[ནང་དོན་གནད་བསྡུས།] རྒྱ་གཞུང་རང་དུ་ཡིད་དཔྱོད་ཐེ་ཚོམ་གྱི་ནང་དུ་བསྡུས་ཡོད་ཅིང་། སྣང་ལ་མ་ངེས་པའི་བློ་ཡང་བློ་རིག་ཟུར་དུ་ཕྱེ་བ་གསལ་པོར་མེད། དྲན་པ་ལ་ཚད་མ་མ་ཡིན་དགོས་པར་གསུངས་ཀྱང་མངོན་སུམ་བཅད་ཤེས་ཡོད་མེད་རྒྱ་གཞུང་དུ་གསལ་མིན་རྩོད་པ་དང་བཅས་པ་ཞིག་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་ཡིད་དཔྱོད་དང་སྣང་ལ་མ་ངེས་པའི་བློ་བློ་རིག་ཟུར་དུ་བཞག་པ་དང་། མངོན་སུམ་བཅད་ཤེས་འདོད་པ་ལ་བོད་ཀྱི་ཚད་མ་བ་དག་གི་ནང་ལྷག་ཏུ་རྩོད་པ་འཕེལ་ཡོད། དེས་ན་བློ་ལ་བློ་རིག་བདུན་དུ་ཕྱེ་ཞིང་། ཚད་མིན་གྱི་བློ་ལ་ལྔའི་གྲངས་བཅད་བྱས་པ་ནི་རྒྱ་གར་གྱི་ཚད་གཞུང་དུ་མི་གསལ་བས་བོད་ཀྱི་བློ་རིག་གི་འཆད་སྟངས་ཁྱད་པར་བ་ཞིག་ཏུ་སྣང་། བློ་རིག་བདུན་དང་ཚད་མིན་གྱི་བློ་ལ་ལྔའི་གྲངས་བཅད་པ་དེ་བོད་ཀྱི་ཚད་མའི་བསྟན་བཅོས་སྔ་མའི་གྲས་ལས་རྔོག་བློ་ལྡན་ཤེས་རབ་ཀྱི་«རྣམ་ངེས་ཀྱི་འགྲེལ་པ»་དང་། ཆ་བ་ཆོས་ཀྱི་སེང་གེའི་«ཚད་མ་ཡིད་ཀྱི་མུན་སེལ»དང་། གཉགས་ཀྱི་«ཚད་མའི་སྤྱི་སྐད་ཅུང་ཟད་བསྡུས་པ»་བཅས་སུ་གསལ་ཞིང་། ཕྱིས་སུ་དགེ་ལུགས་པའི་ཡིག་ཆ་དག་ཏུ་དེ་ཉིད་རྒྱུན་འཛིན་བྱས་ཡོད། འོན་ཀྱང་འདོད་ཚུལ་དེ་ལ་ས་པཎ་ཀུན་དགའ་རྒྱལ་མཚན་གྱི་«ཚད་མ་རིགས་པའི་གཏེར»་སོགས་སུ་དགག་པ་ཡང་བྱུང་ཡོད་པ་ཡིན་ནོ། །

 

[གནད་ཚིག] བློ་རིག་བདུན། ཚད་མིན་གྱི་བློ་ལྔ། བཅད་ཤེས།   ཡིད་དཔྱོད།  སྣང་ལ་མ་ངེས་པ།

དང་པོ། གླེང་སློང་བ།

རྒྱ་གར་གྱི་ཚད་མའི་གཞུང་ལུགས་དག་བོད་དུ་འགྱུར་རྗེས་བོད་ཀྱི་ཚད་མའི་མཁས་པ་རིམ་བྱོན་གྱིས་རྒྱ་གར་གྱི་གཞུང་དུ་མི་གསལ་བ་དང་། གསལ་ཡང་ཞིབ་ཚགས་མིན་པ་དང་། དོགས་གཅོད་མ་བྱས་པ་དག་ལ་དོགས་གཅོད་གསར་དུ་མཛད་པ་སོགས་ཀྱིས་ཚད་མའི་གཞུང་ལུགས་འཕེལ་རྒྱས་ཀྱི་ཐད་མཛད་རྗེས་གསར་པ་མང་པོ་ཞིག་བཞག་ཡོད། དེ་དག་གཞུང་རང་གི་དགོངས་པ་འགྲེལ་པའི་ཞར་དང་ཞོར་དུ་བྱུང་བ་ལས་ཟུར་དུ་བཤད་པ་ཉུང་བས་ཆུ་ལ་འདྲེས་པའི་འོ་མ་བཞིན་དུ་སོང་སྟེ། འདི་དང་འདིའོ་ཞེས་ཟུར་དུ་འབྱེད་མཁན་ཉུང་བར་སྣང་། འོན་ཀྱང་བོད་ཀྱི་ཚད་མའི་ལོ་རྒྱུས་གླེང་སྐབས་དེ་དག་ལ་དོ་སྣང་བྱ་རྒྱུའང་གལ་ཆེ་བ་སྨོས་མ་དགོས། འདིར་སྐབས་སུ་བབ་པའི་གླེང་གཞིར་གྱུར་པ་ནི་བོད་ཀྱི་ཚད་གཞུང་དུ་གསལ་བའི་བློ་ལ་བློ་རིག་བདུན་དུ་གྲངས་བཅད་པ་དང་ཚད་མིན་གྱི་བློ་ལ་ལྔའི་གྲངས་བཅད་མཛད་པ་དེ་རྒྱ་གར་གྱི་ཚད་གཞུང་གི་རྨང་གཞིའི་ཐོག་བྱུང་བའི་བོད་ཀྱི་བློ་རིག་གི་འཆད་སྟངས་ཁྱད་པར་བ་ཇི་ལྟར་ཡིན་པའི་སྐོར་གླེང་རྒྱུ་ཡིན། དེ་ཡང་བོད་ཀྱི་ཚད་གཞུང་མང་པོར་བློ་ལ་བློ་རིག་བདུན་དུ་གྲངས་ངེས་པར་འདོད་ཅིང་། བདུན་ནི་མངོན་སུམ་གྱི་ཚད་མ། རྗེས་སུ་དཔག་པའི་ཚད་མ་སྟེ་ཚད་མ་གཉིས་དང་། བཅད་ཤེས། ཡིད་དཔྱོད། སྣང་ལ་མ་ངེས་པ། ལོག་ཤེས། ཐེ་ཚོམ་སྟེ་ཚད་མིན་གྱི་བློ་ལྔ་བཅས་སོ། །ཚད་མ་གཉིས་སུ་ངེས་པ་དེ་ཕྱོགས་གླང་ཡབ་སྲས་ཀྱི་ཚད་གཞུང་རང་དུ་རྒྱས་པར་བྱུང་བས་དེ་ལ་བོད་དུ་མི་མཐུན་པའི་རྩོད་པ་ཅི་ཡང་བྱུང་མེད། གཉགས་ཀྱི་«ཚད་མའི་སྤྱི་སྐད་ཅུང་ཟད་བསྡུས་པ»་ལས། “དེ་ལ་གཅོད་བྱའི་སྒྲོ་འདོགས་ཀྱི་བློ་ལ་དེ་སང་དུས་ཀྱི་ཏོག་གེ་བ་རྣམས་ཚད་མ་མ་ཡིན་པའི་བློ་ལྔ་ཞེས་གྲགས་ཏེ། ཚད་མ་མ་ཡིན་པའི་བློ་ལྔ་ཞེས་གཞུང་ནས་གསུངས་པའི་གྲངས་ངེས་པའང་མེད་ལ།”[1]ཞེས་གསུངས་པ་ལྟར་རྒྱ་གཞུང་རང་དུ་ཚད་མིན་གྱི་བློ་ལ་ལྔར་ངེས་པའི་གྲངས་བཅད་བྱས་པ་མེད་པས། དེ་ནི་བོད་ཀྱི་བློ་རིག་གི་ཐུན་མོང་མ་ཡིན་པའི་འཆད་ཚུལ་དུ་སྣང་།  བོད་དུ་ཚད་མིན་གྱི་བློ་ལ་ལྔ་རུ་གྲངས་བཅད་བྱས་པ་དེ་ཅུང་སྔ་མོའི་འདོད་ཚུལ་ཞིག་ཡིན་པ་རྔོག་བློ་ལྡན་ཤེས་རབ་(1059-1109)ཀྱི་«རྣམ་ངེས་ཀྱི་འགྲེལ་པ»་རུ་གསལ་བ་ལས་ཤེས། འོག་ཏུ་འདྲེན་འགྱུར་གྱི་རྔོག་ལོའི་«རྣམ་ངེས་ཀྱི་འགྲེལ་པ»་རུ་བློ་རིག་བདུན་དུ་འདོད་པ་དང་ཚད་མིན་གྱི་བློ་ལ་ལྔ་རུ་འདོད་པ་འཁོད་ཡོད་ཅིང་། ཆ་བ་ཆོས་ཀྱི་སེང་གེ་(1109-1969)ཡིས་མཛད་པའི་«ཚད་བསྡུས་ཡིད་ཀྱི་མུན་སེལ»་དུ་བློ་རིག་བདུན་དུ་གྲངས་ངེས་པའི་རྒྱུ་མཚན་དང་དེ་དག་གི་ངོ་བོ་དང་མཚན་ཉིད་དང་ངེས་བྱེད་ཀྱི་ཚད་མ་གསུམ་གྱི་སྒོ་ནས་ཞིབ་ཏུ་གསུངས་ཤིང་ཚད་མིན་གྱི་བློ་ལ་ལྔའི་གྲངས་བཅད་མཛད།  གཉགས་ཀྱི་ཚད་མར་ཡང་ཚད་མིན་གྱི་བློ་ལྔ་པོ་རེ་རེ་བཞིན་མཚན་གཞི་བཅས་གསུངས། འོན་ཀྱང་དེར་ལོག་ཤེས་དང་། ཐེ་ཚོམ། སྣང་ལ་མ་ངེས་པ་གསུམ་ཚད་མིན་གྱི་བློ་ཡིན་པ་དང་། ཡིད་དཔྱོད་ཚད་མ་ཡིན་པར་གསུངས་ཤིང་། བཅད་ཤེས་ཚད་མའི་ཁོངས་སུ་གཏོགས་པར་བཤད་ཀྱང་ཚད་མ་ཡིན་པར་འདོད་མིན་བཤད་དཀའ། དེས་ན་ཁོང་གིས་བློ་ལྔ་པོ་ཁས་ལེན་ཡང་དེ་ལྔ་ཀ་ཚད་མིན་གྱི་བློ་རུ་མི་འདོད་པ་ཡིན།   དེ་བཞིན་«ར་སྟོད་བསྡུས་གྲྭ»་སོགས་བོད་ཀྱི་བསྡུས་གཞུང་ཁག་མང་པོར་བློ་རིག་བདུན་དང་ཚད་མིན་གྱི་བློ་ལྔའི་གྲངས་བཅད་བྱས་ཤིང་། ཕྱིས་སུ་དགེ་ལུགས་པའི་གྲྭ་ས་ཁག་ཏུ་དེ་ནི་རྒྱུན་ཤེས་ལྟ་བུར་གྱུར།

