ཉེན་ཆེ༔ གསུམ་བཞིའི་ནང་ལ་ཚེ་ཆོས་འཕྲེང་༔ ཀུ་མ་ར་ཡི་བསྙེན་སྒྲུབ་དང་༔ ཁྱད་པར་ཡི་དམ་རྟ་མགོ་ཅན༔ སྙིང་གི་དཔལ་བེར་རྒྱ་ཡིས་ཐོབ༔ ཚེ་རབས་སྔོན་གྱི་བླ་མ་ནི༔ ཛྙ་ནའི་མིང་ཅན་སྦས་པའི་ཚུལ༔ པདྨ་མ་ཏི་བྷ་དྲ་དང་༔ བཛྲའི་མིང་ཅན་གཙུག་ཏུ་བཀུར༔ བྷུ་སུ་ཀུ་བའི་རྟུལ་ཞུགས་ཀྱིས༔ ཕྱག་ན་པད་དཀར་འཆང་བ་བསྙེན༔ ཚེ་ཆོས་བར་ཆད་འཕྲེང་ལས་བསྒྲལ༔ ལྷག་པའི་ལྷ་ཡིས་རྗེས་སུ་འཛིན༔ མཁས་གྲུབ་ཀུན་གྱི་གཙུག་ན་རྒྱལ༔ འགྲོ་དོན་ཉི་འོག་ཁྱབ་པ་ཡོང་༔ དེ་སྐད་སྨྲས་ནས་སྐད་ཅིག་དེར༔ འཁྲུལ་སྣང་ཐིག་ལེ་སྔོན་པོ་ཡལ༔ ཨི་ཐཱི་རྒྱ༔ གསུངས་འཕྲལ་སླར་ཡང་ནན་ཏན་ཆེན་པོས་བར་ཆད་ཀྱི་འཚུབ་མ་ཤིན་ཏུ་ཆེ་བས། སང་ཉིན་ནས་སྐུ་མཚམས་བཅད་རྒྱ་ལ་བཞུགས་གསུངས། དེའི་ཕྱི་ཉིན་གྲ་སྒྲིག་དབང་དུ་རྒྱ་ཡུལ་ལ་ཕེབས་རྒྱུར་ཡིན་ཡང་འདུན་པ་དེ་ལྷོད་ཀྱིས་བསྐྱུར་ནས་ཕྱི་ཉིན་ནས་རིག་འཛིན་ཆེན་མོའི་གདན་ས་ནོར་གླིང་རི་ཁྲོད་དུ་སྐུ་མཚམས་བཞུགས།ཕྱི་ལོ་༢༠༠༨ དང་བོད་ས་གླང་ལོར་རང་དགོན་དུ་ལས་ཐོག་མཁན་པོའི་འགན་བཞེས་ཏེ། བཤད་གྲྭའི་རྒྱུན་ཇེ་རྒྱས་སུ་བཏང་ནས་སློབ་གཉེར་པའི་ཚོགས་ལ་སུམ་རྟགས་དག་གསུམ། སྙན་ངག ཚད་མ་རིགས་གཏེར། ཚད་མ་རྣམ་འགྲེལ་སོགས་དང་ཞོར་དུ་ཐར་འདོད་དོན་གཉེར་ཅན་མི་སྐྱ་ཕོ་མོའི་ཚོགས་ལ་རྒྱུན་ལྡན་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་དང་། བྱང་སེམས་སྤྱོད་འཇུག་ཆེན་མོ་སོགས་བཀའ་ཁྲིད་གནང་ནས་དགོན་འདིར་བསྟན་པའི་མེ་རོ་ཞིག་གཞི་ནས་གསར་དུ་བསླངས་སོ། །ཕྱི་ལོ་༢༠༠༩ ལོར་སྐད་ཡིག་ཟབ་སྦྱོང་བཙུག་ནས་ཁོར་ཡུག་ཅིག་ལ་ཡིག་རྨོངས་བསལ་བའི་བཀའ་དྲིན་གྱི་གཟི་འོད་བསྩལ། རིམ་གྱིས་སྔོན་ཕྱི་ལོ་༡༩༩༤ བོད་རབ་བྱུང་༡༧ པའི་ཤིང་ཁྱི་ལོར་༧ ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་མཆོག་རྫ་ཕྱག་ཚ་དགོན་དུ་ཕེབས་པ་ན་དགོན་པ་འདི་
རབ་བྱུང་གི་སྡེ་ཞིག་ཏུ་བསྒྱུར་ཐུབ་ན་ཧ་ཅང་བཟང་སོགས་གསུངས་པ་དེར་མཁན་པོ་ཁོང་གིས་༧ ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་ཐུགས་བཀོད་བཞིན་བསྟན་པ་དག་གཙང་གནང་བ་ན་དཀའ་ཁག་མང་པོ་བྱུང་ཡང་ཐུགས་སྟོབས་བསྐྱེད་དེ་བྱ་བ་རྒྱུན་མ་ཆད་པར་བསྒྲུབས་པས་ད་ལྟ་དགོན་པ་དེ་ཕྱི་གཙང་ནང་གཙང་པདྨ་དཀར་པོའི་སྦུབས་ལྟ་བུར་གནས་ནས་ཡོད་པ་འདི་མཁན་པོ་བཀའ་དྲིན་ཅན་ཁོ་ནས་ཐུགས་བསྐྱེད་དང་བདག་རྐྱེན་ལས་བྱུང་བ་འདི་རྩོད་མེད་ཉག་གཅིག་ཏུ་གྲུབ་པ་ཡིན་ནོ། །སྙིང་པོའི་བསྟན་པ་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་བླ་ནས་བླ་རུ་བསྒྲེངས་ཏེ། དགེ་འདུན་གྱི་སྡེས་བཤད་སྒྲུབ་འཁོར་ལོ་གཉིས་བཟུང་ནས་དུས་ཀྱི་མཐའ་འདིར་ཁོར་ཡུག་ཅིག་ལ་རབ་བྱུང་ངུར་སྨྲིག་གིས་ས་གཞིར་དཀྲིགས་ཏེ་སྤང་རྟོགས་ཡོན་ཏན་གྱིས་ཕྱུར་བུར་བལྟམས་པའི་མཛད་འཕྲིན་དུས་གཅིག་ལ་རྫོགས་པ་འདི་སྔོན་སྨོན་ཐུགས་བསྐྱེད་དུས་སུ་སྨིན་པར་གོར་མ་ཆག གསུང་སྐྱེས་བུ་སློབ་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་རྒྱུན་སྐྱོང་ཐུབ་པ་བློ་བཟང་དོན་འགྲུབ་དང་། ཐུབ་བསྟན་རྣམ་རྒྱལ། ཆོས་ཉིད་རྒྱ་མཚོ། ཆོས་ཉིད་གྲགས་པ། ཚེ་དབང་རྡོ་རྗེ། པདྨ་བཀྲ་ཤིས། ཨོ་རྒྱན་རྣམ་རྒྱལ། རྡོ་རྗེ་འབར་བ། འཕེལ་རྒྱས། འཕེལ་རྡིས། པད་ཟླའི། ཤེས་རབ་རྒྱལ་མཚན་དང་། འཇམ་དཔལ་ཚེ་རིང་། དར་རྒྱས་ཡེ་ཤེས། དགེ་ལེགས་ཕུན་ཚོགས། འགྱུར་མེད་དབང་གྲགས། ཚེ་རིང་བསམ་འགྲུབ། བཀྲ་ཤིས་རྡོ་རྗེ་དང་། ཆོས་དང་འཇིག་རྟེན་གཉིས་ཀས་བཀའ་དྲིན་གཞལ་མཐའ་བསྐྱངས་པའི་དམན་པ་རང་དང་བཅས་ཚར་དུ་དངར་བ་བཅུ་ཕྲག་དུ་མར་མི་ནུབ་པའི་རྒྱལ་མཚན་ལྟ་བུ་བསྐྱངས་སོ། །འདས་མ་ད་གསུམ་ལ་རང་རེའི་དགོན་དུ་མཁས་བཙུན་བཟང་གསུམ་དང་མི་གཞིའི་སྤུས་ཚད་མདོར་ན་ཤེས་འཇོན་གཉིས་ལྡན་གྱིས་ཕྱུག་པའི་དམ་པ་གང་འདྲ་ཞིག་འབྱོན་པར་དཀའ་ཡང་སྨག་རུམ་གྱི་ཁྲོད་ནས་གློག་འགྱུ་སྐད་ཅིག་འཁྱུགས་པ་ལྟར་སྣང་བ་འདི་ང་ཚོའི་བསོད་ནམས་སྟོང་གིས་བསྐྲུན་པའི་སྐལ་བ་ཞིག་ཅིས་མིན།
