གལ་ཏེ་ཁྱོད་ཀྱིས་ཉིན་རྒྱུན་སྙན་ངག་བྲིས་ན་ཡར་ཐོན་ཅི་ཡང་མེད་ན། གཤམ་ནས་བསམ་འཆར་འགའ་འདོན།

གཅིག སྙན་ངག་སློབ་སྦྱོང་བྱེད་པ། སྙན་ངག་གི་གཞི་རྩའི་གོ་དོན་དང་ཐབས་རྩལ་ལ་རྒྱུས་ལོན་བྱེད་དགོས། སྡེབ་སྦྱོར་དང་དབྱངས་རྟ། ཡིད་བརྙན། ཡིད་ཡུལ་སོགས་ཀྱི་ཤེས་བྱ་སློབ་སྦྱོང་བྱས་ན། ཁྱོད་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་སྙན་ངག་གི་སྐད་ཆར་རྒྱུས་ལོན་དང་བཀོལ་སྤྱོད་བྱེད་ཐུབ།

གཉིས། ཕུལ་དུ་བྱུང་བའི་སྙན་ངག་ཀློག་པ། གསུང་རབ་དང་། དེང་རབས་ཀྱི་ཕུལ་དུ་བྱུང་བའི་སྙན་ངག་བརྩམས་ཆོས་ཀློག་ན། ཁྱོད་ཀྱིས་སྙན་ངག་གི་འཕེལ་རྒྱས་བརྒྱུད་རིམ་དང་གྲུབ་མཐའ་སྣ་ཚོགས་ཀྱི་ཁྱད་ཆོས་ལ་རྒྱུས་ལོན་བྱེད་པར་རོགས་རམ་བྱེད་ཐུབ་པ་དང་། དུས་མཚུངས་སུ་དེའི་ཁྲོད་ནས་རིག་པ་ཐོལ་སྐྱེས་དང་དཔྱད་གཞིའི་ཐབས་རྩལ་བསྡུ་ལེན་བྱེད་ཐུབ།

གསུམ། རྩོམ་འབྲི་སྦྱོང་བརྡར་བྱེད་པ། རྒྱུན་ཆད་མེད་པར་རྩོམ་འབྲི་བ་ནི་སྙན་ངག་ཆུ་ཚད་མཐོར་འདེགས་གཏོང་བའི་གནད་འགག་ཅིག་ཡིན། རྩོམ་འབྲི་སྟངས་དང་སྤྱོད་ཚུལ་ཉམས་འགྱུར་མི་འདྲ་བར་ཚོད་ལྟ་བྱེད་ནས། རྩོམ་མང་པོ་འབྲི་བར་སྦྱོང་བརྡར་བྱས་ན། རིམ་བཞིན་རང་ཉིད་ཀྱི་རྩོམ་འབྲིའི་ནུས་པ་དང་ཐབས་རྩལ་མཐོར་འདེགས་གཏོང་ཐུབ།

བཞི། བསམ་འཆར་དང་ལེན་བྱེད་པ། མི་གཞན་གྱི་བསམ་འཆར་དང་གྲོས་འགོ་འཚོས་ན། ཁྱོས་རང་ཉིད་ཀྱི་རྩོམ་འབྲིའི་ཁྲོད་ཀྱི་མི་འདང་ས་ཤེས་རྟོགས་དང་། ཡར་ཐོན་གྱི་ཁ་ཕྱོགས་འཚོལ་བར་རོགས་རམ་བྱེད་ཐུབ།

ལྔ། རྒྱུན་འཁྱོངས་ལྷོད་མེད་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་རྩོམ་འབྲི་སྦྱོང་བརྡར་བྱས་ཏེ། རྒྱུན་ཆད་མེད་པར་རང་ཉིད་ལ་འགྲན་སློང་ན། རང་ཉིད་ཀྱི་རྩོམ་འབྲིའི་ཆུ་ཚད་མཐོ་རུ་གཏོང་ཐུབ་པར་མ་ཟད། ཡར་རྒྱས་སྔར་ལས་ལེགས་པ་ཡོང་བར་བྱེད་ཐུབ།

དྲུག སྣ་མང་གི་བསམ་གཞིགས་གཏོང་བ། རང་ཉིད་ལ་རྒྱུས་མངའ་ཡོད་པའི་བརྗོད་བྱ་གཙོ་བོ་བྱེད་ནས་ཉམས་འགྱུར་གྱི་ཚད་བཀག་མི་བྱེད་པར། བརྗོད་བྱ་དང་ཉམས་འགྱུར་མི་འདྲ་བ་སྣ་ཚོགས་ལ་ཚོད་ལྟ་བྱས་ནས་རང་ཉིད་ཀྱི་བསམ་གཞིགས་དང་བསམ་པའི་བཀོད་ཤུགས་རྒྱ་སྐྱེད་གཏོང་དགོས།

བདུན། ཞིབ་ཕྲའི་གནས་ཚུལ་ལ་དོ་སྣང་བྱེད་པ། སྙན་ངག་ནི་ཞིབ་ཚགས་ཀྱི་སྐད་བརྡའི་སྒྱུ་རྩལ་ཞིག་ཡིན་པ་དང་། ཞིབ་ཕྲའི་གནས་ཚུལ་ལ་དོ་སྣང་བྱས་ན། བརྩམས་ཆོས་སྔར་ལས་ཆ་ཚང་བ་དང་ནུས་ལྡན་དུ་གཏོང་ཐུབ། དཔེར་ན། བྱེ་བྲག་དང་གསོན་ཉམས་ལྡན་པའི་ཞིབ་ཆ་བཀོལ་ནས་རྣམ་པ་དང་བརྩེ་དུང་ཞིབ་བརྗོད་བྱེད་པ།

བརྒྱད། རང་ཚུགས་ཀྱིས་བསམ་གཞིགས་བྱ་དགོས་པ། གསར་གཏོད་ཀྱི་རང་བཞིན་ལྡན་པའི་རྩོམ་ཡིག་འབྲི་བར་རང་ཚུགས་ཀྱིས་བསམ་གཞིགས་དང་མཚོན་ཐབས་གསར་པ་དགོས་པ་ལས། དར་ཁྱབ་ཆེ་བའམ་ཚད་གཞི་ངེས་ཅན་ཞིག་དང་མཐུན་པར་རྩོད་ལན་ཐལ་དྲགས་པ་བྱེད་མི་རུང་། རང་ཉིད་ཀྱི་ཉམས་འགྱུར་དང་བསམ་བློ་རྒྱུན་འཁྱོངས་བྱ་དགོས།

དགུ། སྣ་མང་ཅན་གྱི་མཚོན་སྟངས། མཚོན་སྟངས་སྣ་མང་སྤྱོད་པར་ཚོད་ལྟ་བྱེད་དགོས། དཔེར་ན། གབ་ཚིག་དང་། མཚོན་རྟགས། བསྡུར་བ་སོགས་ཀྱིས། བརྩམས་ཆོས་སྔར་ལས་སྣ་མང་ཕུན་སུམ་ཚོགས་པར་གཏོང་བ་དང་། དུས་མཚུངས་སུ་ཀློག་པ་པོའི་ལྟ་ཀློག་ཉམས་ཞིབ་ཀྱང་ཇེ་ལེགས་སུ་གཏོང་ཐུབ།

བཅུ། ཕམ་ཉེས་ལ་མི་སྐྲག་པ། རྩོམ་ཡིག་འབྲི་བ་ནི་དུས་ཡུན་རིང་པོའི་བརྒྱུད་རིམ་ཞིག་ཡིན་པས། ཕམ་ཉེས་དང་བར་ཆད་ཡོང་རྒྱུ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་མོད། འོན་ཀྱང་ཕམ་ཉེས་ལ་སྐྲག་མི་དགོས། དགེ་མཚན་ལྡན་པའི་རྣམ་འགྱུར་དང་། ངང་རྒྱུད་རིང་པོར་རྒྱུན་འཁྱོངས་བྱེད་ནས་མུ་མཐུད་འབད་བརྩོན་ཆེན་པོས་རང་ཉིད་ཀྱི་རྩོམ་འབྲིའི་ཆུ་ཚད་མཐོ་རུ་གཏོང་དགོས།

མདོར་ན། སྙན་ངག་འབྲི་བར་རྒྱུན་ཆད་མེད་པར་སློབ་སྦྱོང་དང་། ལག་ལེན་བྱེད་པའི་བརྒྱུད་རིམ་དགོས་པ་ཡིན། གལ་ཏེ་ཁྱོད་ཀྱིས་རང་ཉིད་ཀྱི་རྩོམ་འབྲིའི་ཆུ་ཚད་མཐོ་རུ་གཏོང་འདོད་ན། སློབ་སྦྱོང་གང་མང་བྱེད་པ་དང་། ལྟ་ཀློག་ཅི་མང་། རྩོམ་འབྲི་རྒྱུ་ཇེ་མང་དུ་བྱས་ན་དུས་མཚུངས་སུ། བསམ་འཆར་དང་ལེན་དང་རྒྱུན་འཁྱོངས་ལྷོད་མེད་ཀྱང་བྱ་དགོས་སོ།།

མཆན། འདི་སྒྱུར་བཞིན་པའི་སྒང་ལ་དྲྭ་ཉུལ་ཞིག་བྱས་པས། ལ་འབི་ཕུན་ཚོགས་ཀྱིས་ཀྱང་བོད་སྒྱུར་བྱས་ཚར་འདུག་པས། མུ་མཐུད་ནས་སྒྱུར་མི་འདོད་པའི་ཚོར་བ་ཞིག་བྱུང་ཡང་། སྤྱིར་ན་སྙན་ངག་དང་གཞུང་དུ་མ་ལ་སྒྱུར་མཁན་མི་འདྲ་བ་དུ་མ་ཡོད་ཆོག་པའི་རྒྱུན་མཚན་དུ་བྱས་ནས་༢༠༢༣/༤/༡སྒྱུར་བ་ཡིན་ནོ།།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3386