ཚད་མིན་གྱི་བློ་ལྔ་ལས་ཐེ་ཚོམ་དང་ལོག་ཤེས་གཉིས་ཀྱི་དོན་དང་ཐ་སྙད་གཉིས་ཀ་རྒྱ་གཞུང་རང་དུ་བྱུང་བས་དེ་ལ་རྩོད་པ་མེད་པར་སྣང་ལ། ཡིད་དཔྱོད་ཀྱི་མཚན་ཉིད་གང་ལ་ཞུགས་པའི་བློ་ནི་རྒྱ་གཞུང་རང་དུ་ཐེ་ཚོམ་གྱི་ཁོངས་སུ་བསྡུས་ཤིང་། སྣང་ལ་མ་ངེས་པའི་བློ་བཞེད་མིན་ཐད་རྙོག་དྲའི་རང་བཞིན་ཅན་ཞིག་ཡིན་པས་བོད་དུ་ཡང་དེ་གཉིས་བློ་རིག་ཟུར་དུ་ཕྱེ་བ་ལ་རྩོད་པ་བྱུང་ཞིང་གཅིག་གྱུར་གྱིས་ཁས་ལེན་པ་ཞིག་མིན། ཁྱུང་པོ་ཆོས་བརྩོན་གྱིས་བསྒྱུར་བའི་ཡེ་ཤེས་དཔལ་བཟང་གི་«རྣམ་ངེས»་ཀྱི་འགྲེལ་པར་བཅད་པའི་ཡུལ་ཅན་ཞེས་བྱུང་བ་ཕུད་གཞན་བཅད་ཤེས་ཀྱི་ཐ་སྙད་རྒྱ་གཞུང་དུ་མེད་ཀྱང་དེའི་མཚན་ཉིད་ཚང་བའི་བློ་ཞིག་ནི་ཟུར་དུ་བསྟན་པས་བཅད་ཤེས་ཙམ་བློ་རིག་ཟུར་དུ་འདོད་པ་ལ་རྩོད་པ་མེད་(འོན་ཀྱང་ཀརྨ་ཆོས་གྲགས་རྒྱ་མཚོའི་«རིགས་གཞུང་རྒྱ་མཚོ»་རུ་བཅད་ཤེས་ཀྱང་ཚད་མ་ཡིན་པར་གསུངས། )ཅིང་། འོན་ཀྱང་མངོན་སུམ་བཅད་ཤེས་ཡོད་མེད་དེ་རྒྱ་གཞུང་དུ་གསལ་མིན་རྩོད་པ་དང་བཅས་པས་བོད་ཀྱི་མཁས་པའི་ནང་མི་མཐུན་པའི་རྩོད་པ་བྱུང་ཡོད།  ཕྱིས་སུ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་(1182-1251)གྱི་«ཚད་མ་རིགས་གཏེར»་དུ་ཡིད་དཔྱོད་བློ་རིག་ཟུར་དུ་ཕྱེ་བ་བཀག་ཅིང་། སྣང་ལ་མ་ངེས་པའི་བློ་ཡང་བཀག་ལ་བཅད་ཤེས་མ་རྟོགས་པའི་བློ་ཡིན་པ་དང་མངོན་སུམ་དང་བཅད་ཤེས་ཀྱི་གཞི་མཐུན་མེད་པའི་སྐོར་སོགས་གསུངས།  དགེ་ལྡན་པའི་མཁས་པ་མཁས་གྲུབ་རྗེས་(1385-1438)མཛད་པའི་«སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ»་དུ་ཡང་སྣང་ལ་མ་ངེས་པའི་བློ་བཀག་པར་མཛད། ཕྱིས་ཀྱི་«རིགས་གཏེར»་གྱི་རྗེས་འབྲངས་དག་གི་ནང་འདོད་ཚུལ་ཕྲན་ཚེགས་མི་འདྲ་བ་ཡོད་ཀྱང་སྤྱིར་ཡོངས་ནས་བློ་རིག་བདུན་དུ་དབྱེ་བ་དང་། ཚད་མིན་གྱི་བློ་ལ་ལྔ་རུ་གྲངས་བཅད་པ་དེ་ཁས་མི་ལེན་པ་སྨོས་མ་དགོས་ཤིང་། «ཤཱཀ་མཆོག་གི་ཚད་མའི་ཆོས་འབྱུང་»ལས། “ཚད་མིན་གྱི་བློ་ལ་ཡིད་དཔྱོད་ལ་སོགས་པ་ལྔར་ཕྱེ་ནས་ལྔ་པོ་ཡུལ་ལ་འཇུག་ཚུལ་གཞི་མཐུན་མི་སྲིད་པར་འདོད་པ་ནི་གཞུང་ན་མེད་ཅིང་ལོ་ཆེན་གྱིས་ཀྱང་མ་བཤད་ལ། བྱེ་བྲག་ཏུ་མངོན་སུམ་བཅད་ཤེས་ནི་གཏན་ཚིགས་ཐིགས་པའི་གཞུང་གིས་དངོས་སུ་བཀག་ཀྱང་མདོ་སེམས་ཀྱི་གཞུང་དུ་བཞག་ནས་དེ་ལ་རྩི་བ་མ་ཡིན་ནོ། །”[2]ཞེས་གྲངས་བཅད་དེ་ཉིད་རྒྱ་གཞུང་གི་དགོངས་པ་མིན་པ་དང་། དེ་ལྟ་ན་ཡང་ཆ་བ་སོགས་ཀྱིས་ནི་གཞུང་ལ་མི་རྩི་བར་གྲངས་བཅད་དེ་རང་ལུགས་སུ་ཁས་ལེན་པར་གསུངས། འོན་ཀྱང་འདིར་ལོ་ཆེན་གྱིས་གྲངས་བཅད་དེ་མི་བཞེད་པ་གསུངས་པ་ནི་ལོ་ཆེན་གྱི་གཞུང་རང་དང་འགལ་བས་མི་འཐད་དོ། །ས་པཎ་གྱི་རྗེས་ཙམ་གྱི་བཅོམ་ལྡན་རིག་རལ་གྱི་«ཚད་མ་བསྡུས་པ་རིགས་པའི་མཚོན་ཆ»་རུ་དང་པོ་དཔྱོད་པ་དང་། གཉིས་པ་ཡིད་དཔྱོད། གསུམ་པ་བཅད་ཤེས། བཞི་བ་མ་རྟོགས་པ། ལྔ་བ་ལོག་རྟོག །དྲུག་པ་ཐེ་ཚོམ། བདུན་པ་སྣང་ལ་མ་ངེས་པ། བརྒྱད་པ་དྲན་པ། དགུ་བ་འཁྲུལ་ཤེས་དོན་དང་མཐུན་པ། བཅུ་པ་རྐྱེན་གཞན་ལས་ཤེས་པ། བཅུ་གཅིག་པ། གང་ཡང་བློ་དེའི་རྗེས་ཤེས་སུ་གྱུར་པའི་ཡིད་ཀྱིས་འདི་ནི་གཏེར་གྱི་བུམ་པ་ཡིན་ནོ་ཞེས་དཔྱོད་པ་ལྟ་བུ་ཡང་བློ་རིག་གཞན་དུ་གསུངས་ཤིང་། དེའི་སྟེང་ཚད་མ་གཉིས་བཅས་བློའི་དབྱེ་བ་བཅུ་གསུམ་དུ་གསུངས་ཤིང་། བློ་རིག་བདུན་གྱི་རྣམ་གཞག་སྔར་བཞིན་རྒྱུན་འཛིན་བྱས་ཡོད་པ་དང་སྣང་ལ་མ་ངེས་པ་ལ་རྟོག་པའང་ཡོད་པར་བཞེད། འོན་ཀྱང་བློ་རིག་བཅུ་གསུམ་གྱི་བཞེད་ཚུལ་དེ་ཕྱིས་སུ་རྒྱུན་འཛིན་བྱ་མཁན་བྱུང་མེད། ཡང་བཀའ་བརྒྱུད་པའི་ཚད་མའི་མཁས་པ་ཀརྨ་ཆོས་གྲགས་རྒྱ་མཚོས་(1454-1506)མཛད་པའི་«རིགས་གཞུང་རྒྱ་མཚོའི»་ཚད་གྲུབ་ལེའུ་རུ།[3]ས་པཎ་གྱི་འདོད་ཚུལ་འགའ་བཀག་རྗེས་རང་གི་ལུགས་ལ་ཚད་མིན་གྱི་བློ་ལ་ལོག་ཤེས་དང་ཐེ་ཚོམ་གཉིས་སུ་ངེས་པ་དང་། མངོན་སུམ་དང་རྗེས་དཔག་གིས་དྲངས་པའི་བཅད་ཤེས་ནི་ཚད་མ་ཡིན་པར་བཤད་དེ། འདིས་ཀྱང་ཆ་བ་སོགས་ཀྱིས་བཤད་པའི་བློ་རིག་བདུན་དང་ཚད་མིན་གྱི་བློ་ལྔའི་གྲངས་བཅད་མི་འདོད་པ་ཡིན་ནོ། །

མདོར་ན་མཁས་པ་ཕྲན་ཚེགས་དག་གི་འདོད་ཚུལ་གྱི་བྱེ་བྲག་རེ་རེ་བཞིན་འཆད་པར་མི་ནུས་ཀྱང་གྲགས་ཆེ་བ་དང་སྤྱིར་ཡོངས་ནས་བཤད་ན། བློ་ལ་བློ་རིག་བདུན་དང་ཚད་མིན་གྱི་བློ་ལ་ལྔའི་གྲངས་བཅད་བྱེད་པ་དང་བདུན་པོ་ཡུལ་གཅིག་ལ་ནང་ཕན་ཚུན་འགལ་བར་འདོད་པ་ནི་རྔོག་ལོ་དང་ཆ་བ་སོགས་ཚད་མ་སྔ་རབས་པ་དག་དང་། དེའི་རྗེས་འབྲངས་ཀྱི་ཕྱིས་ཀྱི་དགེ་ལྡན་པའི་མཁས་པ་དག་ཡིན་པ་དང་། དེ་ལྟར་མི་འདོད་ཅིང་འགོག་པར་བྱེད་པ་ནི་ཚད་མ་ཕྱི་རབས་པ་སྟེ་ཆོས་རྗེ་ས་པཎ་དང་ཁོང་གི་«རིགས་གཏེར»་གྱི་རྗེས་འབྲངས་མཁས་པ་དག་ཡིན། སྔ་མ་དག་གིས་ཚིག་གི་ཞིབ་ཆ་ལ་དང་དོད་ཆེན་པོར་བྱེད་ཅིང་། རིགས་པས་དཔྱད་ནས་རང་གི་ལུགས་འཇོག་དགོས་པར་འདོད་ལ། གཞན་དག་རྒྱ་གཞུང་གི་ཚིག་ཟིན་དང་ཆེས་བསྟུན་པ་དག་ལ་ཚིག་ཙམ་གྱིས་ཚིམས་པ་ཞེས་བཀའ་བཀྱོན་བྱེད།  ཕྱི་མ་དག་གིས་གཙོ་བོ་རྒྱ་གཞུང་གི་དགོངས་པ་དང་མཐུན་པར་འཆད་དགོས་པར་འདོད་ཅིང་། རང་ཉིད་ཁོ་ནས་སྡེ་བདུན་གྱི་དགོངས་པ་རྟོགས་ཡོད་པ་དང་། སྔ་མ་དག་ལ་བོད་ཀྱི་ཚད་བསྡུས་པ་དང་། ཚིག་འཁྲི་ལ་ཞེན་པ། རང་གི་རྟོག་པས་འཆད་པ་སོགས་ཀྱི་ཚིག་གིས་བཀའ་བཀྱོན་པ་ཡིན། དེའི་སྐོར་མཁས་པ་དེ་དག་གི་དགག་སྒྲུབ་ཀྱི་གཞུང་ལུགས་ལ་མཇལ་ན་ཞར་དང་ཞོར་དུ་མཐོང་ཐུབ། ཚད་མ་བ་སྔ་ཕྱི་གཉིས་ཀྱི་བར་བློ་རིག་བདུན་དང་ཚད་མིན་གྱི་བློ་ལྔའི་གྲངས་བཅད་ཐད་ཁོ་ན་མིན་པར་འདོད་ཚུལ་མི་འདྲ་བའི་བྱེ་བྲག་ཧ་ཅང་མང་ཡང་འདིར་སྐབས་སུ་བབ་པ་བཅད་ཤེས་དང་། ཡིད་དཔྱོད། སྣང་ལ་མ་ངེས་པ་གསུམ་བློ་རིག་ཟུར་དུ་ཕྱེ་བ་དང་དེ་ལ་རྩོད་པ་ཇི་ལྟར་བྱུང་བའི་སྐོར་མདོར་བསྡུས་རེ་འབྲི་བར་བྱ་ཞིང་། དེ་ཡང་གང་ཞིག་འཐད་མིན་དཔྱད་པར་མི་བྱ་བར་མཚོན་བྱེད་ཀྱི་ལུགས་འགའི་གཞུང་བཀོད་དེ་བྱུང་བའི་རིམ་པ་ཉིད་མཚོན་ཐབས་གཙོ་བོར་བྱའོ། །

གཉིས་པ། བཅད་ཤེས་ཀྱི་སྐོར།

1 བཅད་ཤེས་ཀྱི་དོན་དང་ཐ་སྙད།

བཅད་ཤེས་ཀྱི་དོན་ལ་ཆ་བའི་«ཚད་བསྡུས་ཡིད་ཀྱི་མུན་སེལ»་དུ།“བཅད་པའི་ཡུལ་ཅན་གྱི་མཚན་ཉིད་ནི། སྒྲོ་འདོགས་ཆོད་ཟིན་པའི་དོན་ལ་ལྡོག་པའི་ཞེན་པ་དང་འགལ་བའི་བློ་འཇུག་པའོ། །”[4]ཞེས་དང་། གཉགས་ཀྱི་ཚད་མར། “བཅད་པའི་ཡུལ་ཅན་ནི། ཚད་མས་སྒྲོ་འདོགས་བཅད་པའི་རྗེས་ཀྱི་ཤེས་པ་ཡིན་ཏེ། ཚད་མའི་བློའི་ཁོངས་སུ་གཏོགས་པའོ། །”[5]ཞེས་གསུངས། བོད་ཀྱི་ནང་དུ་བཅད་ཤེས་ལ་རྟོག་པས་ཁྱབ་པར་འདོད་པ་དང་མི་འདོད་པ་དང་། བཅད་ཤེས་ལ་མ་རྟོགས་པའི་བློས་ཁྱབ་པར་འདོད་པ་དང་མི་འདོད་པ་དང་། བཅད་ཤེས་དེ་ཉིད་ཚད་མའི་ཁོངས་སུ་གཏོགས་པ་དང་ཚད་མིན་གྱི་བློའི་ཁོངས་སུ་གཏོགས་པར་འདོད་པ་ཅི་རིགས་སུ་བྱུང་།  འོན་ཀྱང་རྒྱ་གཞུང་རང་དུ་བཅད་ཤེས་ཞེས་པའི་ཐ་སྙད་བྱུང་མེད་ལ། དྲན་པ་ལྟ་བུ་བཟུང་ཟིན་འཛིན་པའི་བློ་ལ་ཚད་མ་མ་ཡིན་དགོས་པར་གསུངས་པ་སྐབས་འགར་བྱུང་སྟེ། «རྣམ་འགྲེལ»་ལེའུ་གསུམ་པར།  “གཞན་དུ་གཟུང་བ་འཛིན་པའི་ཕྱིར། །ཚད་མ་ཉིད་དུ་འདོད་མ་ཡིན།”[6]ཞེས་དང་།  “སྔར་མྱོང་བ་ནི་འཛིན་པ་ན། །ཡིད་ནི་ཚད་མ་ཉིད་མ་ཡིན། །”[7]ཞེས་དང་། ལེའུ་གཉིས་པར། “གཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི། །མི་འདོད། ” [8]ཅེས་དང་། «རྣམ་ངེས»་ལས། “འདི་ཚད་མ་སྔ་མའི་ཡུལ་འཛིན་པ་ཡང་མ་ཡིན་ཏེ། ཚད་མ་ནི་མ་རྟོགས་པའི་ཡུལ་ཅན་ཡིན་པ་ཉིད་ཀྱི་ཕྱིར་ཏེ། གཞན་དུ་ན་ཧ་ཅང་ཐལ་བའི་ཕྱིར་རོ། །མཐོང་བའི་འདུ་བྱེད་མ་ཉམས་པའི་གཟུང་བ་འཛིན་པ་ནི་དྲན་པ་ལས་ཁྱད་པར་མེད་པའི་ཕྱིར་རོ། །”[9]ཞེས་གསུངས་པ་ལྟ་བུའོ། །དེས་ན་ཕྱིས་སུ་བོད་དུ་བཞག་པའི་བཅད་ཤེས་ཀྱི་མཚན་ཉིད་ཞུགས་པའི་བློ་ཞིག་ནི་རྒྱ་གཞུང་རང་གི་ནང་དུ་བསྟན་ཡོད་པ་ཡིན། བོད་ཀྱི་ནང་དུ་ཁྱུང་པོ་ཆོས་བརྩོན་གྱིས་བསྒྱུར་བའི་ཡེ་ཤེས་དཔལ་བཟང་གི་«རྣམ་ངེས»་ཀྱི་འགྲེལ་པ་དང་། རྔོག་ལོའི་«རྣམ་ངེས་འགྲེལ་པ་»དང་། ཆ་བའི་«ཚད་མ་ཡིད་ཀྱི་མུན་སེལ»དང་།  གཉགས་ཀྱི་«ཚད་མའི་སྤྱི་སྐད་ཅུང་ཟད་བསྡུས་པ»་དང་།   ཀློང་ཆེན་གྱིས་མཛད་མིན་རྩོད་གཞི་ཅན་གྱི་«ཚད་མའི་དེ་ཁོ་ན་ཉིད་བསྡུས་པ»་བཅས་སུ་བཅད་ཤེས་ཀྱི་ཐ་སྙད་ཀྱི་ཚབ་ཏུ་བཅད་པའི་ཡུལ་ཅན་ཞེས་གསུངས་ཤིང་། ཕྱིས་ས་པཎ་གྱི་«རིགས་གཏེར»་དུ་བཅད་ཤེས་ཞེས་པའི་ཐ་སྙད་དེ་བྱུང་ཡོད།(འོན་ཀྱང་དེའི་གོང་ཙམ་ལ་བརྩམས་ངེས་པའི་ཚད་བསྡུས་བྲིས་མ་འགའི་ནང་དུ་ཡང་བཅད་ཤེས་ཞེས་པའི་ཐ་སྙད་འཁོད་ཡོད།) བཅད་ཤེས་ཞེས་པའི་ངེས་ཚིག་ཙམ་ནི་ཚད་མ་སྔ་མས་སྒྲོ་འདོགས་བཅད་པའི་ཡུལ་ལ་འཇུག་པའི་ཤེས་པ་ཞེས་པའོ། །

2 མངོན་སུམ་བཅད་ཤེས་ཡོད་མེད་ཀྱི་རྩོད་པ།

རྒྱ་གཞུང་རང་དུ་བཅད་ཤེས་ཀྱི་མཚན་ཉིད་ཞུགས་པའི་བློ་ཟུར་པ་ཞིག་བསྟན་པས་བོད་དུ་ཡང་དེ་བློ་རིག་ཟུར་དུ་ཕྱེ་བ་ལ་དགག་པ་མང་པོ་བྱུང་མེད་ཀྱང་། མངོན་སུམ་ལ་བཅད་ཤེས་ཡོད་མེད་ཀྱི་ཐད་བོད་ཀྱི་མཁས་པའི་ནང་བཞེད་པ་མི་མཐུན་པར་བྱུང་ཡོད། རྔོག་ལོའི་«རྣམ་ངེས་ཀྱི་འགྲེལ་པ་»རུ། “དེ་ལྟ་མོད་ཀྱི་ཚུ་རོལ་མཐོང་བའི་མངོན་སུམ་ནི་སྐད་ཅིག་གི་ཁྱད་པར་ལ་ཚད་མ་མ་ཡིན་པའི་ཕྱིར་དང་། རྒྱུན་གྱི་ཡུལ་ཅན་གྱི་ཚད་མ་ཡང་སྐད་ཅིག་དང་པོ་ཁོ་ན་ཡིན་པས་སྐད་ཅིག་གཉིས་པ་ལ་སོགས་པའི་དབང་པོའམ་ཡིད་ཀྱི་ཤེས་པ་ནི་བཅད་པའི་ཡུལ་ཅན་ལས་མི་འདའོ། །”[10]ཞེས་ཆོས་མཆོག་གི་བཞེད་པ་བཀོད་པ་དང་། ཆ་བའི་«ཚད་བསྡུས་ཡིད་ཀྱི་མུན་སེལ»་ལས། “བཅད་པའི་ཡུལ་ཅན་ནི་སྔར་རྟོགས་པ་ལ་ངེས་པ་འདྲེན་ནུས་ཀྱི་མངོན་སུམ་འཇུག་པ་དང་། དྲན་པའི་རྟོག་པ་འཇུག་པ་དང་། རྗེས་སུ་སྐྱེས་པའི་ངེས་ཤེས་རྣམས་ཡིན་ནོ། །”[11]ཞེས་དང་།  «ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་»རུ་ཡང་མངོན་སུམ་བཅད་ཤེས་གསུངས་པ་ལ། ཕྱིས་ས་པཎ་གྱི་«རིགས་གཏེར»་གྱི་ནང་དུ།  “བཅད་ཤེས་རིགས་པས་མཐའ་བཅད་ན། །མ་རྟོགས་པ་དང་ལོག་རྟོག་དང་། །ཡང་ན་ཚད་མ་ཉིད་འགྱུར་གྱི། །དེ་ལས་གཞན་པའི་བློ་མི་སྲིད། །མངོན་སུམ་རྟོག་བྲལ་ད་ལྟར་བ། །བཅད་ཤེས་འདས་པ་དྲན་པ་ཡིན། །ཡུལ་དུས་འཛིན་སྟངས་འགལ་བ་ལ། །གཞི་མཐུན་པ་ནི་ག་ལ་སྲིད། །”[12]ཅེས་སོགས་ཀྱིས་བཅད་ཤེས་རྟོགས་བློ་ཡིན་པ་བཀག་ནས་མ་རྟོགས་པའི་བློའི་ནང་དུ་བསྡུས་ཤིང་། བྱེ་བྲག་ཏུ་མངོན་སུམ་བཅད་ཤེས་བཀག་པར་མཛད། དེའི་རྗེས་འབྲངས་ཀྱི་མཁས་པ་དག་གི་གཞུང་དུ་ཡང་ལུགས་དེ་བསྐྱར་བ་ལྟ་བུར་སྣང་། དགེ་ལྡན་པའི་མཁས་པ་མཁས་གྲུབ་རྗེས་ཀྱང་«སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ»་དུ་མངོན་སུམ་བཅད་ཤེས་བཀག་ནས་བཅད་ཤེས་ཀྱི་ངོ་བོ་དྲན་པ་ཡིན་པ་དང་། མངོན་སུམ་དང་མངོན་སུམ་ཚད་མ་ལ་ཁྱད་པར་ཡོད་པ་སྡེ་བདུན་མདོ་དང་བཅས་པ་གང་ནས་ཀྱང་མ་གསུངས་ཞེས་བཤད་དོ། །འོན་ཀྱང་རྒྱལ་ཚབ་ཀྱིས་ཆོས་མཆོག་གི་«འཐད་ལྡན»་དུ་དྲངས་པའི་«གཏན་ཚིགས་ཐིགས་པ»འི་ལུང་ཞིག་ཁུངས་སུ་དྲངས་ནས་མངོན་སུམ་བཅད་ཤེས་ཡོད་པར་བཤད་མོད། ལུང་དེ་བོད་འགྱུར་«གཏན་ཚིགས་ཐིགས་པ་»རུ་དངོས་སུ་མི་བཞུགས་པ་མ་ཟད་བོད་འགྱུར་དེའི་རྒྱ་འགྲེལ་གཉིས་སུ་ཡང་མི་བཞུགས་པས་དཔྱད་དགོས་པ་ཞིག་སྟེ། འདིའི་སྐོར་གྱི་དཔྱད་རྩོམ་རྒྱས་པ་གཞན་དུ་བྲིས་ཡོད།