ཕྱི་ལོ་༢༠༡༦ ལོར་ཁམས་རྫ་ཆུ་ཁའི་སྔ་འགྱུར་རྒྱལ་བསྟན་དར་སྤེལ་ཚོགས་པའི་རྒྱུན་ལས་ཀྱི་འགན་བཞེས་ཏེ་བསྟན་དང་འགྲོ་བའི་དཔལ་མགོན་དུ་སྐུ་འཚོ་ཞིང་བཞུགས་པའི་སྐབས། བོད་མེ་སྤྲེལ་ལོའི་དགུན་ཟླ་ཐ་ཆུང་གི་ཚེས་བཅུ་བདུན་དགོང་མོར་གློ་བུར་སྙུང་ཚབས་ཆེ་བར་བཞེས། དེའི་རིང་དུ་ཡུལ་དགོན་གཉིས་ཀྱིས་སྨན་དང་རིམ་གྲོ་བློས་མི་ཤོང་བར་བསྒྲུབས་ཀྱང་སེམས་ཅན་གྱི་བསོད་ནམས་དམན་པའི་སྟབས་ཀྱིས་བོད་མེ་བྱ་ལོའི་དཔྱིད་ཟླ་འབྲིང་པོའི་ཚེས་བཅུ་གཉིས་ཀྱི་མཚན་མོའི་དུས་ཚོད་དང་པོ་དང་སྐར་བདུན་གྱི་སྟེང་སྐུ་ཚེ་མཐར་མ་ཕྱིན་པར་རང་དགོན་གྱི་གདན་སར་དགོངས་པ་གཞན་དོན་དུ་མྱ་ངན་ལས་འདས་སོ། །
མཁན་རབས་བཅུ་དགུ་པ།
མཁན་ཨོ་རྒྱན་ཚེ་རིང་ནི། གོང་གི་མཁན་རབས་བཅོ་ལྔ་བ་དང་ཡབ་ཡུམ་གཅིག་གི་སྐུ་མཆེད་ཡིན། རྫོགས་ཆེན་ཤྲཱི་སེང་ལ་ཕེབས་ཏེ་ནང་ཆོས་སློབ་སྦྱོང་བྱས་ནས་མཁན་པོའི་ཕྱག་ཁྱེར་བཞེས། རང་དགོན་དུ་ལས་ཐོག་མཁན་པོའི་ཕྱག་ལས་གནང་ནས་ད་སྐུ་འཚོ་ཞིང་བཞུགས་པ་ལགས།
མཁན་རབས་ཉི་ཤུ་པ།
དམན་པ་རང་ཉིད་དོ། །
མཁན་རབས་ཉེར་གཅིག་པ།
མཁན་འཇམ་དཔལ་ཚེ་རིང་ནི། ཡབ་རིག་འཛིན་རྡོ་རྗེ་དང་མ་ཡུམ་ལུག་ལྷ་གཉིས་ཀྱི་སྲས་སུ་བོད་ས་རྟ་ལོར་སྐུ་འཁྲུངས། ལྷ་སྒང་ནང་བསྟན་སློབ་གྲྭ་རུ་ཕེབས་ཏེ་ནང་ཆོས་སློབ་སྦྱོང་བྱས་ནས། རང་དགོན་དུ་ལས་ཐོག་མཁན་པོའི་འགན་བཞེས་ནས་ད་ལྟ་སྐུ་འཚོ་ཞིང་བཞུགས་པ་ལགས།
མཁན་རབས་ཉེར་གཉིས་པ།
མཁན་ཤེས་རབ་རྒྱལ་མཚན་ནི། ཡབ་བསོད་རྒྱམ་དང་མ་ཡུམ་སྨུག་རིས་གཉིས་ཀྱི་སྲས་སུ་བོད་ཤིང་ཕག་ལོར་སྐུ་འཁྲུངས། རང་དགོན་བཤད་གྲྭ་ཐུབ་བསྟན་ལེགས་བཤད་བྱང་ཆུབ་ཆོས་གླིང་ནས་ནང་ཆོས་སློབ་སྦྱོང་བྱས་ཏེ་མཁན་པོའི་ཕྱག་ཁྱེར་བཞེས། ད་ལྟ་ལས་ཐོག་མཁན་པོའི་ཕྱག་ལས་གནང་ནས་སྐུ་འཚོ་ཞིང་བཞུགས་པ་ལགས་སོ། །
གསུམ་པ་སྦས་པའི་བརྟུལ་ཞུགས་འཛིན་པ་བསྟན་འཛིན་གྱི་སྐྱེས་བུ་གཞན་ཇི་ལྟར་བྱོན་ཚུལ།
སྐྱབས་མཆོག་བདེ་ཆེན་འོད་ཟེར་མཐའ་ཡས་ནི། ཀུན་མཁྱེན་འཇིགས་མེད་གླིང་པའི་སྐུ་ཕྲེང་གཉིས་པ་མདོ་མཁྱེན་བརྩེ་སྐྱེས་བུ་ཡེ་ཤེས་རྡོ་རྗེའི་ཐུགས་ཟིན་གྱི་དངོས་སློབ་དམ་པ་ཉེ་གནས་བདེ་ཆེན་འོད་ཟེར་མཐའ་ཡས་ནི། ཕྱག་ཚ་མདོ་ཤུལ་ཟེར་བའི་དུད་ཁྱིམ་ཞིག་ལ་འཁྲུངས། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་རྫ་དཔལ་སྤྲུལ་སོགས་ལ་བསྟེན། གཤིན་རྗེའི་སྒྲུབ་ཕུག་ནས་དཔལ་སྤྲུལ་རིན་པོ་ཆེས་ཐོག་མར་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་སློབ་མ་ཉུང་ཤས་ཞིག་ལ་གསུངས་སྐབས་ཆོས་དེའི་འཁོར་གྱི་ཐོག་མའང་ཡིན། མཐར་ཁོང་སྔོན་སྨོན་ལས་ཀྱིས་འབྲེལ་བའི་བླ་མ་མདོ་མཁྱེན་བརྩེ་རིན་པོ་ཆེ་དང་མཇལ་ནས་ཁོང་རྣམ་གཉིས་ལྷ་ས་རུ་ཕེབས། ཡར་ལམ་མ་ཡུམ་ལ་ཐུག་འཕྲད་སྐབས་མཁྱེན་བརྩེ་རིན་པོ་ཆེ་ལ་མ་ཡིས་ཞུ་དོན། ང་ལོ་མཐོ་ངེད་ཚང་འབྱོར་བ་ཞན་པས་བུ་འདི་ཁྲིད་འགྲོ་མི་ཉན་ཞུས་པས། བླ་མས་ད་རེབ་རྟེན་འབྲེལ་གྱི་སྒོ་ཀུན་ནས་ཚོགས་པས་ཁྱོད་རང་གི་བུ་ངས་ཁྲིད་མ་སོང་ཐབས་མེད་ཡིན། འོན་ཀྱང་མར་ལམ་ཁྱོད་ཚང་ལ་ངེད་གཉིས་སྐོར་ཡང་གསུངས་ནས་དབུས་ལྷ་ལྡན་དུ་བྱོན། ལོ་རྗེས་མར་མཁྱེན་བརྩེ་རིན་པོ་ཆེ་མདོ་ཤུལ་ཚང་གི་ཁྱིམ་གཞིས་ལ་ཕྱག་ཕེབས་གནང་། ཁོང་ཚང་ལ་མཛོ་ལུ་སྐེ་ན་ལྦ་བ་ཐོ་ཐོ་ཅན་ཞིག་ཡོད་པ་དེ་ཤི་བ་དང་འཕྲད་མཛོ་ལུ་དེའི་ལྦ་བ་ཐོ་ཐོ་དེའི་ནང་གཡང་རྫས་རིགས་བསྡུས་ཏེ།མདོ་མཁྱེན་བརྩེ་རིན་པོ་ཆེ་དབུ་བཞུགས་བྱས་ནས་ཉིན་གསུམ་གྱི་རིང་ལ་གཡང་སྒྲུབ་སྐྱེས་པར་མ་ཟད་ལྷ་སའི་ལམ་ནས་མཁྱེན་བརྩེ་རིན་པོ་ཆེས་མེ་ཏོག་གི་རྩི་ཡིས་བྲིས་པའི་རྟ་མགྲིན་རྟ་ནག་གི་ཐང་ག་ཞིག་ཡོད་པ་དེ་མདོ་ཤུལ་ཚང་ལ་གནང་ནས་ད་ཕན་རྒྱུ་འབྱོར་གྱི་ཐད་ནས་དཀའ་ལས་མི་ཡོང་གསུངས། ད་ལྟའང་ཞལ་ཐང་དེ་གསལ་ལ་མི་གསལ་བའི་རྣམ་པ་ཙམ་ལས་གཡང་སྒྱེ་དེ་དང་ཞལ་ཐང་གཉིས་བླ་མ་འོད་ཟེར་མཐའ་ཡས་ཁོང་གི་ཁྱིམ་རྒྱུད་ཀྱི་མིའི་ལག་ཏུ་དངོས་སུ་བཞུགས་པ་ད་ལྟའང་མཇལ་རྒྱུ་ཡོད་པ་རེད། སྐུ་ཚེའི་སྨད་དུ་ཆོས་ཕྱིར་ཆེད་ཕ་ཡུལ་སྤངས་ནས་ཡུལ་གཞན་དུ་འབྱོན་ཚེ་ཕྱག་ཚའི་ཡུལ་སྐྱོང་ཟོ་དོར་རྣམ་ལྔས་ཀོ་ལོང་གི་རྣམ་པ་ཅུང་ཟད་བསྟན་སྐབས། དེ་བཟློག་པའི་ཆེད་ཁོང་གིས་གསོལ་མཆོད་འདི་གསུངས་ཏེ། ཀྱེ། འགོ་བའི་ལྷ་དང་ཕ་ལྷ་མ་ལྷ་དང་། །ཞིང་ལྷ་སྲོག་ལྷ་ཡུལ་གྱི་ལྷ་ཆེན་པོ། །རྫ་རྒྱལ་འཕན་ཕྱུག་སྙུག་གུ་སྟག་རྩེ་དང་། །མགར་བ་མཆེད་གསུམ་ཀི་ལ་དར་འཛོམས་དང་། །མཚལ་དིལ་མ་ཡུམ་དགེ་བསྙེན་གུར་དཀར་ཅན། །ནོར་བུ་གླིང་དང་དུང་རི་ལུག་ཕྱུགས་སོགས། །ཡུལ་འདིའི་ཕུ་མདའ་ཉིན་སྲིབ་སྟེང་འོག་ལ། །དབང་བསྒྱུར་ལྷ་ཀླུ་གཉན་བཙན་བདུད་དང་རྨུ། །སྨན་དང་མ་ཡམས་ས་ཐེལ་ལ་སོགས་པའི། །ཕན་གནོད་བྱེད་པའི་ཡུལ་ལྷ་ཟོ་དོར་ལ། །འདོད་ཡོན་ལྔ་ལྡན་གསེར་སྐྱེམས་འབུལ་གྱིས་བཞེས། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར། །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ལ། །སྔོན་བསུས་རྒྱབ་སྐྱོར་དཔའ་ཡ་དཔུང་གྲོགས་མཛོད། །ལེགས་སྤེལ་ཉེས་བཟློག་སྡོང་གྲོགས་མ་ཆུང་ཞིག ། རྣལ་འབྱོར་འདོད་པའི་དོན་དང་གང་བཅོལ་ལས། །མྱུར་དུ་འགྲུབ་པའི་འཕྲིན་ལས་འགྲུབ་པར་མཛོད། །རང་ཡུལ་ཕྱོགས་ཀྱི་ཟོ་དོར་གྱིས། །ཀོ་ལོང་ཅུང་ཟད་ཡོད་སྙམས་ཀྱི། །བདེ་ཆེན་འོད་ཟེར་མཐའ་ཡས་ནས། །རྨི་ལྟས་ལ་བརྟེན་རྐྱེན་སེལ་ཕྱིར། །འཇིག་རྟེན་ཁྱིམ་པས་ཁ་སྨོན་ནོ། །དགེའོ། །ཁོང་གི་གསུངས་དེ་ང་ཚོས་དེང་སང་བསང་གསོལ་ནང་ཏུ་རྒྱུན་ཆགས་འདོན་འདུག དེ་ལྟར་སྐུ་ཚེ་ཆོས་ཀྱིས་འདས་ནས་མཐར་མྱ་ངན་ལས་འདའ་ཁར་ཞལ་ཆེམས་ལ་ཁོང་གི་གདུང་དེ་རྫ་ཆུ་ཁར་ཡར་ཁ་བསྐོར་ནས་ཞོག་གསུངས་པ་ལྟར་སྐུ་གདུང་ནི་དུང་གི་གཡག་པོ་ཟེ་དཀར་ངོར་སྒོ་ཟེར་བ་ར་སྐོར་གྱི་ས་ཆ་ཞིག་ན་གཏེར་དུ་སྦས་སོ། །
མཚམས་པ་ཉི་མ་རྡོ་རྗེ་ནི།
རང་ཡུལ་ཕྱག་ཚ་རུ་སྐུ་འཁྲུངས་ནས་དགོན་པའི་ཚོགས་གྲལ་དུ་བཞུགས། རིམ་གྱིས་སྐུ་མཚམས་ལ་བཞུགས་རྒྱུར་དམ་བཅས་ནས་དགོན་གྱི་གཡོན་འོག་ཏུ་ས་ཕུག་བྲུས་ཏེ་སྒྲུབ་པ་ཉམས་ལེན་བརྩོན་ནས་ཡུན་རིང་བཞུགས། སྤྱིར་སྡེ་བ་ག་གེ་མོ་དང་ཕྱག་ཚ་གཉིས་ནང་མི་མཐུན་པར་ཡིན་སྟབས་བླ་མ་ག་གེ་མོ་སྡེ་བ་དེ་དང་ཧ་ཅང་འབྲེལ་བ་དམ་ཟབ་གྱུར་པས། ཤག་གི་མཚལ་དེའུ་ཁ་མདོར་བླ་མས་རང་ཡོན་མཆོད་གཉེན་དུ་བཟུང་གཞན་ཕྱོགས་དགྲའི་ངོ་བོ་བཟུང་ནས་མནན་པ་ཞིག་རྒྱབ། ཉིན་ཞིག་གེ་སར་འབེན་དེའུའི་ཐང་སྨད་ནས་བླ་མ་ག་གེ་མོ་དེ་ཚང་སྐུ་འཁོར་སྒར་ཆེན་ཕེབས་ནས་དེ་རིང་ཁྱི་ཡོངས་རྫོགས་མངག་གཏོང་གྱིས་ལམ་ནས་སུ་ལ་ཐུག་འབྲེལ་བྱེད་མི་ཉན་གསུངས།མཚམས་པ་ཉི་མ་རྡོ་རྗེ་ནི་དེ་རིང་ཡུལ་ག་ཤད་ཅིག་ལ་འབྱོན་དགོས་པའི་རྣམ་པ་བསྟན་ནས་སྔ་མོར་བཞེངས་ཏེ་ཕེབས་རྩིས་འདུག དགོན་ཐད་ནས་སྒར་གཞི་ཡར་ཡོང་དུས་གློ་བུར་ཆུའི་ཕ་རོལ་ཐད་ཀར་བགྲོད་ནས་སྒར་གཞིའི་ནང་དུ་བྱོན་ཚེ་ཁྱི་རྣམས་ཀྱིས་མི་འཛིན་པར་དུང་བའི་རྣམ་པས་སྐོར་འདུག་བླ་མའི་རྟའི་ཡོབ་ཆེན་དུ་མཚམས་པ་ཚང་གིས་དབུ་ཐོད་ཅིག་གཏུགས་ནས་ཕྱིར་རང་སར་སྒྲུབ་ཕུག་ནང་ཕེབས་སོང་། དེའི་ནུབ་མོར་ཐོག་འབྲུག་གློག་གསུམ་འཁྱུགས་ནས་ཤག་གི་ཁ་མདོར་ཐོག་འཕངས་ནས་རྔོ་སླང་ཁ་ཉིས་སྦྱར་ཅན་ཞིག་མནན་དོང་ནས་ཕྱིར་འཕངས། དེའི་ནང་བལྟས་ཚེ་ཕྱག་ཚའི་དཔོན་བློན་མང་པོ་ཞིག་གི་མིང་བྱང་བཅུག་ནས་མནན་འོག་ཏུ་བཅུག་པ་དེ་མཚམས་པ་ཉི་མ་རྡོ་རྗེས་ཕྱིར་བླངས་པ་རེད་ཅེས་ཡུལ་དེར་གྲགས། དེ་འདྲའི་རྣམ་ཐར་ད་དུང་མཆིས་ཀྱང་དེ་ཙམ་གྱིས་ཆོག་པར་འཐུས། ཡང་ཉིན་ཞིག་ཁོང་གི་ཕུག་པའི་མདུན་ཐང་དུ་ཁྱིམ་ཚང་ག་གེ་མོ་ཞིག་རུ་བ་སྤོས་ཚེ་དེར་མ་འདུག་རོགས་ཁོང་ཆུ་ལེན་ཕེབས་དུས་ཁྱིས་འཛིན་ཡོང་ས་རེད་གསུངས་ཀྱང་། དེ་ཚང་གིས་དང་ལེན་མ་བྱས་པར་རུ་བ་དེར་བསྡད། ནངས་མོ་ཞིག་ལ་སུ་གཅིག་གིས་མི་ཚོར་བར་བྱས་ནས་ཡུལ་གཞན་དུ་བྱོན་སོང་། ཉིན་ཁ་ཤས་ནས་འབྲེལ་ཡོད་དད་ལྡན་ཚོས་རྗེས་བདའ་བྱས་ནས་ཇོ་བོའི་ས་ཆ་ཁྲ་མའི་མདོར་བསླེབས་པ་ན། དེར་མི་རོའི་རུས་རྐང་ལྷག་མ་ཅུང་ཟད་མཐོང་བ་ན་ངའི་བླ་མ་གཅན་གཟན་གྱིས་ཟོས་སོང་ཟེར་ནས་སྡུག་བསྔལ་གྱིས་གང་ནས་དད་འདུན་ངང་རྐང་དེ་ཟོས་པར་གྲགས། དེ་རྩད་གཅོད་སྐབས་དགོད་བྲོ་བ་ཞིག་ལ་དེ་ནི་རག་སྐྱབ་ཟེར་བའི་ཚོང་བ་འགའ་དགྲས་བསད་པར་དེ་དག་གི་བེམ་རོ་རེད་འདུག རྗེས་ནས་ཇོ་བོ་སྡེ་བའི་མི་འགའ་ཞིག་གིས་ཟེར་ན་ཁྲ་མའི་མདོའི་མ་ཎིའི་རྡོ་ཁང་ཞིག་གི་ནང་བླ་མ་ཞིག་འདས་ནས་སྐྲ་སེན་ཙམ་མ་གཏོགས་མེད་པར་གྱུར་འདུག་ཟེར་བས་དེར་བལྟས་ཚེ་བླ་མའི་གཟུགས་སྐུ་རྒྱུ་ལུས་རྡུལ་ཕྲན་དུ་ཞིག་ནས་ཆོས་ཀྱི་དབྱིངས་སུ་དེངས་སོ། །
བླ་མ་རྡོ་རྗེ་ཡེ་ཤེས་ནི།