གསུམ་པ། ཡིད་དཔྱོད།

1 ཡིད་དཔྱོད་ཀྱི་དོན།  

གཅིག  སྔར་མ་རྟོགས་པའི་ཡུལ་ཅན། གཉིས། ཡང་དག་པའི་ཡུལ་ཅན། གསུམ། རང་གི་རྟེན་དུ་གྱུར་པའི་རྟགས་ཡང་དག་ལ་མ་བརྟེན་པ། བཞི། མཐའ་གཅིག་ཏུ་ཞེན་པའི་ཤེས་པ་བཅས་ཟུར་བཞི་ཚང་བ་ལ་ཡིད་དཔྱོད་ཅེས་ཟེར། ཟུར་དང་པོས་བཅད་ཤེས་གཅོད། ཟུར་གཉིས་པས་ལོག་ཤེས་གཅོད། ཟུར་གསུམ་པས་རྗེས་དཔག་གཅོད། ཟུར་བཞི་བའི་མཐའ་གཅིག་ཏུ་ཞེས་པས་ཐེ་ཚོམ་གཅོད་ཅིང་། ཞེན་པ་ཞེས་པས་མངོན་སུམ་གཅོད་པ་ཡིན།  མཚན་གཞི་ནི། མངོན་སུམ་མིན་ཞིང་རྟགས་ཡང་དག་གང་ལ་ཡང་མ་བརྟེན་པར་ཕ་མེས་ཀྱི་ཁྲོན་པ་རྙིང་པ་ན་ཆུ་ཡོད་དོ་སྙམ་དུ་གཅིག་གི་ཆར་ཞེན་པ་ལྟ་བུ། མཚན་ཉིད། རང་ཡུལ་ཡང་དག་པའི་དོན་ལ་མཐའ་གཅིག་ཏུ་ཞེན་ལ་སྒྲོ་འདོགས་མི་གཅོད་པའི་བློ་ཞེས་བྱའོ། །

2 རྒྱ་གཞུང་དུ་ཡིད་དཔྱོད་ཐེ་ཚོམ་གྱི་ནང་དུ་བསྡུས་ནས་བསྟན་པ།

ད་ལྟ་བློ་རིག་བདུན་དུ་ཕྱེ་སྐབས་ཡིད་དཔྱོད་འདོད་པ་ཡོངས་གྲགས་ཡིན་ཡང་། དོན་ལ་དེ་ནི་བོད་ཀྱི་མཁས་པ་དག་གིས་བློ་རིག་ལ་ཞིབ་ཇེ་ཚགས་ཀྱིས་ཐེ་ཚོམ་ལས་ཟུར་དུ་ཕྱེ་ནས་དེའི་མཚན་ཉིད་དང་དབྱེ་བ་སོགས་བཞག་པ་ཡིན་གྱི། ཚད་མའི་རྒྱ་གཞུང་རང་དུ་ཡིད་དཔྱོད་ཀྱི་དོན་གང་ལ་ཞུགས་པའི་བློ་དེ་ནི་ཐེ་ཚོམ་གྱི་ནང་དུ་བསྡུས་ནས་གསུངས་ཀྱི། ཐེ་ཚོམ་ལས་ལོགས་སུ་ཡིད་དཔྱོད་ཅེས་པའི་བློ་ཟུར་བ་ཞིག་མེད་ལ་ཡིད་དཔྱོད་ཀྱི་ཐ་སྙད་ཀྱང་མི་གསལ། བོད་འགྱུར་ཆོས་གཞུང་གཞན་དུ་ཡིད་དཔྱོད་ཀྱི་ཐ་སྙད་བྱུང་ཡོད་ཀྱང་དེས་འགྱུར་གྱི་མ་ཕྱི་ལ་ཡོད་པའི་རྒྱུ་མཚན་དུ་མི་འགྲོ་ཞིང་དེ་དག་ཏུ་ཡིད་དཔྱོད་ཅེས་པ་དེ་ཡིད་ཀྱི་ཤེས་པ་དཔྱོད་པ་དང་བཅས་པ་ལ་གོ་བའི་སྐབས་ཀྱང་ཡོད་པས་འདིར་བཤད་པའི་ཡིད་དཔྱོད་བཞེད་པའི་ཁུངས་སུ་མི་འཐད། དེ་ཡང་སློབ་དཔོན་ཆོས་མཆོག་གིས་«འཐད་ལྡན»་ལས། “ཁྱིམ་ན་འདུག་པ་ན་ཁྲོན་པ་ན་ཆུ་ཡོད་དོ་ཞེས་གཅིག་གི་ཆར་ཞེན་པར་བྱེད་ཀྱང་། ངེས་པར་བྱེད་པའི་རྒྱུ་མེད་པས་ཆུ་མེད་པའི་དོགས་པ་མ་བཟློག་པའི་ཕྱིར་ཤེས་པ་དེ་ནི་ཐེ་ཚོམ་ཁོ་ནའོ། །གང་ཡང་རྒྱུ་མཚན་མེད་པར་མེའི་སྟེང་དུ་སྦྲང་བུའི་ཚོགས་འདུས་པ་ལ་དུ་བར་ངེས་པ་ལས་ཡང་དག་པའི་མེ་ངེས་པ་དེ་ཡང་ངོ་། །སྦྲང་བུ་ཚོགས་མཐོང་བ་ལྟ་ཞོག་སྟེ། བདེན་པའི་དུ་བ་མཐོང་ཡང་རྗེས་སུ་དཔག་པའི་དུས་ཀྱི་སྔ་རོལ་ཏུ་སྦྲང་བུའི་ཚོགས་ལ་སོགས་པ་ལས་ལོག་པའི་དུ་བའི་རང་བཞིན་ངེས་པ་མ་རྟོགས་ཤིང་། ཅི་སྲིད་རྣམ་པར་མ་ཕྱེ་བ་དེ་སྲིད་དུ་མེའི་འབྲས་བུར་ཐེ་ཚོམ་ཟ་བའི་ཕྱིར། ཐེ་ཚོམ་དུ་གྱུར་པ་ཉིད་ཡིན་ནོ། །”[13]ཞེས་ཁྱིམ་ན་འདུག་པའི་ཚེ་རྒྱུ་མཚན་ཡང་དག་ཅི་ཡང་མེད་པར་ཁྲོན་པ་ན་ཆུ་ཡོད་དོ་ཞེས་གཅིག་གི་ཆར་ཞེན་པ་སྟེ་མཐའ་གཅིག་ཏུ་འཛིན་ཅིང་། དོན་ལ་ཡང་དེར་ཆུ་ཡོད་ཀྱང་ཤེས་པ་དེས་རང་དགར་ཆུ་ཡོད་པར་འཛིན་པ་ཙམ་ལས་ཆུ་མེད་པའི་སྒྲོ་འདོགས་མ་བཟློག་པའི་ཕྱིར་ཐེ་ཚོམ་ཡིན་པར་གསུངས་ཡོད། དེ་བཞིན་མེའི་སྟེང་དུ་སྦྲང་མའི་ཚོགས་འདུས་པ་ལ་དུ་བར་འཁྲུལ་ནས་དེར་མེ་ཡོད་པར་དཔོག་པའི་བློ་ཡང་རྒྱུ་མཚན་ཡང་དག་གཏན་ལ་མ་ཕབ་པས་ཐེ་ཚོམ་ཡིན་པ་དང་། དུ་བ་དངོས་གནས་པ་ཞིག་ཡོད་ཀྱང་དེ་སྦྲང་བུ་སོགས་ལས་ལོག་པའི་དུ་བ་ཡིན་པ་གཏན་ལ་མ་ཕབ་བར་དུ་དེ་ལས་མེ་དཔོག་པའི་བློ་ཡང་ཐེ་ཚོམ་གྱི་ཁོངས་སུ་འདུས་པར་གསུངས། བློ་དེ་དག་ནི་ཕྱིས་སུ་ཡིད་དཔྱོད་ཀྱི་ཐ་སྙད་ཀྱིས་བསྟན་པའི་བློའི་མཚན་ཉིད་ཡོངས་སུ་ཚང་ཡོད་ཀྱང་གཞུང་དེ་དག་ཏུ་ཐེ་ཚོམ་ལས་ཟུར་དུ་ཕྱེ་མེད་ཅིང་ཡིད་དཔྱོད་ཀྱི་ཐ་སྙད་ཀྱང་སྤྱད་མེད། གཞུང་འདིར་ཡིད་དཔྱོད་ཀྱི་མཚན་གཞི་གསུམ་གསུངས་པ་ནི་ཕྱིས་སུ་བོད་ཀྱི་མཁས་པ་དག་གིས་རྒྱུ་མཚན་མེད་པ་དང་། ལོག་པའི་རྒྱུ་མཚན་ཅན་དང་། བདེན་པའི་རྒྱུ་མཚན་གཏན་ལ་མ་ཕབ་པ་ཅན་གྱི་ཡིད་དཔྱོད་ཅེས་པའི་ཐ་སྙད་སྤྱད་ཡོད། «ཚད་མ་རྣམ་འགྲེལ»་གྱི་ནང་དུ་ཡང་། “གཏན་ཚིགས་ཐེ་ཚོམ་ལ་བརྗོད་ཕྱིར། །”[14]ཞེས་གཏན་ཚིགས་ཡང་དག་གང་ལ་འགོད་པ་སྐབས་སུ་བབ་པའི་རྒོལ་བ་ལ་བསྒྲུབ་བྱ་ལ་ཐེ་ཚོམ་དང་ལྡན་པ་ཞིག་དགོས་པར་གསུངས་ཡོད། འོན་ཀྱང་དེ་ལ་བསྒྲུབ་བྱ་ལ་མཐའ་གཉིས་སུ་དོགས་པའི་ཐེ་ཚོམ་དང་ལྡན་པ་ཞིག་ནི་མི་དགོས་པས་མཐའ་གཅིག་འཛིན་གྱི་ཡིད་དཔྱོད་ཀྱང་ཐེ་ཚོམ་དུ་བསྡུས་ནས་གསུངས་པ་ཡིན། གནད་འདི་ཤེས་དགོས་ཏེ། མཁས་པར་གྲགས་པ་འགས་ཀྱང་འདི་མ་རྟོགས་པར་འགྲེལ་པ་གཞན་དུ་བྱས་པ་མཐོང་བས་སོ། །

3 བོད་ཀྱི་མཁས་པས་ཡིད་དཔྱོད་ཐེ་ཚོམ་ལས་ལོགས་སུ་བཀར་བ།

འོ་ན་བོད་ཀྱི་གཞུང་དུ་རང་ཡུལ་བདེན་པར་མཐའ་གཅིག་ཏུ་འཛིན་ལ་སྒྲོ་འདོགས་མ་ཆོད་པའི་ཞེན་རིག་དེ་ཐེ་ཚོམ་ལས་ཟུར་དུ་ཕྱེ་བ་དང་། ཡིད་དཔྱོད་ཅེས་པའི་ཐ་སྙད་དེ་ནམ་ཞིག་བྱུང་ཞེ་ན། བསྟན་པ་སྔ་དར་སྐབས་ཀྱི་ཚད་མའི་གཞུང་ལུགས་«བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ»་དང་། སློབ་དཔོན་ཀླུའི་རྒྱལ་མཚན་གྱིས་མཛད་པའི་«འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པའི»ནང་གི་རིགས་པ་བཞི་བཤད་པའི་སྐབས་སུ་གསུངས་པའི་ཚད་མའི་སྐོར་དེ་དག་གི་ནང་དུ་ཡིད་དཔྱོད་ཅེས་པའི་ཐ་སྙད་མེད། བསྟན་པ་ཕྱི་དར་སྐབས་ཀྱི་བོད་མིས་བརྩམས་པའི་ཚད་མའི་བསྟན་བཅོས་ཏེ། རྔོག་བློ་ལྡན་ཤེས་རབ་ཀྱིས་མཛད་པའི་«རྣམ་ངེས་ཀྱི་འགྲེལ་པ»་རུ། “དེས་ན་ཚད་མ་མ་ཡིན་པའི་བློ་ལྔའོ། །སྣང་ལ་མ་ངེས་པ་དང་། བཅད་པའི་ཡུལ་ཅན་དང་། ལོག་པའི་ཤེས་པ་དང་། ཡིད་དཔྱོད་དང་། ཐེ་ཚོམ་རྣམས་ནི། ཐ་སྙད་པའི་ཡོངས་སུ་གཅོད་བྱེད་མ་ཡིན་པས་སོ། །དང་པོ་གཉིས་ལ་ནི་དོན་དམ་པར་རིག་པའི་བྱེད་པ་ཡོད་ཀྱང་། སྔར་མ་རྟོགས་པ་ངེས་པ་མེད་པ་ཡོངས་སུ་གཅོད་བྱེད་ཀྱི་ཐ་སྙད་དུ་བྱ་བ་མ་ཡིན་ལ། གསུམ་པ་ནི་ཡོངས་སུ་གཅོད་བྱེད་ཙམ་ཡིན་ཡང་། མི་སླུ་བ་མེད་པས་ལོག་པར་ཡོངས་སུ་གཅོད་པའི་ཕྱིར་དང་། བཞི་པ་ཡང་དེའི་རང་བཞིན་ཅན་ཡིན་པའི་ཕྱིར་ཏེ། དཔེར་ན་དུ་བ་དང་དུས་མཉམ་དུ་སྐྱེས་པའི་རླངས་པ་ལ་སོགས་པ་མེ་དང་ལྷན་ཅིག་ཡོད་ཀྱང་མེའི་འབྲས་བུ་མ་ཡིན་པའི་རང་བཞིན་མི་སྤོང་བ་ཡིན་ཏེ་དེ་དང་ལྡོག་པ་མ་གྲུབ་པའི་ཕྱིར་རོ། །དེ་བཞིན་དུ་བློ་འདི་དོན་དང་ལྷན་ཅིག་ཡོད་ཀྱང་ལོག་པའི་ཤེས་པ་དོན་མེད་པ་ཉིད་དུ་མི་སྤོང་སྟེ། དོན་མེད་ཀྱང་འབྱུང་བའི་ཕྱིར་རོ། །ལྔ་པ་ནི་དོན་འགའ་ཡང་ཡོངས་སུ་གཅོད་པ་མ་ཡིན་ཏེ། གང་ཡང་རྣམ་པར་མི་གཅོད་པའི་ཕྱིར་རོ། །ཡོངས་སུ་གཅོད་པ་ནི་རྣམ་པར་གཅོད་པ་མེད་པར་མི་སྲིད་དོ་ཞེས་རྣམ་པ་མང་དུ་བཤད་པ་ཡིན་ནོ། །དེས་ན་སློབ་དཔོན་ཆོས་མཆོག་ན་རེ། ཐེ་ཚོམ་ནི་དངོས་པོ་དང་དངོས་པོ་མེད་པ་གཉི་གའི་བདག་ཉིད་དུ་འཛིན་པ་ཡིན་པས་ལོག་པའི་ཤེས་པར་འདུ་ལ། ཡིད་དཔྱོད་གསུམ་པོ་རྒྱུ་མཚན་མེད་པ་དང་། ལོག་པའི་རྒྱུ་མཚན་ཅན་དང་། བདེན་པའི་རྒྱུ་མཚན་གཏན་ལ་མ་ཕབ་པ་ཅན་ཡང་ཐེ་ཚོམ་གྱི་རང་བཞིན་དུ་འདུས་པས། ལོག་པའི་ཤེས་པ་ཡིན་ནོ་ཞེས་ཟེར་བ་ཡང་ཤིན་ཏུ་འཁྲུལ་པར་གསལ་ཏེ། ཐེ་ཚོམ་གྱིས་གཉི་གའི་རང་བཞིན་ཡོངས་སུ་མ་བཅད་པའི་ཕྱིར་རོ། །དེས་ན་དང་པོ་གཉིས་ནི་མ་རྟོགས་པ། བར་པ་གཉིས་ནི་ལོག་པར་རྟོག་པ། ཐ་མ་གཅིག་ནི་ཐེ་ཚོམ་ཉིད་དེ། དེ་གཉིས་སུ་བསྡུ་བ་ནི་མ་ཡིན་ནོ་ཞེས་གནས་སོ། །”[15]ཞེས་ཚད་མིན་གྱི་བློ་ལ་ལྔར་གསུངས་ཤིང་། གོང་དུ་དྲངས་པའི་སློབ་དཔོན་ཆོས་མཆོག་གི་ལུགས་བཀག་ནས་ཚད་མིན་གྱི་བློ་ལྔ་ལས་སྣང་ལ་མ་ངེས་པ་དང་བཅད་པའི་ཡུལ་ཅན་གཉིས་མ་རྟོགས་པའི་བློ་དང་། ལོག་ཤེས་དང་ཡིད་དཔྱོད་གཉིས་ལོག་པར་རྟོག་པ། ཐ་མ་ཐེ་ཚོམ་ཉིད་ནི་ཐེ་ཚོམ་དུ་བསྡུ་བར་གསུངས་སོ། །འོན་ཀྱང་འདིར་ཡིད་དཔྱོད་ལོག་རྟོག་ཏུ་བསྡུ་བ་ནི་ཕྱིས་ཀྱི་བཤད་ཚུལ་དང་མི་མཐུན་ནོ། །

ཆ་བ་ཆོས་སེང་གི་«ཚད་བསྡུས་ཡིད་ཀྱི་མུན་སེལ»་དུ་ཡང་། “ཡིད་དཔྱོད་ཀྱི་མཚན་ཉིད་ལ་གསུམ་སྟེ། རང་ལུགས་འགོད་པ་དང་། གཞན་ལུགས་འགོག་པ། རང་ལུགས་ལ་རྩད་པ་སྤངས་པའོ། །དང་པོ་ནི། ཡིད་དཔྱོད་ཀྱི་མཚན་ཉིད་ནི་སྔར་མ་རྟོགས་པའི་དོན་བདེན་པ་རྟགས་ཚད་མས་ངེས་པ་ལ་མ་བརྟེན་པར་ངེས་པ་སྟེ། ངེས་པས་ནི་མངོན་སུམ་དང་ཐེ་ཚོམ་གཅོད་དོ། །བདེན་པས་ལོག་ཤེས་གཅོད་དོ། །སྔར་མ་རྟོགས་པས་བཅད་པའི་ཡུལ་ཅན་གཅོད་དོ། །རྟགས་ཚད་མས་ངེས་པ་ལ་མ་བརྟེན་པས་རྗེས་དཔག་གཅོད་པ་ཡིན་ནོ། །”[16]ཞེས་ཡིད་དཔྱོད་ཀྱི་མཚན་ཉིད་དང་མཚན་ཉིད་ཀྱི་ཟུར་རེའི་གཅད་བྱ་བཅས་གསུངས། ཁོང་གིས་ཚད་མའི་བློ་གཉིས་དང་ཚད་མ་མ་ཡིན་པའི་བློ་ལྔ་བཅས་བློ་རིག་བདུན་དུ་གསུངས་ཤིང་། ཡིད་དཔྱོད་ཚད་མིན་གྱི་བློའི་ནང་དུ་བགྲངས་ཏེ། འདི་ནི་དེང་གི་བློ་རིག་དག་དང་མཐུན་ནོ། །གཉགས་ཀྱི་«ཚད་མའི་སྤྱི་སྐད་ཅུང་ཟད་བསྡུས་པ»་རུ་ཡང་ཡིད་དཔྱོད་ཀྱི་སྐོར་གསལ་པོར་འཁོད་པ་འདི་ལྟར།   “ཡིད་དཔྱོད་ཀྱི་ཤེས་པ་ནི། ས་གཞི་འདི་ལ་བྲུས་བྲུས་ན་ཆུ་འབྱུང་སྙམ་པ་ལ། ཆུ་བྱུང་ན་ཡིད་དཔྱོད་ཡིན་ནོ། །སྒྲ་འདི་གཞལ་བྱ་ཡིན་པས་མྱི་རྟག་སྙམ་དུ་མྱི་རྟག་པར་གོ་བ་ཡང་ཡིད་དཔྱོད་ཡིན་ནོ། །གཞན་ཡང་བཀའ་བསྟན་བཅོས་ལ་ཐོས་བསམ་བྱས་ནས་གོ་བ་ཤར་བའང་ཡིད་དཔྱོད་ཡིན་ལ། དོན་བདེན་པ་མ་རྟོགས་ན་ཡིད་དཔྱོད་ཀྱང་མ་ཡིན་པས། གཏན་ལ་འབེབས་པའི་བློ་གཤའ་མ་ཡིད་དཔྱོད་ཡིན་པས་ཡིད་དཔྱོད་ཚད་མའི་བློ་ཡིན་ནོ། །ཅི་དེ་ལ་སྔར་མ་རྟོགས་པའི་དོན་ལ་འཇུག་པ་མེད་དོ་ཞེ་ན། མ་ཡིན་ཏེ། ཡིད་དཔྱོད་ལ་དོན་རྟོགས་པའི་བློ་ནམ་ཤར་བའི་ཚེ། སྔར་མ་གཏོགས་(རྟོགས)པའི་དོན་ལ་འཇུག་པ་ཡིན་ནོ།། །།”[17]ཞེས་ཡིད་དཔྱོད་ཀྱི་དོན་དང་ཐ་སྙད་གཉིས་ཀ་བྱུང་བ་མ་ཟད་དེའི་མཚན་གཞི་དང་དེ་ཚད་མ་ཡིན་མིན་གྱི་དོགས་གཅོད་བཅས་གསུངས་ཡོད། འོན་ཀྱང་འདིར་ཡིད་དཔྱོད་ཚད་མའི་བློའི་གྲས་སུ་བཞག་པ་ནི་ཕྱིས་ཀྱི་ཚད་མའི་གཞུང་དང་མི་མཐུན། དེ་བཞིན་ཀློང་ཆེན་གྱིས་མཛད་པ་འཁོད་པའི་«ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་»རུ་ཡང་ཡིད་དཔྱོད་ཀྱི་སྐོར་དགག་སྒྲུབ་བཅས་གསུངས་ཡོད།