སྒྲུབ་པ་ཉམས་ལེན་ལ་ཐུགས་དམ་རྩེ་གཅིག་ཏུ་གཞོལ་ནས་གྲུབ་པའི་གོ་འཕང་བརྙེས། ཉིན་ཞིག་མཛོ་མོ་ཞིག་གི་ཤ་ལ་བརྟེན་ནས་དགོན་གྱི་གྲྭ་ཚང་ཀུན་ས་ནད་ཀྱིས་བཟུང་སྟེ། འདས་གྲོང་ཤོར་ལ་ཁད་གྱུར་ནས་ཅི་བྱ་རྟོལ་མེད་དུ་གྱུར་སྐབས། རྒྱབ་རིའི་རི་ཞོལ་ནས་བླ་མའི་ཕྱག་ན་ཌཱ་དྲིལ་བསྣམས་ཏེ་ནད་པ་ཡོངས་རྫོགས་ཁོང་གི་རྗེས་སུ་ཤོག་གསུངས་ནས་གཟན་གྱི་གཤོག་རླབས་ཀྱི་རྣམ་པ་བྱས་ནས་རི་ཞོལ་ནས་གྱེན་དུ་ལྡིང་ནས་མཐར་ནམ་མཁར་འཕུར་སོང་། དེ་ཕྱིན་ས་ནད་ཀྱིས་བཟུང་བའི་ནད་པ་ཚོ་དགོན་ནང་དུ་ཕྱག་སྐོར་བྱེད་པའམ་ལྷ་ཁང་གི་ས་ཅུང་ཟད་རེ་ཟོས་ན་ནད་ལས་ཐར་པར་གྲགས་སོ། །
བླ་མ་ཡེ་ཤེས་རྡོ་རྗེ་ནི།
སྐུ་མཚམས་བཅད་རྒྱ་ལ་ཡུན་རིང་བཞུགས་ནས་སྒྲུབ་པ་ལྷུར་ལེན་པའི་རྣལ་འབྱོར་བ་ཞིག་ཡིན། དུས་འགྱུར་མ་བྱུང་སྔོན་དུ་ཁོང་མྱ་ངན་ལས་འདའ་ཁར་ཞལ་ཆེམས་ལ་ར་མཆོག་ཆོས་ལུང་གི་སེར་ཡུ་མ་ཞེས་པའི་ས་དེར་དོང་ཟབ་མོ་ཞིག་བརྐོས་ཏེ་ངའི་ཕུང་པོ་མགོ་ཐུར་དུ་བསྟན་ནས་དེའི་ནང་ཞོག དོང་ཁར་ཚ་ཚ་ནག་པོ་ཡང་མགོ་ཐུར་དུ་བསྟན་ནས་ཞོག་དང་། རྗེས་མར་ཕྱག་ཚ་སྡེ་དགོན་ལ་འཇིགས་པ་ཆེན་པོ་མི་འབྱུང་གསུངས་ཀྱང་། རྗེས་སུ་འབྲེལ་ཡོད་ཚོས་བླ་མའི་ཞལ་ཆེམས་ལྟར་མ་ཕོད་པར་ཤག་གི་དུག་ལུང་གོང་མའི་རྟ་རི་འོབ་ཏུ་སྐུ་གདུང་ཞུགས་འབུལ་བྱས་པས། རྡོར་སེམས་སྐུ་འབུམ་ཙམ་བབས་ས་དེར་མ་ཎིའི་རྡོ་འབུམ་ཞིག་ཀྱང་བཞེངས། སྐུ་འབུམ་མ་ཎིའམ་གདུང་ཁང་མ་ཎི་ཡང་བརྗོད་སྲོལ་ཡོད་དོ། །
ཨ་མཆོད་མཆོད་དགའམ་ཟླ་བ་ནི།
ཕྱག་ཚ་ཨ་མཆོད་ཚང་གི་རུས་བརྒྱུད་ཕ་ཡབ་ག་ལུག་དང་མ་ཡུམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགོན་པའི་གཡོན་གྱི་གད་འོག་ངོས་སུ་ཕུག་པ་བྲུས་ཏེ་ཡུན་རིང་སྒྲུབ་པ་ཉམས་ལེན་ལ་བརྩོན་ནས་སྐུ་མཚམས་ལ་བཞུགས། རྩམ་པ་རྫིས་ཏེ་ཁོང་གི་སྐུ་ལུས་སྟེང་དུ་ལྷན་སྦྱར་བྱས་ན་གུ་རུའི་སྐུ་སོགས་རང་བྱུང་དུ་དོད། ཟག་མེད་མངོན་ཤེས་ཀྱི་ལམ་ནས་གདུལ་བྱ་གཞན་དག་དད་པའི་གནས་སུ་བཀོད། ཚེ་དང་སྒྲུབ་པ་མཐར་ཕྱིན་ནས་སྐུ་གཤེགས་སོ། །
སྤྲུལ་སྐུ་རིན་ཆེན་ནི།
རྫོགས་ཆེན་ནས་འདིར་ཕེབས་ཏེ་ཕྱིས་སུ་སྡེ་དགོན་འདིར་གཞིས་ཆགས། ལོ་མང་པོ་ཞིག་གི་རིང་འདུས་ཚོགས་ཡོངས་ལ་ཡེ་ཤེས་བླ་མ་ཁྲིད་སྦྱོང་ཟབ་རྒྱས་གནང་བ་དང་། བུམ་སྒྲུབ་ཀྱི་རྡོ་རྗེ་རྒྱལ་པོའི་འགན་ཡང་ལོ་དུ་མར་བཞེས་ཏེ་དམིགས་བསལ་བཀའ་དྲིན་བསྐྱངས། དགོན་པ་ལ་ཁ་བཞོས་ཀྱང་ཆེས་མང་པོ་བཞག་ནས་བསྟན་དགོན་འདིར་འཁོར་ལོ་གསུམ་གྱིས་མཛད་པ་བསྐྱངས་ཏེ་ཐ་མའི་གཟུགས་སྐུ་ཡང་གནས་འདི་ནས་གཤེགས་སོ། །
མཚམས་པ་ལྔ་དགའམ་ཡོན་ཏན་བཟང་པོ་ནི།
ཡབ་བྲ་རིའི་རྡོ་རྡོ་དང་བསྐྱེད་ཡུམ་བྱིས་ཆེན་གཉིས་ཀྱི་སྲས་སུ་སྐུ་བལྟམས། བྱིས་དུས་ནས་དམ་པའི་ཡོན་ཏན་གྱི་སྤྱོད་པ་མངའ་བ་ཞིག་ཡིན། རང་དགོན་དུ་འཚོགས་ལ་བཞུགས་ནས་རིང་པོར་མ་ལོན་པར་རི་ཁྲོད་བཏབས་ནས་ཆུ་གཏེར་ཡང་བླངས། ཆུ་གཏེར་འདི་བད་ཀན་གྱིས་མནར་བའི་ནད་པ་ཚོས་འཐུང་ན་ནད་སངས་དྲག་ཏུ་ཐུབ་བོ་ཞེས་དེང་གི་དུས་སུ་དད་ལྡན་རྣམས་ཀྱིས་མགྲིན་པའི་རྒྱན་དུ་བཀོད་འདུག དགུང་གྲངས་བཅོ་བརྒྱད་སྟེང་ནས་སྐུ་མཚམས་ལ་བཞུགས། དགུང་གྲངས་ཉི་ཤུའི་སྟོད་ཅིག་ནས་རྐྱེན་ཞིག་ལ་བརྟེན་ནས་གངས་རི་ཐོད་དཀར་ལ་ཕེབས་རྒྱུའི་འདུན་པ་དེར་ཕས་བཤོལ་ལན་མང་བཏབ་མཐར་མི་རིང་བར་ཕྱིར་འབྱོན་རྒྱུར་ཕའི་དྲུང་ནས་དམ་བཅས་ཏེ་སྟོན་མཇུག་ནང་ནས་ཞབས་ཐང་དུ་བགྲོད། དགེ་བའི་བཤེས་གཉེན་ཆེན་མོ་ཨ་ནེ་ལོ་ཆེན་ལ་མི་ལོ་ལྔའི་རིང་དུ་བསྟེན། སྒོམ་པའི་ཉམས་རྟོགས་ཁྱད་པར་བ་སྐྱེས་ནས་ཆོས་བརྒྱད་ཀྱི་འཁྲི་བ་རྩད་ནས་ཆོད། ཕྱིས་རང་ཡུལ་དུ་བྱོན་ནས་རི་ཁྲོད་དུ་དུས་འགྱུར་མ་བྱུང་བར་སྐུ་མཚམས་བཅད་རྒྱར་བཞུགས། སྐབས་ཤིག་སྙུང་གཞི་ཅུང་ཟད་ལ་བརྟེན་ནས་གང་སྣང་ཀུན་མཁའ་འགྲོའི་བརྡ་ཡིག་གིས་ཁྱབ་སྟེ་ཞིང་གཞན་དགྱེས་པའི་ཚུལ་བསྟན་པར་ཨ་སེ་བླ་མ་ནམ་མཁས་བཞུགས་ཞུའི་ཕུལ་ནས་ཡུན་རིང་དུ་བཞུགས། དུས་འགྱུར་རྐྱེན་ངན་གྱི་ཁྲོད་ནས་ཆོས་པའི་རང་ཚུགས་མ་ཤོར་བར་གང་སྣང་དང་གང་བྱས་ཐམས་ཅད་ཉམས་རྟོགས་ཀྱི་བོག་འདོན་པའི་ཐབས་གྲོགས་སུ་གྱུར།བསྟན་པ་ཡང་དར་གྱི་དུས་སུ་སླར་ཡང་རི་ཁྲོད་དུ་ཞིང་མ་བརྗེས་བར་སྐུ་མཚམས་ཁོ་ནར་བཞུགས། སྐུ་ཚེའི་སྨད་ཙམ་ཞིག་བྱོན་ལམ་ནས་སྲ་འཁྲེགས་རྡོ་ལ་ཞབས་རྗེས་བཞག་པར་རི་ཁྲོད་ནས་ཕྱིས་སུ་རྙེད་པར་ད་ལྟ་རང་རེ་ཚོས་མཇལ་རྒྱུ་ཡོད་པའོ། །བར་ལམ་ཞིག་ནས་ཡང་སྙུང་གཞིའི་རྣམ་པ་བསྟན་སྐབས་གོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཞུ་རྟེན་ཇ་ནོམ་པ་ཕུལ་ནས་ལོ་བཅུའི་རིང་ངེས་པར་བཞུགས་དགོས་ཞེས་ནན་ཞུས་མཛད། ཐ་མའི་གཟུགས་སྐུའི་དགོངས་པ་གཞན་དོན་དུ་རྫོགས་དུས་ལོ་འཁོར་བཅུ་ཁྲིགས་སེ་འཁོར་འདུག་ཅེས་དེར་ཡོད་ཚོས་གླེང་བར་གྲག