4 ཡིད་དཔྱོད་བློ་རིག་ཟུར་དུ་ཕྱེ་བ་ལ་མི་འཐད་པའི་བོད་ཀྱི་མཁས་པའི་བཞེད་ཚུལ།

ཡིད་དཔྱོད་བློ་རིག་ཟུར་བ་ཞིག་ཏུ་ཕྱེ་བ་དེར་མི་འཐད་པའི་མཁས་པ་ཡང་བྱུང་སྟེ། ས་པཎ་གྱི་«རིགས་གཏེར»་དུ།  “ཡིད་དཔྱོད་རྟགས་ལ་གཏན་མི་ལྟོས། །དམ་བཅའ་ཙམ་ཡིན་ཐེ་ཚོམ་འགྱུར། །རྟགས་ལ་ལྟོས་ན་ཡང་དག་གམ། །ལྟར་སྣང་གསུམ་ལས་འདའ་བ་མེད། །རྒྱུ་མཚན་ཅན་གྱི་ཡིད་དཔྱོད་གཉིས། །ལྟར་སྣང་གསུམ་དུ་མི་འདུ་ན། །གཏན་ཚིགས་ལྟར་སྣང་བཞི་པར་འགྱུར། །ཡིད་དཔྱོད་ལྟར་སྣང་མ་ཡིན་ན། །ཚད་མ་གསུམ་པ་སྲིད་པར་འགྱུར། །བདེན་པ་ངེས་ཀྱང་ཚད་མིན་ན། །རྗེས་སུ་དཔག་པའང་མིན་པར་འགྱུར། །ངེས་ཀྱང་སྒྲོ་འདོགས་མི་གཅོད་ན། །གནོད་བྱ་གནོད་བྱེད་མིན་པར་འགྱུར། །ངེས་པ་མེད་ཀྱང་བདེན་བརྫུན་དང་། །སོམ་ཉིའི་བློ་གསུམ་མི་འགལ་ན། །ངེས་པ་མེད་ན་ཡིད་དཔྱོད་ཉམས། །གཉིས་སུ་འགྱུར་ན་ཐེ་ཚོམ་དཀའ། །ཡང་ན་བདེན་པའི་ཡིད་དཔྱོད་ལྟར། །ལོག་པའི་ཡིད་དཔྱོད་ཅིས་མི་འཐད། །འདོད་ན་ཡིད་དཔྱོད་བདེན་པ་ཉམས། །མིན་ན་སྔ་མའང་མིན་པར་མཚུངས། །གཉིས་ཀར་དོགས་ན་ཐེ་ཚོམ་འགྱུར། །གལ་ཏེ་སྲིད་ན་གྲངས་ངེས་འཇིག །ལོག་ཤེས་ཡིན་ན་ཡིད་དཔྱོད་ཀྱང་། །ཚད་མ་ཉིད་འགྱུར་མཚུངས་ཕྱིར་རོ། །གལ་ཏེ་རྒྱུ་མཚན་མེད་པ་ཡི། །ཡིད་དཔྱོད་བདེན་ན་ཀུན་བདེན་འགྱུར། །གལ་ཏེ་ལོག་པའི་རྒྱུ་མཚན་ཅན། །ཡིད་དཔྱོད་ཡིན་ན་གཞུང་དང་འགལ། །རང་གཞན་སྡེ་པའི་ལུང་ལས་རྟོགས། །བློ་རིག་བཞིར་འདུས་ཡིད་དཔྱོད་མིན། །”[18]ཞེས་པའི་བར་གྱིས་ཡིད་དཔྱོད་ཟུར་དུ་བློ་རིག་གཅིག་ཏུ་བཞག་པ་ལ་དགག་པ་རྒྱས་པར་མཛད་ཅིང་། “མ་རྟོགས་ལོག་རྟོག་ཐེ་ཚོམ་སྟེ། །ཚད་མའི་འགལ་ཟླ་རྣམ་པ་གསུམ། །”ཞེས་ཁོང་གིས་ཚད་མིན་གྱི་བློ་ལ་འཇུག་ཚུལ་གྱི་སྒོ་ནས་མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་སྟེ་གསུམ་དང་ངོ་བོའི་སྒོ་ནས་མ་རྟོགས་པ་ཉིད་དུ་གྲངས་བཅད་མཛད་དོ། །ཆོས་རྗེ་ས་པཎ་གྱིས་ཁ་ཆེའི་པཎ་ཆེན་སོགས་ཀྱི་མདུན་ནས་ཚད་མའི་སྐོར་གསན་རྗེས་སུ་བོད་ཀྱི་ཚད་མ་སྔ་མ་དག་གི་བཞེད་ཚུལ་མང་པོ་ཞིག་རྒྱ་གཞུང་གི་དགོངས་པ་མིན་པའི་གོ་བ་རྙེད་དེ། དགག་པ་མང་དུ་མཛད་ཅིང་འདི་ཡང་ཡིད་དཔྱོད་བློ་རིག་ཟུར་དུ་ཕྱེ་བ་ལ་དགག་པར་སྣང་ངོ་། །

རྗེ་ཙོང་ཁ་པའི་(1357-1419)«དོན་གཉེར་ཡིད་ཀྱི་མུན་སེལ»་དུ་ཡང།  “ཐེ་ཚོམ་གྱི་མཚན་ཉིད་ཡུལ་མ་ངེས་པར་ཞེན་པའི་བློ། དབྱེ་ན་ཐེ་ཚོམ་མངོན་དུ་རྒྱུ་དང་བག་ལ་ཉལ་གཉིས། དང་པོ་ལ་དབྱེ་ན་ཆ་མཉམ་དུ་འཛིན་པ་དང་། ཤས་ཆེར་འཛིན་པ་གཉིས། དང་པོ་ནི་དཔེར་ན་སྒྲ་རྟག་གམ་མི་རྟག་སྙམ་པ། གཉིས་པ་ལ་དོན་འགྱུར་གྱི་ཐེ་ཚོམ་དང་། དོན་མི་འགྱུར་གྱི་ཐེ་ཚོམ་གཉིས། དཔེ་རིམ་བཞིན། སྒྲ་ཕལ་ཆེར་མི་རྟག་སྙམ་པ་དང་། སྒྲ་ཕལ་ཆེར་རྟག་སྙམ་པའི་བློ་ལྟ་བུ། ཐེ་ཚོམ་བག་ལ་ཉལ་ལ་དབྱེ་ན་རྟགས་ལ་མ་བརྟེན་པ་དང་བརྟེན་པ་གཉིས། དཔེ་རིམ་བཞིན། ཁྲོན་པ་ན་ཆུ་ཡོད་སྙམ་པའི་བློ་ལྟ་བུ་དང་། མ་ངེས་པའི་རྟགས་ལ་བརྟེན་པའི་བློ་མཐའ་དག་གོ །”[19]ཞེས་གསུངས་པའི་ཐེ་ཚོམ་བག་ལ་ཉལ་ཞེས་པ་དེ་ཡིད་དཔྱོད་ལ་བྱ་བར་སྣང་ཞིང་། ཐེ་ཚོམ་གྱི་མཚན་ཉིད་ལ་བལྟས་ན་ཡང་ཡིད་དཔྱོད་ཐེ་ཚོམ་གྱི་ནང་དུ་བསྡུས་པ་ཤེས་ཐུབ། དེའི་འོག་ཏུ་“ཡིད་དཔྱོད་ཀྱི་དགག་སྒྲུབ་གཞན་དུ་བཤད་དོ། །”ཞེས་གསུངས་ཡོད་ཀྱང་གཞན་གང་དུ་བཤད་པ་མཇལ་དུ་མེད།

འོན་ཀྱང་རྒྱལ་བ་དགེ་འདུན་གྲུབ(1391-1474)ཀྱི་«ཚད་མ་རིགས་རྒྱན»་གྱི་ནང་དུ་ཡིད་དཔྱོད་བློ་རིག་ཟུར་དུ་ཕྱེ་ནས་དེའི་མཚན་ཉིད་སོགས་གསུངས་ཡོད་པ་དང་། ད་ཡོད་བོད་ཀྱི་བསྡུས་གཞུང་«ར་སྟོད་བསྡུས་གྲྭ»་སོགས་བསྡུས་གྲྭ་དང་བློ་རིག་གི་ཡིག་ཆ་མང་པོ་ཞིག་གི་ནང་དུ་ཡིད་དཔྱོད་བློ་རིག་ཟུར་དུ་ཕྱེ་ནས་དེའི་མཚན་ཉིད་དང་དབྱེ་བ་སོགས་གསུངས་པར་མཛད། ཡིད་དཔྱོད་ཐེ་ཚོམ་ལས་ཟུར་དུ་ཕྱེ་བ་དེར་བློ་རིག་གི་རིག་ཚན་ཇེ་ཞིབ་ཏུ་བཏང་པའི་ཆ་ནས་དགེ་མཚན་ཡོད་པ་མ་ཟད། འདི་ཡང་བོད་ཀྱི་ཚད་མའི་མཁས་པ་དག་གིས་རྒྱ་གར་གྱི་ཚད་མའི་གཞུང་ལུགས་ཀྱི་རྨང་གཞིའི་སྟེང་འཕེལ་རྒྱས་གཏོང་བའི་ཕྱོགས་མང་དུ་ཡོད་པ་ལས་གཅིག་ཏུ་བགྲང་རུང་བ་ཡིན། བོད་སྐད་ཀྱི་ཆོས་ཉིད་ལ་བསམ་ན་ཡང་ཐེ་ཚོམ་ཞེས་པའི་ཐ་སྙད་ནི་ཡིན་མིན་ཡོད་མེད་མཐའ་གཉིས་སུ་དོགས་པ་ཞིག་ལ་འཇུག་པར་མཐོང་ཞིང་། དོགས་པ་རྩེ་གཉིས་སུ་མི་ཟ་བར་ཡང་དག་པའི་ཡུལ་མཐའ་གཅིག་འཛིན་གྱི་སྒྲོ་འདོགས་མ་ཆོད་པ་ལ་ཐེ་ཚོམ་གྱི་ཐ་སྙད་སྤྱོད་ཀྱི་མེད་པར་སྣང་བས། ཐེ་ཚོམ་ལས་ཟུར་དུ་ཡིད་དཔྱོད་ཕྱེ་བ་དེ་བོད་ཀྱི་ཐ་སྙད་ཀྱི་འགྲོས་དང་ཡང་མཐུན་པོར་བྱུང་ཡོད་པར་སེམས།

བཞི་བ། སྣང་ལ་མ་ངེས་པའི་བློ།

1སྣང་ལ་མ་ངེས་པའི་བློའི་དོན་དང་དེ་བློ་རིག་ཟུར་དུ་ཕྱེ་བའི་བོད་ཀྱི་གཞུང་ལུགས།

ཆ་བའི་«ཚད་བསྡུས་ཡིད་ཀྱི་མུན་སེལ»་ལས།  “སྣང་ལ་མ་ངེས་པ་ནི་གཉིས་ཏེ། ཡུལ་རྣམ་པ་དང་མི་ལྡན་པས་སྣང་ཡང་མ་ངེས་པ་དང་ཡུལ་ལ་ཡིད་མ་གཏད་པས་སྣང་ཡང་མ་ངེས་པའོ། །འཁྲུལ་པའི་རྒྱུ་མཚན་གྱིས་ཟིལ་གྱིས་མནན་པས་སྣང་ལ་མ་ངེས་པ་དང་གསུམ་མོ། །དང་པོ་ནི། དངོས་པོ་མངོན་སུམ་ལ་སྣང་བ་ན་དེ་དང་རྫས་གཅིག་པའི་ད་ལྟར་གྱི་སྐད་ཅིག་མ་དེ་སྔ་ཕྱི་གཉིས་དང་མ་འདྲེས་པའི་སྐད་ཅིག་མ་དེ་མངོན་སུམ་ལ་སྣང་ཡང་འདྲ་བ་གཞན་འབྱུང་དང་ཡོད་པ་བར་མེད་པས་མ་འདྲེས་པའི་རྣམ་པ་མ་གསལ་བས་མ་འདྲེས་པར་མ་ངེས་པ་ལྟ་བུའོ། །གཉིས་པ་ནི་སྔོན་པོ་ལ་སོགས་པ་སྣང་ཡང་རྟོག་པ་ནང་དུ་བསྡུས་པས་དེ་མ་ངེས་པ་ལྟ་བུའོ། །སྣང་ལ་མ་ངེས་པའི་མཚན་ཉིད་ནི་དོན་རང་གི་མཚན་ཉིད་སྣང་བ་དང་། ལྡོག་པའི་སྒྲོ་འདོགས་དང་མི་འགལ་བ་ཉིད་ཀྱིས་མངོན་སུམ་མ་ཡིན་པ་དང་ཚད་མ་དང་བཅད་པའི་ཡུལ་ཅན་སེལ་པ་ཡིན་ནོ། །”[21]ཞེས་གསུངས་ཤིང་། ཁོང་གིས་སྣང་ལ་མ་ངེས་པའི་བློ་མངོན་སུམ་གྱི་ཁོངས་སུ་བསྡུ། འདིར་དང་པོར་སྣང་ལ་མ་ངེས་པའི་དབྱེ་བ་གཉིས་སུ་གསུངས་ཤིང་། བགྲང་སྐབས་སུ་གསུམ་དུ་མཛད་ལ། ཡང་མཚན་གཞི་འཇོག་སྐབས་སུ་གསུམ་པའི་མཚན་གཞི་མ་བཤད་དེ་ཡི་གེ་ཆད་ལྷག་བྱུང་ངམ་དཔྱད་དོ། །གཉགས་ཀྱི་ཚད་མར། “སྐད་༡མ་སྐྱེ་འགག་གི་རྒྱུན་ལྟ་བུ་ཕྲ་ནས་བློ་ལ་སྣང་ཡང་མ་ངེས་པ་དང་། སྤོས་རྒྱའི་སྣ་མ་རྙེད་པ་ལྟ་བུ་འདྲ་བ་མང་པོས་འཆོལ་ནས་བློ་ལ་སྣང་ཡང་མ་ངེས་པ་དང་། མདུན་ན་བུམ་པ་ཡོད་པ་ལ་ཡིད་ཉེ་བར་མ་གཏད་པས་བློ་ལ་སྣང་ཡང་མ་ངེས་པ་ལྟ་བུ། བློ་ལ་སྣང་ཡང་ངེས་མ་ནུས་པའི་ཤེས་པ་ནི་སྣང་ལ་མ་ངེས་པའི་ཤེས་པ་སྟེ། དེའང་སྒྲོ་འདོགས་དང་ལྷན་༡་པ་ཡིན་པས་སྒྲོ་འདོགས་ཀྱི་བློའི་ཁོངས་སུ་འགྲོའོ། །”[20]ཞེས་དང་།  རྗེ་ཙོང་ཁ་པའི་«དོན་གཉེར་ཡིད་ཀྱི་མུན་སེལ»་ཞེས་པ་རུ།  “སྣང་ལ་མ་རྟོགས་པའི་བློའི་མཚན་ཉིད། རང་མཚན་སྣང་ཞིང་དེ་ལ་སྒྲོ་འདོགས་གཅོད་མི་ནུས་པ།  དབྱེ་ན། འཁྲུལ་བའི་རྒྱུ་མཚན་གྱིས་སྣང་ལ་མ་རྟོགས་པ་དང༌།  ཡིད་མ་གཏད་པའི་རྒྱུ་མཚན་གྱིས་སྣང་ལ་མ་རྟོགས་པའི་བློ་གཉིས།  དཔེ་རིམ་བཞིན་སྔོན་པོ་མི་རྟག་པ་ལ་སྔོན་པོའི་དབང་པོའི་མངོན་སུམ་ལྟ་བུ་དང༌། སེར་པོ་ལ་ཡིད་གཏད་དུས་ཀྱི་སྔོན་པོའི་དབང་མངོན་ལྟ་བུའོ། །”[22]ཞེས་གསུངས་པའི་མཚན་གཞི་སྔ་མ་ཡུལ་དེ་ལ་སྣང་ལ་མ་རྟོགས་པའི་བློ་ཡིན་གྱི་སྤྱིར་ཚད་མ་ཡིན་ལ། ཕྱི་མ་སྣང་ལ་མ་རྟོགས་པའི་བློ་དངོས་སོ། །

དེས་ན་མཁས་པ་དག་གིས་འདོད་ཚུལ་མི་མཐུན་པ་ཅུང་ཟད་རེ་སྣང་ཡང་། སྣང་ལ་མ་ངེས་པའི་བློ་འདོད་པ་དག་གིས་སྤྱིར་ཡོངས་ནས་རང་གི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་པའི་རང་མཚན་གསལ་བར་སྣང་ཡང་རང་གི་འཇུག་ཡུལ་ལ་སྒྲོ་འདོགས་གཅོད་མི་ནུས་པའི་མངོན་སུམ་ཞིག་ལ་སྣང་ལ་མ་ངེས་པའི་བློ་རུ་འདོད་པ་ཡིན་ནོ། །ངེས་ཚིག་ཀྱང་རང་གི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་པའི་རང་མཚན་གསལ་བར་སྣང་ཡང་རང་གི་འཇུག་ཡུལ་ལ་ངེས་པ་འདྲེན་མི་ནུས་པས་སྣང་ལ་མ་ངེས་པའམ། ཡང་ན་དེ་དེ་ལྟར་སྣང་ཡང་རང་གི་འཇུག་ཡུལ་མ་རྟོགས་པས་སྣང་ལ་མ་རྟོགས་པའི་བློ་ཞེས་ཀྱང་བྱ། རྒྱ་གཞུང་རང་དུ་སྣང་ལ་མ་ངེས་པའི་བློའི་ཐ་སྙད་མི་གསལ་ལ། བོད་དུ་རྔོག་ལོའི་«རྣམ་ངེས་ཀྱི་འགྲེལ་པ»དང་། ཆ་བའི་«ཚད་བསྡུས་ཡིད་ཀྱི་མུན་སེལ་»དང་།  གཉགས་ཀྱི་«ཚད་མའི་སྤྱི་སྐད་ཅུང་ཟད་བསྡུས་པ»་སོགས་སུ་དེའི་ཐ་སྙད་དང་དོན་གྱི་བཤད་པ་གཉིས་ཀ་བྱུང་བ་གོང་དུ་བྲིས་ཟིན།