ནང་གསལ་གཞོན་ནུའི་བུམ་སྐུར་གྲོལ་བའི་རྟགས་སུ་ནམ་མཁའ་ནས་སྒྲ་ལྡིར་ལ་སྙན་པ་རིང་བ་ཞིག་གྲགས་པ་དང་། མཁའ་དབྱིངས་གཡའ་དག་པ། ཁ་བའི་མེ་ཏོག་འབབ་པ། སྐུ་གདུང་རིན་པོ་ཆེའི་ཤང་གཡས་གཡོན་ནས་བྱང་སེམས་དཀར་དམར་བཞུར་བ་སོགས་རྒྱུད་སྡེ་གཞུང་བཤད་ནས་གསུངས་པའི་གྲོལ་འབྲས་མངོན་དུ་གྱུར། ཨ་སེའི་མཁན་པོ་ཆོས་གྲགས་མཆོག་གིས་སྐུ་གདུང་གི་ཕྱག་ལས་ཇི་བཞིན་མཛད་ནས་ཁོང་གི་རི་ཁྲོད་ལས་ས་ཁད་ཅུང་ཟད་མཐོ་བའི་གདོང་འབུར་དེར་གཏེར་དུ་སྦས་སོ། །
སྦས་པའི་རྣལ་འབྱོར་གྱི་སྤྱོད་པ་མངའ་བ་བླ་མ་བསོད་ནམས་རྒྱ་མཚོ་ནི།
དེ་ཡང་དེང་གི་ཆར་རང་དགོན་གྱི་མི་རབས་རྒན་ཤོས་བླ་མ་བསོད་རྒྱམ་ཞུ་བ་ནི་རབ་བྱུང་བཅུ་དྲུག་པའི་ཆུ་རྟ་ལོ་དང་ཕྱི་ལོ་༡༩༤༢ ལོར་མདོ་ཁམས་རྫ་ཆུ་ཁའི་ཕྱག་ཚ་སྡེ་བ་ཞེས་པའི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས། རྗེས་སུ་འདི་གའི་ཕྱག་ཚ་དགོན་གྱི་ཚོགས་གྲལ་ཞུགས། སྤྱིར་ཁོང་སྐབས་དང་སྐབས་སུ་དག་པའི་ཉམས་སྣང་ཁྱད་པར་ཅན་རེ་བྱུང་མཁན་ཞིག་ཡིན་པར་གོར་མ་ཆག་ཀྱང་། དེ་དང་དེའི་སྐབས་སུ་དང་གང་གིས་མཐོང་ཆེན་གྱི་ཡུལ་དུ་འཛིན་སྲོལ་དང་ཞིབ་འཇུག་བྱེད་མཁན་ནི་དེ་བས་ཀྱང་མེད་ཚོད་སྣང་བས། སྐབས་ཀྱི་རྣམ་ཐར་གྱི་བརྗོད་བྱའང་རགས་བསྡུས་བྱས་ནས་འབྲི་བ་ལས་ཐབས་མ་མཆིས། ཡིན་ཡང་འདས་མ་ད་གསུམ་གྱི་མཛད་རྗེས་ལ་ཕྱི་མིག་ཅིག་བལྟས་ན། དམ་པ་ཁོང་ནི་སྐུ་ཚེ་གང་བོར་དཀར་པོ་གླིང་གི་བསྟན་པ་ལ་དད་འདུན་དང་རྒྱུས་མངའ་ཆེ་ཞིིང་དེ་རིགས་ལ་འབད་པ་ཆེ་ཐང་གིས་ཕྱག་ལས་སྒྲུབ་མཁན་ཞིག་ཡིན་པར་གཤམ་ནས་ཤེས་པར་འགྱུར་རོ། ། ཉིན་ཞིག་ཁོང་ལ་རྨི་ལམ་འོད་གསལ་གྱི་ཞིང་ནས་མི་དཀར་རུ་དར་ཅན་དང་མི་སྔོན་ཅན་གཉིས་ཆིབས་རྟ་ལ་བཞོན་ནས་སྦྲ་ཁྱིམ་གྱི་ཡ་ཕུག་ནས་ཁོ་བོའི་དྲུང་དུ་འོང་སྟེ། མི་དཀར་དེས་བཤད་རྒྱུར་ང་འདམ་གྱི་གཉན་ཆེན་ཐང་ལྷ་ཡིན། གར་འཆམ་གྱི་ཆེད་དུ་ཁྱོད་ཀྱིས་ང་བཞེངས་དང་དགོས་གནད་ཁྱད་པར་བ་རེ་ཡོད། ད་ཕན་ཁྱོད་ཀྱི་དྲུང་ཁོ་བོ་འོང་མི་ཐུབ་ཀྱང་མི་སྔོན་འདི་དུས་དང་དུས་འོང་རྒྱུ་རེད་ཟེར་སྐབས་གཉིད་སད་སོང་། ཕྱིར་ནངས་རང་གིས་བསམ་བློ་རེ་བཏང་སྟེ་གཉན་ཆེན་ཐང་ལྷ་ནི་ལ་ཐོད་ཅན་ཞིག་ཡིན་གསུངས་པ་མ་གཏོགས་རུ་དར་ཅན་ཞིག་ཨེ་ཡིན་སྙམ་ནས་གྲྭ་བྱང་སེམས་སོགས་ལ་འདྲི་རྩད་རེ་བྱས་ཀྱང་། རུ་དར་ཅན་ཞིག་ཡིན་པ་མ་རེད་ལྷ་སྐྱེད་ནང་དུ་ལ་ཐོད་ཅན་ཡིན་གསུངས་ཡོད་པ་རེད་ཟེར། དེ་རྗེས་ཨ་སེའི་མཁན་ཆེན་ཆོས་ཀྱི་གྲགས་པའམ་ཡོངས་གྲགས་གཅེས་འབོད་ལ་ཨ་ཁུ་ཞུ་བར་ཞིབ་མོར་ཞུས་ཀྱང་རུ་དར་ཅན་ཞིག་ཡིན་མ་རེད་གསུངས་བྱུང་བས་སོམ་ཉིར་གྱུར། གང་ལྟར་དེ་དུས་སྤྱིར་འཚོ་བ་ཞན་ཡང་དེའི་ཁར་གླིང་འཆམ་སྐོར་ཞིག་བསྟན་བཞེངས་བྱས་པས་ལོ་གཅིག་རིང་བྱ་བ་དེ་གཞོལ་ཐབས་མ་འགྲིག་པར་དེ་གར་ལྷག་སོང་། ཡང་ནུབ་ཅིག་རྨི་ལམ་གྱི་ངོགས་ནས་སྔར་རྨིས་པའི་མི་སྔོན་དེ་འོང་སྟེ། ད་ནི་གཉན་ཆེན་ཐང་ལྷ་ཁྱོད་ཀྱིས་མི་བཞེངས་པ་ཡིན་ནམ། གལ་ཏེ་མ་བཞེངས་ན་གྲྭ་མཆོག་གྲུབ་ཅེས་པས་བཞེངས་འཆར་འདུག་གསུངས་པ་དང་། ཡང་མི་སྔོན་དེས་ད་ཁྱོད་རང་གིས་བཞེངས་དང་རྟེན་འབྲེལ་ལེགས་ཚུལ་ཡོད་གསུངས་འཕྲལ་གཉིད་སད་སོང་། ཕྱིར་ནངས་རང་གིས་བཞེང་རྒྱུར་བློ་ཐག་རྦད་བཅད་བྱས་ནས་ཞལ་འབག་བཅའ་གླ་དངོས་པོ་འགའ་ཞིག་བཟུང་སྟེ། འབག་བཅའ་བླ་མ་དབྱིངས་ལྷུན་གྱི་དྲུང་དུ་ཕྱིན། དེ་སྐབས་ཕྱག་ཚའི་ཚེས་བཅུའི་ཕལ་ཆེར་འཆམ་རྒྱུར་ཐག་ཉེ་ཡང་ཐང་ལྷའི་ཞལ་འབག་དེ་མྱུར་དུ་འཛོམས་ཐུབ་པར་ནན་ཞུ་བགྱི་སྐབས། ཉེ་ཟུར་ནས་གྲྭ་མཆོག་གྲུབ་ཀྱིས་གཉན་ཆེན་ཐང་ལྷ་ངས་བཞེངས་རྒྱུར་བྱས་ཟིན། གསུངས་འཕྲལ་རང་གི་ཉག་ཉོག་རྨི་ལམ་གྱི་དོན་སྤྱི་དེའང་ཁྲ་ལམ་མེར་དྲན་པས་མཆོག་གྲུབ་ལ་ངོ་ཆེན་ཞུས་ནས་ཅིས་ཀྱང་ཁོ་བོ་ལ་བཞེངས་བཅུག་རོགས་ཞུས་མཐར།གླིང་དཔའ་བོའི་གྲུབ་ཆེན་འདི་ནི་སྔོན་ཁྲ་མོ་གླིང་གི་དུས་སུ་འདི་དང་འདི་ལྟ་བུ་ཞིག་ཡིན་གསུངས་ནས་སྐུ་མདོག་དང་ཕྱག་མཚན་ཞལ་གྱི་འཛུམ་ཉམས་ཡན་ཆད་གསལ་བོར་ངོས་སྤྲད་ནས་ད་ལྟ་གླིང་འཆམ་གསར་བཞེངས་ཆེས་མང་པོ་ཞིག་ཡོད་པ་ནི་ཁོང་གི་མཛད་འཕྲིན་གཙོ་བོ་ལས་བྱུང་བ་ཡིན། འདི་དག་གི་ཕན་ཡོན་ནི་སྙིགས་མའི་དུས་འཁྲུག་གི་བསྐལ་ངན་དབྱིངས་སུ་བཟློག་པའི་ཉེར་རྒྱུ་ཐུན་མོང་མ་ཡིན་པར་གཙོ་བོར་གྱུར་ཡོད་པ་ནི། བླ་མ་རིན་པོ་ཆེ་མི་ཕམ་ཚང་དང་རྫོགས་སྤྲུལ་ལྔ་བ་རིན་པོ་ཆེ། ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་སོགས་ཀྱིས་བསླུ་མེད་རྡོ་རྗེའི་བདེན་ཚིག་གིས་ཡང་ཡང་བསྔགས་པ་ཇི་བཞིན་ནོ། །
ད་དུང་ཉམས་སྣང་ལས་བྱུང་བའི་མཛད་རྣམ་གཞན་ཡང་ཡོད་མཆིས་ཀྱང་ཡུལ་དང་དུས་ཀྱི་སྒོ་བསྟུན་ནས་དེ་ཙམ་གྱིས་འཐུས་པར་བྱས་སོ། །སྐབས་འདིར་ཁོ་བོའི་གློ་བུར་དྲན་ངོགས་སུ་སྔོན་གྲུབ་བརྙེས་རིག་པ་འཛིན་པའི་རྟོགས་ལྡན་ཀཿཔདྨ་ཆོས་ལྡན་གྱི་ཞལ་ནས། གནས་འདིར་རང་གི་སྒྲུབ་གནས་དམ་པ་མང་པོའི་བྱིན་གྱིས་བརླབས་པའི་ས་གྲུབ་ཐོབ་རྒྱུན་མི་ཆད་པ་འབྱུང་ཡང་སྙིགས་དུས་ཀྱི་འགྲོ་བས་ཤེས་པར་དཀའ་ཡང་འབྲེལ་ཚད་ཐར་ལམ་ལ་འགོད་པ་མང་པོ་འོང་བར་ངས་ལུང་བསྟན་པ་ཡིན་ཞེས་གསུངས་པའི་གནད་ཀྱི་མན་ངག་དེ་འདི་འདྲའི་རིགས་ལ་གོ་དགོས་པར་ཡིད་གཏིང་དུ་ངེས་ཤེས་སྐྱེས་སོང་།ཡང་སྐབས་ཤིག་ཚོགས་མང་གྲོང་ཆོག་ཅིག་གི་དབུས་སུ་ཨ་སེའི་མཁན་རིན་པོ་ཆེས་ཉམས་མཚར་དུ་བསོད་རྒྱམ་འདི་ནི་གླིང་གི་དཔའ་བརྟུལ་སྐྱེ་ཡག་ཉིི་མ་རང་ཤར་གྱི་སྐྱེ་སྤྲུལ་རེད་འདུག འོན་ཀྱང་ད་ལྟ་ཁོང་སྐུ་གཟུགས་མི་མཛེས་པ་སྣང་བ་ནི་སྔོན་སྐྱེ་ཡག་ཉི་མ་རང་ཤར་གྱིས་ཅུང་ཟད་ང་རྒྱལ་སྐྱེས་སྟངས་བས་ལན་པ་རེད་ཅེས་ཞལ་རྩེད་ཞོར་དེ་འདྲ་ཞིག་གསུང་གླེང་བྱུང་བས། དེ་ཕྱིན་རང་དགོན་གྱི་གྲྭ་ཆེ་ཆུང་ཀུན་ཀྱིས་ཁ་མཚར་ཡན་ཆད་དུའང་སྐྱེ་ཡག་ཉི་མ་རང་ཤར་གྱི་སྤྲུལ་སྐུ་ཟེར་ནས་འབོད་ཀྱང་ནམ་རྒྱུན་ཁོ་བོ་ཅག་གི་ཐོས་ཚོད་ལ་ང་ནི་དེ་འདྲ་ཡིན་ནི་མ་རེད་ཅེས་གསུངས་འདུག་པ་ནི་ཅི་འདྲའི་ཡ་མཚན་ཏེ། དེང་དུས་སྐྱེ་བོ་ཀུན་གྲགས་པ་དང་བསྟོད་པའི་བདེ་བ་ལ་ཞེན་ནས་ལུས་སེམས་མི་དལ་བར་གཟིགས་དང་། ཡང་མཁན་རིན་པོ་ཆེའི་ཞལ་ནས་ད་ནས་བཟུང་ཤི་གསོན་གྱི་ཆེད་ཁྲུས་བླ་བྱེད་དགོས་གསུངས་ནས་ཁྲུས་བླ་བྱེད་བཅུག་པས་དེ་ཕྱིན་བླ་མ་བསོད་རྒྱམ་ཞེས་པའི་ཐ་སྙད་དེ་ཆགས་སོ། །
འདི་ལྟར་སྐབས་དང་སྐབས་སུ་མཁན་རིན་པོ་ཆེས་ལམ་སྟོན་དང་དབུགས་དབྱུང་རྒྱུན་པར་གནང་བ་གྲགས། ད་ནི་སྐུ་མྱ་ངན་ལས་འདའ་ཚུལ་ལས་འཕྲོས་ཏེ་ཅུང་ཟད་སྤྲོས་ན། བོད་ལྕགས་གླང་ལོར་སྔར་གྱི་སྙུང་གཞི་འཕར་ལྡིང་བྱས་ནས་མཐར་སྐུ་མྱ་ངན་ལས་འདས། དེ་ཡང་ཟླ་བ་ཁ་ཤས་རིང་བད་ཀན་གྱིས་སྙུང་གཞི་ཐེབས་ཀྱང་། དེའི་རིང་ཐུགས་རིག་ཤིན་ཏུ་དྭངས་ཤིང་ཞལ་མཚར་སྣ་ཚོགས་མངའ་བ་ལས། ཐ་མལ་པ་ནད་ཀྱིས་ཟིན་པ་ལྟ་བུའི་སྣང་ཚུལ་ཡེ་ནས་མི་མངའ་ཞིང་བར་སྐབས་སྙུང་གཞིས་དྲག་ཏུ་མནར་ཏེ། མིད་པར་སྨན་ཆུ་ཙམ་ཡང་འགྲོ་དཀའ་བ་དང་གང་ཟག་གཞན་ལ་མ་བསྟེན་ན་ཆབ་ཐོག་ཏུའང་ཕེབས་མི་ནུས་པའི་དུས་ཙམ་ན་ཁོང་གིས་གསུང་རྒྱུར་ད་ནི་ཅིས་ཀྱང་ཕོ་བྲང་སེང་འབྲུག་སྟག་རྩེའི་སྐུ་མཁར་དེ་ལན་གཅིག་མ་མཇལ་ཐབས་མེད་ཡིན་གསུངས་ནས་ནང་མི་ཁ་ཤས་དང་ལྷན་ཏུ་རླངས་འཁོར་ལ་ཞུགས་ཏེ་བྱོན།ཡ་མཚན་པ་ཞིག་ལ་གནས་དེར་ཐོན་དུས་གཞན་གྱིས་སྐྱོར་མི་དགོས་པར་རང་སྟོབས་ཀྱིས་མཇལ་སྐོར་ཕེབས་ཐུབ་པ་དང་། ལྷ་གཉེར་པས་ཞིབ་མོར་ངོས་རེ་རེ་ནས་སྤྲད་པས་ཐུགས་སེམས་ཤིན་ཏུ་བདེ་བོ་བྱུང་སོང་གསུངས། ལམ་བར་ནས་ནང་མི་འགའ་ལ་གསུང་རྒྱུར་སྔ་ཆད་ཅིག་ལ་ཁོ་བོ་གནས་འདིར་མཇལ་སྐོར་ཐེངས་གཅིག་འོང་བ་ཡིན་ཡང་དེ་དུས་རི་ལུང་ཀུན་སྨུག་པ་ལྟ་བུ་ཞིག་གིས་བསྒྲིབས་པས་ས་རྒྱུས་ལམ་རྒྱུས་གང་ཡིན་ཙམ་ཡང་ཡེ་ནས་ངོས་མ་ཟིན། དེ་རིང་ནི་ཕ་ཁྱིམ་ལ་བུ་ཐོན་པ་ལྟ་བུའི་ཧ་ཅང་དགའ་ཚོར་བྱུང་འདུག་ལ། ཇི་བཞིན་གསལ་བོར་ངོས་ཟིན་པར་མ་ཟད་སྐབས་དེ་དུས་ཀྱི་བྱ་བ་རྣམས་ཀྱང་ལྷང་ངེར་དྲན་ཐུབ་ཀི་གསུངས་ནས་རྩོལ་མེད་ཐོལ་བྱུང་གི་ཚུལ་དུ་ཁོ་བོ་སྐྱེ་ཡག་ཉི་མ་རང་ཤར་གྱི་སྐྱེ་མཐའ་ཁས་འཆེ་བ་རྒྱུ་མཚན་དུ་བཟུང་སྟེ་བཤད་ན། སྔར་ཧོར་གྱི་ཐང་རྩེ་གཡུ་འབྲུག་གླིང་ལ་མ་བྱོན་པའི་སྔོན་གླིང་གེ་སར་གྱི་གསོལ་དཔོན་མི་ལོ་དྲུག་ ༼ ལོ་གྲངས་དྲུག་གམ་ཡང་ན་འདིའི་མང་ཞིག་གསུངས་ཀྱང་བཟའ་ཚང་གི་ནང་གཏམ་བརྗོད་པ་ཙམ་ཆུ་ཚད་བཞག་སྟེ། གདེང་འཇོག་མ་བྱས་པའི་རྐྱེན་གྱིས་ད་ལྟ་གསལ་བོར་ཡིད་ངོས་མེད་ཅེས་བརྗོད་འདུག མཆན།༽ གི་རིང་ཁོ་བོས་བྱས་པ་རེད་སོགས་སྔོན་གནས་རྗེས་དྲན་གྱི་ཚུལ་གསུང་ཡ་མཚན་ཁ་ཤས་འབྱོན་སོང་ཞེས་ལབ་འདུག དེ་ཉིན་ཕྱིར་རང་ཡུལ་དུ་འབྱོར་ཏེ་དགོང་ཀར་ཅུང་ཟད་གཟིམས་ནས་མཐར་གཟིམས་ལས་སད་མཐར་ན་ཟུག་གི་ཚོར་བ་གཞི་ནས་དྭངས་སོང་སྙམ་པའི་ཚོར་བ་ཞིག་བྱུང་ནས་དགོང་ཇ་ཡིད་ཚིམ་མོ་ཞིག་ཀྱང་གསོལ། དེ་ནུབ་གཟིམ་ལམ་དུ་སྟག་རོང་དཔོན་པོ་ཁྲོ་ཐུང་དེ་མདོ་ཁམས་སྨད་ཀྱི་ཆ་བྱད་ཅན་ཤ་ཚར་དཀར་པོ་ལ་ཆུ་སྲམ་གྱིས་མཐའ་རྒྱན་དང་འབུ་རས་དཀར་པོ་སྟོད་ལ་བགོས་པའི་ཧ་ཅང་གཞོན་ཉམས་ཅན་ཞིག་མཇལ་ཏེ།ཁོང་གིས་གསུང་རྒྱུར་ད་རུང་ཟླ་བ་གསུམ་ཙམ་བཞུགས་དགོས་ཞེས་པའི་སྣང་བ་བྱུང་སོང་གསུངས། རིམ་གྱིས་སྙུང་གཞི་ཡར་དྭངས་ཏེ་བཟའ་བཅའ་གང་འཚམ་རེར་གསོལ་ཐུབ་ནས་ཟླ་བ་གཉིས་ལྷག་སོང་། མུ་མཐུད་ཁ་མལ་མ་གནས་པར་ཅུང་ཟད་ནད་ངོ་འགྱུར་བའི་རང་བཞིན་སོང་སྐབས་ནང་མི་ཁྱིམ་གཞི་གཙོ་བོ་རྣམས་ལ་གསུང་རྒྱུར་ད་ནི་ཁོ་བོའི་ཆེད་དུ་སྡུག་བསྔལ་གྱི་འོ་དོད་མ་བྱེད། ངའི་ནད་འདི་ཧ་ཅང་དྲིན་ཆེན་ཡིན། དང་པོ་ན་དུས་རིམ་གྲོའི་ཆེད་ཚེ་ཐར་བརྒྱ་ཐམ་པ་འགྲུབ་ནི་ཡིན། བར་དུ་ཡང་འཕར་སྐབས་མཚམས་ལ་ཞག་བརྒྱ་ཞིག་བསྡད་ནི་ཡིན། དེ་དུས་ཕལ་ཆེར་གུ་རུ་རིན་པོ་ཆེ་ག་ལ་གང་འཚམ་མཇལ་ཐུབ་ནི་ཡིན། ད་ནི་ལོ་རྒན་བརྒྱད་ཅུ་ཅན་ཞིག་མི་ཤི་ནམ་ཤི་ཁྱོད་ཚོས་སྨྲེ་ངག་མ་འདོན་ཁོ་བོ་འདི་ནས་བྱང་ཤམ་བྷ་ལར་འགྲོ་རྒྱུ་ཡིན་ཞེས་གསུངས་འཕྲོས་བསྩལ་བ་དང་། ཚ་བུ་འགའ་ཞིག་ལ་རྗེས་མར་རང་རེ་ཞིང་དེ་ནས་མཇལ་ཡོང་། ཁྱད་པར་འབྲེལ་ཐོག་སེམས་ཅན་རྣམས་ཞིང་དེར་སྐྱེ་བའི་སྨོན་ལམ་རྣམ་དག་ཡོད་གསུངས་པ་དང་། ཡང་གསུང་རྒྱུར་ཁོ་བོ་ཤི་ཁར་ཚུལ་ཇི་ལྟར་ཤི་ཡོད་ན་དེ་ལྟར་ཞོག་ཅིག ཁྱད་པར་སྐུ་གདུང་གི་རྣམ་པ་ནམ་ཡང་བྱེད་མ་ཡོང་ཕུང་པོ་ཡང་རང་སྡེའི་ཡུལ་དུ་དུར་སྦས་མ་བྱས་ན་བཟང་ཆེ་རྗེས་མར་ས་ཉེས་ཁུར་འདུག་ཟེར་ནས་མ་ལེགས་པར་བཤད་ཡོང་ཤས་ཆེ། དེ་བས་ས་ཉེས་སོགས་གང་ཡང་མེད་པར་བླ་མ་ཡིད་བཞིན་ནོར་བུས་ཕྱག་བཏབ་པའི་བླ་རུང་དུར་ཁྲོད་ནང་འཕངས་ཤོག་ཅེས་ཞལ་ཆེམས་ཀྱི་ཚུལ་གསུངས།སྐབས་རེར་དག་པའི་སྣང་བ་འབྱམས་ཀླས་པའི་ཚུལ་གྱིས་སྟོན་པ་ཐུགས་རྗེ་ཅན་དང་གླིང་ཕུ་ནུ་མང་པོ་ཁྲོམ་ཚོགས་ལྟར་མཇལ་ཚུལ་གསུངས་པ་དང་། ཡང་གཟིམ་ལམ་དུ་རྒྱ་ཚ་ཞལ་དཀར་རྟ་དཀར་པོ་ཞིག་བཞོན་ནས་ཁོ་བོ་ཕྱི་འཕང་བཞག་སྟེ། འབྱུང་འགྱུར་ཕྱི་མའི་གདུལ་བྱ་དང་འགྲོ་དོན་སོགས་ལུང་བསྟན་པ་དག་བྱུང་སོང་ཞེས་དྲུང་ན་ཡོད་པ་འགའ་ཞིག་ལ་གསུངས། བོད་ཟླ་བརྒྱད་པའི་ཚེས་དྲུག་གི་ཉིན་ཚ་བུ་ཕུར་རྣམ་ལ་མཆོད་ཁང་ནང་ནས་ཀློང་ཆེན་མཛོད་བདུན་ཁྱེར་ཤོག་གསུངས་ནས་མཛོད་དུམ་རེ་རེའི་མཚན་སྦྲག་ཁ་བཅུག་ནས་དབུ་ལ་བཞག ཁྱད་པར་ཆོས་དབྱིངས་རིན་པོ་ཆེའི་མཛོད་དབུ་ཐོག་ཡུན་རིང་བཞག་ནས་སྨོན་ལམ་བཏབ་པ་དང་། ཡང་འཇིགས་གླིང་པོད་དགུ་ཁྱེར་ཤོག་གསུངས་ནས་རེ་རེ་བཞིན་དབུ་ཐོག་བཞག་ནས་སྨོན་ལམ་བཏབ་བོ། །
ཕྱིར་ཉིན་ཚེས་བདུན་གྱི་ཞོགས་ཁར་བདེ་བར་མལ་ནང་དུ་གཟིམས་པའི་ཚུལ་སྐུ་མྱ་ངན་ལས་འདས་སོང་། ཞལ་ཆེམས་ལྟར་དེ་གར་བཞག་པར་མ་ཟད། རྒྱུན་པར་གཟིམ་ཆས་དང་མལ་སྟན་གང་ཡོད་ནང་རང་སར་ཉིན་ཞག་མང་པོར་བཞག་ཀྱང་རུལ་བ་དང་དྲི་མི་ཞིམ་པའི་རྣམ་པ་གང་ཡང་མེད་པར་གཞོན་ཤའི་རྣམ་པ་ཆགས་ནས་ཉིན་བཅུ་ཕྲག་ལྷག་རིང་ཐུགས་དམ་ངང་དུ་བཞུགས་ཏེ། ཐུན་མོང་ཕྱིའི་སྣང་ངོར་ནམ་མཁའ་གཡའ་དག་པ་ལྗགས་སྟེང་དང་ཞལ་གྱི་ནང་སྒོར་རིང་བསྲེལ་དཀར་པོ་སྲན་མ་ཙམ་མང་དུ་འཕེལ་བ་དང་།ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དཀྱིལ་འཁོར་ཞལ་ཕྱེས་པའི་སྒྲུབ་གཏོར་དག་ལ་བ་སྤུ་དཀར་པོ་འདྲ་བས་ཀུན་ནས་དཀྲིས་པ། ཡོན་ཆབ་ཀུན་འོ་མ་གྱུར་བ་མ་ཟད་ཁྱིམ་ནང་གི་སྣོད་ཁ་དག་གི་ནང་ཆུ་གཙང་བླུགས་ཡོད་པ་རྣམས་ཀྱང་འོ་མར་གྱུར་པ་དག་གིས་མཚོན་ཕལ་བ་ཕལ་བས་མིག་དབང་གི་སྤྱོད་ཡུལ་གྱུར་པའི་ཡ་མཚན་གྱི་མཛད་པས་བློ་ལྡན་ཀུན་དད་པའི་འདབ་