2  སྣང་ལ་མ་ངེས་པའི་བློ་ཡོད་མེད་ཀྱི་རྩོད་པ།

རྒྱ་གར་གྱི་ཚད་གཞུང་དུ་སོ་སྐྱེའི་སྔོ་འཛིན་མིག་ཤེས་ཚད་མ་ལྟ་བུ་ལ་སྔོན་པོ་དང་དེའི་མི་རྟག་པ་ཕྲ་མོ་གཉིས་ཀ་སྣང་བ་ལ་ཁྱད་པར་མེད་ཀྱང་སྔ་མ་ལ་ངེས་པ་འདྲེན་ཞིང་ཕྱི་མ་ལ་མི་འདྲེན་པར་གསུངས་ཡོད་པས། གཉགས་དང་ཆ་བ་སོགས་ཀྱིས་གསུངས་པའི་སྣང་ལ་མ་ངེས་པའི་བློའི་མཚན་གཞི་དང་པོ་དེ་རྒྱ་གཞུང་རང་དུ་གསལ། འོན་ཀྱང་དེས་ནི་ཡུལ་གང་རུང་ཞིག་ལ་སྣང་ལ་མ་ངེས་པའི་བློ་བཞེད་པ་ཤེས་ཐུབ་ཀྱང་། བློ་རིག་གཞན་དྲུག་གི་ནང་དུ་མ་གཏོགས་པའི་སྣང་ལ་མ་ངེས་པའི་བློ་ཞེས་པ་ཟུར་པ་ཞིག་བཞེད་པ་ཤེས་མི་ཐུབ་ཅིང་། གོང་གི་བློ་དེ་ནི་མཐར་གཏུགས་ན་ཚད་མའི་ཁོངས་སུ་འདུས་པ་ཡིན། དེས་ན་སྣང་ལ་མ་ངེས་པའི་བློ་ཡོད་ན་རང་གི་འཇུག་ཡུལ་གང་ལ་ཡང་ངེས་པ་འདྲེན་མི་ནུས་པའི་མངོན་སུམ་ཞིག་ཡོད་དགོས་ལ།  དེ་ལྟ་བུའི་བློ་རིག་ཟུར་པ་ཞིག་ཡོད་མེད་ལ་བོད་ཀྱི་མཁས་པ་དག་གི་བཞེད་པ་མི་མཐུན་པ་ཡིན། དུས་རབས་བཅུ་གསུམ་པའི་ནང་བརྩམས་པའི་ས་པཎ་གྱི་«རིགས་གཏེར»་དུ།    “གལ་ཏེ་སྣང་ལ་མ་ངེས་པ། །ཚད་མ་མིན་ན་མངོན་སུམ་ཀུན། །ཚད་མར་མིན་འགྱུར་མངོན་སུམ་ལ། །ངེས་པ་ཉིད་ནི་བཀག་ཕྱིར་རོ།”[23]ཞེས་སྣང་ལ་མ་ངེས་པའི་བློ་བཀག་པར་མཛད་ཡོད། སྣང་ལ་མ་ངེས་པའི་བློ་འདོད་པ་དག་གིས་ཁུངས་སུ། «རྣམ་འགྲེལ»་ལས།  “རྣམ་ཤེས་ནུས་པ་ངེས་པའི་ཕྱིར། །གཅིག་ནི་གཅིག་གི་རྒྱུ་ཡིན་ཏེ། །རྣམ་ཤེས་དོན་གཞན་ཆགས་པ་ཡིས། །ནུས་མེད་དོན་གཞན་མི་འཛིན་ཕྱིར། །”[24]ཞེས་སོགས་འདྲེན་ཞིང་། མཚན་གཞིར་ཡང་ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་པའི་དུས་ཀྱི་སྐྱེས་བུའི་རྒྱུད་ཀྱི་སྒྲ་འཛིན་ཉན་ཤེས་ལྟ་བུ་འཇོག་པར་བྱེད། འོན་ཀྱང་མཁས་གྲུབ་རྗེ་སོགས་ཀྱིས་ལུང་དེས་སྣང་ལ་མ་ངེས་པའི་བློ་དེ་ལྟ་བུ་ཞིག་བསྟན་པར་མི་འདོད་དེ། «སྡེ་བདུན་རྒྱན»་ལས། “གཞན་དག་རྟོག་བྲལ་མ་འཁྲུལ་པ་མངོན་སུམ་ཙམ་གྱི་མཚན་ཉིད་ཡིན་གྱི། མངོན་སུམ་ཚད་མའི་མཚན་ཉིད་མ་ཡིན་ཏེ། ཚད་མ་ཡིན་ན་ངེས་པ་འདྲེན་པས་ཁྱབ་པའི་ཕྱིར།  དེས་ན་སྨིག་རྒྱུ་ལ་ཆུར་འཛིན་གི་སྒྲོ་འདོགས་སྐྱེད་བྱེད་ཀྱི་སྨིག་རྒྱུའི་ཁ་དོག་མཐོང་བའི་མིག་ཤེས་དང༌། ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་པའི་གནས་སྐབས་ཀྱི་སྒྲ་ཐོས་པའི་ཉན་ཤེས་ལྟ་བུ་མངོན་སུམ་ཡིན་གྱི་ཚད་མ་མིན་ནོ་ཞེས་ཟེར་ཏོ།  །དེ་ནི་མི་འཐད་དེ།  སྤྱིར་ཚད་མ་ལ་ངེས་པ་འདྲེན་པས་ཁྱབ་པ་གོང་དུ་བཀག་ཟིན་པའི་ཕྱིར་དང༌།  སྨིག་རྒྱུའི་ཁ་དོག་མཐོང་བའི་མངོན་སུམ་ཡང་སྔོ་ཞིང་འཁྱུག་པའི་ཆ་ལ་ཚད་མ་ཡིན་ཅིང༌། དེ་ལ་ངེས་ཤེས་ཀྱང་དྲངས་པ་ཡིན་ཏེ། དེའི་ཚེ་སྔོ་ཞིང་འཁྱུག་པ་ཙམ་ཡང་མ་ངེས་ན།  ཆུར་སྒྲོ་འདོགས་པར་ག་ལ་འགྱུར།  ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་པའི་ཚེ། སྒྲ་ཐོས་པའི་ཉན་ཤེས་སྐྱེས་པར་མ་ངེས་ན་དེ་མངོན་སུམ་ཡིན་པར་ཡང་གང་གིས་སྒྲུབ།  སྐྱེས་པར་ངེས་ན་སྒྲ་ཐོས་པར་ངེས་ནས་སྒྲ་མ་ངེས་པ་ག་ལ་སྲིད།  རྣམ་ཤེས་དོན་གཞན་ཆགས་པ་ཡིས།  །ནུས་མེད་དོན་གཞན་མི་འཛིན་ཕྱིར།  །ཞེས་པས་ནི།  དེའི་ཚེ་ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་པས་གེགས་བྱས་ནས་སྒྲ་ཉེ་བར་ཡོད་ཀྱང་དེ་འཛིན་པའི་ཉན་ཤེས་མ་སྐྱེས་པར་བསྟན་པ་ཡིན་གྱི།  ཉན་ཤེས་སྐྱེས་ཀྱང་སྒྲ་མ་ངེས་པར་སྟོན་པ་མ་ཡིན་ནོ། །”[25]ཞེས་དགག་པར་མཛད་དོ། །དེ་དག་ནི་ལུགས་སོ་སོའི་མཚོན་བྱེད་ཙམ་བཀོད་ཀྱི་གང་ཞིག་འཐད་མིན་གྱི་དཔྱད་པ་འདིར་མི་འབྲི་ལ། དེ་ལས་རྒྱ་གཞུང་རང་དུ་སྣང་ལ་མ་ངེས་པའི་བློའི་ཐ་སྙད་མེད་པ་མ་ཟད། དེ་ལྟ་བུའི་བློ་རིག་ཟུར་པ་ཞིག་ཡོད་མེད་གསལ་པོར་མི་མངོན་པ་(ཆོས་མཆོག་གི་«རྣམ་ངེས»་གཞན་དོན་ལེའུའི་འགྲེལ་པ་རུ་སྣང་ལ་མ་ངེས་པའི་བློ་བསྟན་ནམ་སྙམ་པ་ཞིག་ཡོད་ཀྱང་འདིར་མི་འབྲི། )དང་། བོད་དུ་དེ་བློ་རིག་ཟུར་དུ་ཕྱེ་སྟེ་མཚན་ཉིད་དང་། དབྱེ་བ། མཚན་གཞི། དོགས་གཅོད་བཅས་རྒྱས་པར་མཛད་ལ། འོན་ཀྱང་བོད་ཀྱི་ཚད་མའི་མཁས་པ་དག་གིས་ཀྱང་གཅིག་གྱུར་གྱིས་ཁས་ལེན་པ་ཞིག་མིན་པར་བཞེད་ཚུལ་མི་མཐུན་པའི་རྩོད་པ་མང་དུ་བྱུང་བ་ཤེས་ཐུབ་པ་ཡིན་ནོ། །

ལྔ་བ། མཇུག་བསྡུ་བ།

གོང་གི་དེ་དག་ལས་བློ་རིག་བདུན་དུ་གྲངས་བཅད་མཛད་པ། དེ་རེ་རེའི་མཚན་ཉིད་དང་། དབྱེ་བ། མཚན་གཞི། དོགས་གཅོད་བཅས་རྒྱས་པར་མཛད་པ་ནི་བོད་ཀྱི་ཚད་གཞུང་ཁོ་ནར་བྱུང་བ་དང་། ཇི་ལྟར་བྱུང་བའི་བརྒྱུད་རིམ་ཡང་རགས་ཙམ་ཞིག་ཤེས་ཐུབ། བློ་རིག་བདུན་ལས་ཡིད་དཔྱོད་དང་སྣང་ལ་མ་ངེས་པའི་བློ་གཉིས་ཟུར་དུ་ཕྱེ་བ་ལ་རྩོད་པ་མང་པོ་བྱུང་བ་དང་།  མངོན་སུམ་བཅད་ཤེས་བཞག་པ་ལ་ཡང་རྩོད་པ་མང་དུ་བྱུང་ཞིང་། ཚད་མ་གཉིས་དང་ལོག་ཤེས་དང་ཐེ་ཚོམ་གཉིས་བློ་རིག་ཟུར་དུ་བཞག་པ་ལ་རྩོད་པ་མ་བྱུང་བ་བཅས་ལས། གང་རྒྱ་གཞུང་དུ་ཁ་གསལ་པོར་བཤད་པ་དང་དེ་དང་མཐུན་པ་དག་ལ་བོད་ཀྱི་ཚད་མ་བ་ཚོས་རྩོད་པ་ཆེར་བྱེད་ཀྱི་མེད་ཅིང་། གང་ཞིག་རྒྱ་གཞུང་དུ་མི་གསལ་བའམ་ཡང་ན་དེ་དང་མི་མཐུན་པར་བཤད་པ་དག་ལ་རྩོད་པ་མང་པོ་འཕེལ་གྱིན་ཡོད་པ་རྟོགས་ཐུབ། དེས་ན་ཚད་མའི་བརྗོད་གཞི་གང་ཞིག་ལ་སྔོན་གྱི་བོད་ཀྱི་ཚད་མ་བ་ཚོས་རྩོད་པ་རྒྱ་ཆེར་བྱས་ཡོད་ན་དེ་རུ་བོད་ཀྱི་ཚད་མ་བ་ཚོས་འཕེལ་རྒྱས་དང་གསར་བཏོད་མཛད་པའི་ཆ་ཡོད་པ་ཡིན་ནོ། །


ལུང་ཁུངས།

[1] [5] [17] [21] གཉགས་ཀྱིས་མཛད། «ཚད་མའི་སྤྱི་སྐད་ཅུང་ཟད་བསྡུས་པ།» «ཀྲུང་གོའི་བོད་རིག་པ།» [J]  2017་ལོའི་དེབ་གསུམ་པ། ཤ 40 ཤ 40 ཤ 40 ཤ 40

 [2] པཎ་ཆེན་ཤཱཀྱ་མཆོག་ལྡན། «དབུ་ཚད་ཀྱི་ཆོས་འབྱུང་འགའ་བཞུགས།» [G]  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2019ལོ། ཤ 37

[3] ཀརྨ་ཆོས་གྲགས་རྒྱ་མཚོ།  «རིགས་གཞུང་རྒྱ་མཚོའི་ཚད་གྲུབ་ལེའུ།» [M]  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2001ལོ། ཤ 25-28

[4] [11] [16] [20] ཆ་བ་ཆོས་ཀྱི་སེང་གེ །«ཚད་མ་ཡིད་ཀྱི་མུན་སེལ་ཞེས་བྱ་བ།» [M] སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས། ཤ 38 ཤ 38 ཤ 40 ཤ 38

 [6] [7] [8] [14] [24] སློབ་དཔོནཆོས་ཀྱི་གྲགས་པ། «ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ།»  རྡོ་རྗེ་རྒྱལ་པོས་བསྒྲིགས། «ཚད་མ་རིག་པའི་སྐོར་རྒྱ་གཞུང་རྩ་འགྲེལ་བདམ་བསྒྲིགས།» [G] པོད་དང་པོ། མི་རིགས་དཔེ་སྐྲུན་ཁང་། 1988ལོ།   ཤ 276 ཤ 288 ཤ 242 ཤ 323 ཤ 252

 [7] སློབ་དཔོན་ཆོས་ཀྱི་གྲགས་པ།  «ཚད་མ་རྣམ་པར་ངེས་པ་ཞེས་བྱ་བ།» རྡོ་རྗེ་རྒྱལ་པོས་བསྒྲིགས། «ཚད་མ་རིག་པའི་སྐོར་ རྒྱ་གཞུང་རྩ་འགྲེལ་བདམ་བསྒྲིགས།» [G] པོད་དང་པོ། མི་རིགས་དཔེ་སྐྲུན་ཁང་། 1988ལོ།  ཤ 356

 [10] [15] རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ«ཚད་མ་རྣམ་པར་ངེས་པའི་དཀའ་བའི་གནས་རྣམ་པར་བཤད་པ།» [M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1994ལོ། ཤ 32-33 ཤ 136

[12] [18] [23] ས་པཎ་ཀུན་དགའ་རྒྱལ་མཚན།  « ཚད་མ་རིགས་པའི་གཏེར་གྱི་རྩ་བ་དང་རང་འགྲེལ། » [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1989ལོ། ཤ 6 ཤ 5 ཤ 6

[13] སློབ་དཔོན་ཆོས་མཆོག   «ཚད་མ་རྣམ་ངེས་ཀྱི་འགྲེལ་པ་འཐད་ལྡན།» རྡོ་རྗེ་རྒྱལ་པོས་བསྒྲིགས། «ཚད་མ་རིག་པའི་སྐོར་གྱི་རྒྱ་གཞུང་རྩ་འགྲེལ་བདམ་བསྒྲིགས།» [G]  པོད་བཞི་པ།   མི་རིགས་དཔེ་སྐྲུན་ཁང་། 1990ལོ།  ཤ 9

]19] [22[བསོད་ནམས་དབང་རྒྱལ་གྱིས་བསྒྲིགས། 《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།》[G] པོད། (ཚ) མི་རིགས་དཔེ་སྐྲུན་ཁང་། 2019ལོ།  ཤ 668 ཤ 669

]25[བསོད་ནམས་དབང་རྒྱལ་གྱིས་བསྒྲིགས། 《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ།》 [G] པོད། (ཉ་སྨད) མི་རིགས་དཔེ་སྐྲུན་ཁང་། 2019ལོ། ཤ 123

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3362