མ་ཀུན་ནས་འཛུམ་པར་བྱས། མཐར་སྐུ་གདུང་རིན་པོ་ཆེ་བླ་མ་རེ་འགས་གཏེར་སྦས་བྱས་ན་ཡུལ་དགོན་གྱི་སྣོད་བཅུད་ལ་དགེ་མཚན་ཆེ་ཞེས་གསུངས་ཀྱང་མང་མོས་བློ་མཐུན་གཅིག་ཏུ་དང་ཁོང་རང་ཉིད་ཀྱིས་ཞལ་ཆེམས་གནང་བ་ལྟར་བླ་རུང་སྒར་གྱི་དུར་ཁྲོད་དུ་གདན་དྲངས་རྒྱུ་བྱས་ནས། ཚེས་བཅུ་དགུ་ཉིན་ཡ་ཆེན་ནས་བླ་མ་རིན་པོ་དབུ་བཞུགས་སྟེང་དགེ་འདུན་པ་ཡོངས་ལ་འཕོ་བ་ཞུས་པ་དང་། ཚེས་ཉི་ཤུ་ཉིན་བླ་རུང་གི་དགེ་འདུན་འདུས་པ་ཡོངས་ལ་འཕོ་བ་ཞུས་ཏེ་ཉིན་གུང་ཞིག་ལ་སྐུ་གདུང་བྱ་སྦྱིན་བྱས། ཁྱིམ་བརྒྱུད་ཀྱི་དད་པའི་རྟེན་དུ་དབུ་ཐོད་དང་བརླ་རྐང་གཉིས་བླངས་པ་དང་། དེ་ལས་བརླ་རྐང་གཉིས་ལ་མཁན་གསེར་འོད་མཆོག་གིས་དངུལ་བརྒྱ་མ་གསུམ་དང་གསེར་ཁེ་བཅུ་གཉིས་བཏང་སྟེ། ལྷ་མགར་གྱིས་གནའ་བོའི་བཟོ་རྩལ་ཕུན་སུམ་ཚོགས་པའི་མཛེས་ཆོས་ཀྱིས་བརྒྱན་ནས་ལབ་རྩེའི་རྐང་གླིང་གཉིས་མགར་ཏེ། མཁན་པོ་མཆོག་གིས་བཤད་གྲྭ་ཚང་ལ་རྩིས་འབུལ་བྱས་སོ། །འདིར་འཁོད་མ་ཐུབ་པའི་ད་དུང་བླ་མ་ཁ་ཤས་ཡོད་མཆིས་ཀྱང་ཁོང་རྣམས་ཀྱི་རྣམ་ཐར་གསལ་བོར་ངག་སྒྲོས་སུ་མ་ཆགས་པས་རེ་ཞིག་བཞག་པར་བྱའོ། །
དེ་ཡན་ཆད་སྔ་འགྱུར་ཕྱག་ཚ་དགོན་བཀྲ་ཤིས་དགེ་འཕེལ་གླིང་གི་བསྟན་བདག་གདན་རབས་རིམ་བྱོན་དང་། མཁན་རབས་རིམ་བྱོན། སྦས་པའི་བརྟུལ་ཞུགས་འཛིན་པ་བསྟན་འཛིན་གྱི་སྐྱེས་བུ་གཞན་ཇི་ལྟར་བྱོན་ཚུལ་གྱི་མཛད་རིམ་རྣམས་དཀྱུས་གཅིག་ཏུ་བཀོད་པའི་ལོ་རྒྱུས་གཙོ་བོར་བརྗོད་པ་གཟུར་གནས་པདྨ་དཀར་པོའི་ཆུན་པོ་ཞེས་བྱ་བ་རང་བློས་གང་དཔོག་གིས་རེ་ཞིག་དཔྱད་ཟིན་ཏོ།། །།
སླར་སྨྲས་པ།
འདས་དོན་ལོ་རྒྱུས་གཟུགས་བརྙན་མེ་ལོང་ངོར། །
རྣམ་པར་བཀྲ་བའི་ཚོར་འདུའི་ཡིད་མཁའ་རུ། །
མེས་པོའི་སྟོབས་ཀྱི་ཤེད་མོང་དཔུང་ཤུགས་ཀྱིས། །
བསྟན་པའི་གདུགས་དཀར་སྲིད་ན་སྒྲེང་བར་རྨད། །
སྡེབ་ལེགས་ཚིག་ཕྲེང་སྤེལ་པའི་བརྗོད་བྱ་དང་། །
སྙན་འཇེབས་དབྱངས་བདུན་རྫོགས་པའི་རྗོད་བྱེད་ཀྱིས། །
ཀུན་ནས་དབུལ་བའི་གོས་མེད་གཅེར་བུ་བཞིན། །
མཁས་རྣམས་དགྱེས་པར་རི་རྭའི་ཟླ་བོ་གྱུར། །
དུས་རབས་རེ་རེའི་ཁྲོད་དུ་རིན་ཐང་གི །
ལོ་རྒྱུས་གསེར་ཡིག་གླེགས་བམ་བང་མཛོད་དེ། །
འབྱུང་བཞིའི་ཁམས་སུ་ཐིམ་པར་རེ་དོགས་ཏེ། །
ཤེས་བྱའི་གཏམ་བརྒྱུད་འདི་ན་གཅིག་ཏུ་བསྡུས། །
མི་རབས་གསར་རྙིང་ལོ་རྒྱུས་གངྒཱའི་ཀླུང་། །
དངོས་སྟོབས་ཤན་འབྱེད་ཕ་རོལ་བརྒལ་བ་ལ། །
རིག་འཕྲུལ་དབང་གཞུའི་རི་མོ་གསེར་ཟམ་གྱིས། །
གཅིག་ཏུ་གསལ་བའི་མེ་ལོང་འདི་ན་བཀྲ། །
གཟུ་བོའི་བློ་དང་དྲང་བའི་མིག་ཟུང་གིས། །
ཡུལ་ལ་གཞལ་བའི་དོན་བརྗོད་སྤྲོས་པ་ལས། །
ཚུལ་མིན་མ་བརྟག་ཉམས་དགའི་བློ་ངོ་རུ། །
ཤར་བའི་ཀུན་རྟོག་འདི་ན་བརྡོལ་བ་མེད། །
བཀྲ༵་ཤིས༵་ལུགས་ཟུང་རྩིབས་སྟོང་འཁོར་ལོ་ཡི། །
དགེ༵་ལེགས་མཚན་མའི་རེ་ཁ་ཀུན་ནས་འཛུམ། །
ལུང་རྟོགས་བསྟན་པའི་སྙིང་པོ་གོང་འཕེལ༵་ཏེ། །
ཡངས་པའི་ས་ཁྱོན་གླིང༵་དུ་མཛེས་གྱུར་ཅིག །
ཅེས་རང་རེ་དགོན་གྱི་ལོ་རྒྱུས་ཤིག་འབྲི་ཐུབ་ན་འདས་མ་ད་གསུམ་ལ་མཁོ་གལ་ཆེ་བས་ཅིས་ཀྱང་འབྲི་དགོས་ཞེས་ལོ་འཁོར་བཞི་ལྔའི་ཡན་གྱི་ནང་དོན་གཉེར་ཅན་ཚོས་རྩོམ་སྐུལ་གནང་ན་ཡང་། རང་ཉིད་ཤེས་ཡོན་གྱི་ཆུ་ཚད་ཧ་ཅང་ཞན་པས་འབྲི་མ་སྤོབས་པ་དང་། ཡུལ་རྐྱེན་གྱི་གནས་བབས་ཀྱང་བསམ་གཞིག་བྱས་ནས་ལོ་མང་པོར་དེ་གར་ལྷག ཉེ་ཆར་ཁུལ་རིམ་པ་དང་རྫོང་རིམ་པས་དགོན་པ་སོ་སོའི་ལོ་རྒྱུས་བདག་གཉེར་བྱེད་སྐབས་འདི་དགོན་གྱི་རྒྱུན་ལས་ཡོངས་ཀྱིས་མོས་མཐུན་རྟིང་སྐུལ་འོག་དགོན་འདིའི་སྤྱི་ཚོགས་རྙིང་བའི་བན་རྒན་འགའ་ཞིག་དང་། གཞན་ལོ་རྒྱུས་ལ་ཉམས་ཞིབ་གནང་མཁན་གྱི་གྲྭ་བཙུན་རྒན་ཤོས་དག་དང་ལྷན་བགྲོ་གླེང་ཐེངས་དུ་མར་བྱས་ཏེ། ཁོང་རྣམས་ཀྱི་ངག་སྒྲོས་ལས་ཐོན་པ་རྣམས་ལོ་རྒྱུས་ཀྱི་རྒྱུ་ཆ་བྱས་ནས་དགོན་འདིའི་གྲལ་མཐར་ཙམ་གནས་པ་སེང་ཕྲུག་ཚེ་རིང་ངམ་སྤུར་མིང་ལ་སྨན་སྨྱུག་འབོད་པས་ཕྱི་ལོ་༢༠༢༢ ཟླ་༡༢ ཚེས་༡༩ བོད་རབ་གནས་ཆུ་སྟག་ལོའི་ཟླ་༡༠ ཚེས་༢༦ ཉིན་བཤད་གྲྭ་ཐུབ་བསྟན་ལེགས་བཤད་བྱང་ཆུབ་ཆོས་གླིང་གི་ལྷོ་ལུང་རིག་བསམ་འཕེལ་གླིང་གི་གྲྭ་ཚང་དུ་སྦྱར་བའོ། །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3400
དཔྱད་མཆན་སྤེལ།