【ནང་དོན་གནད་བསྡུས།】 བསིལ་ལྡན་ཁ་བའི་ལྗོངས་སུ་རྒྱལ་བསྟན་རིན་པོ་ཆེ་དར་ནས་ཡུན་རིང་པོ་མ་ལོན་པར་ཆོས་བརྒྱུད་རིས་སུ་མ་ཆད་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་དགོན་པ་དང་བསྒྲུབ་གནས་མང་དུ་བཏབ་པ་ལས་འདིར་ཁྱེད་ཀྱིས་མཇལ་མྱོང་ཡང་རྒྱུས་མངའ་དེ་ཙམ་མེད་པའི་མཚུར་ཕུ་མཆོད་ཁང་གོང་གོ་བདེར་བཀོད་ཡོད།
【བརྡ་ཆད་གཙོ་བོ།】 མཚུར་ཕུ། མཆོད་ཁང་གོང་། རྡོ་རིང་།
མཚུར་ཕུ་མཆོད་ཁང་གོང་གླེང་བར་ཐོག་མར་དགོན་འདི་ས་གནས་གང་དུ་ཡོད་མེད་རགས་ཙམ་བརྗོད་ན། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་སྣ་མཁར་གྲོང་ཚོའི་ཁོངས་སུ་གནས་ཡོད་ལ་ལྷ་ས་ནས་ནུབ་ཕྱོགས་སུ་སྤྱི་ལེ་བདུན་ཅུ་ཙམ་གྱི་སར་ཡོད་པའི་འགྲོ་མགོན་བཀའ་བརྒྱུད་པའི་གདན་ས་ཆེན་མོ་དཔལ་གྱི་སྟོད་ལུང་མཚུར་ཕུ་དགོན་དུ་ཆོས་སྒར་གོང་དང་ཆོས་སྒར་འོག་གཉིས་ཡོད་པ་ལས་སྔ་མ་དེ་ཡིན་པ་རེད།
དང་པོ་དགོན་འདིའི་གོང་དུ་གནས་འདིར་གཙུག་ལག་ཁང་ཞིག་ཡོད་ཚུལ། གཉིས་པ་དགོན་པ་འདིའི་བྱུང་བ། གསུམ་པ་དགོན་འདིས་དར་གུས་དང་བཅས་པ་ལས་མཚུར་ཕུ་རྒྱལ་ཚབ་ཀྱི་གདན་ས་གཙོ་བོར་གྱུར་ཚུལ།
ལྷོ་གླིང་འཛམ་བུའི་གླིང་ན་མིའི་འཕེལ་རིམ་གྱི་ཁྲོད་སིལ་བུའི་དུས་རབས་དང་། རྒྱལ་ཕྲན་གྱི་དུས་རབས། ཆོས་སྲིད་ཟུང་འབྲེལ་གྱི་དུས་རབས་བཅས་རྒྱུན་པར་བྱུང་བ་ལས་དུས་རབས་དགུ་པའི་དུས་མགོར་བོད་རྒྱལ་གདུང་རབས་ཞེ་གཅིག་པ་ཁྲི་གཙུག་ལྡེའུ་བཙན་ནམ་ཁྲི་རལ་པ་ཅན་གྱིས་སྲིད་དབང་བཟུང་རིང་རྒྱལ་པོའི་ཐུགས་དམ་གྱི་རྟེན་དུ་འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་བཞེངས་པའི་ལྷག་མ་རྣམས་ཁོང་གི་བློན་པོ་ཞང་ཚེ་སྤོང་སྟག་བཟང་ཉ་སྟོ་ཟེ་བ་དེས་རྒྱལ་པོའི་བཀའ་དྲིན་གསབ་ཕྱིར་ལྕང་བུར(མཚུར་ཕུ)ལྷག་མའི་ལྷ་ཁང་བཞེངས། ཡིག་རྙིང་དུ་བཙན་པོ་ཁྲི་རལ་པ་ཅན་སྟོད་ལུང་ལྕང་བུར་བཞུགས་མྱོང་བས་ལོ་རྒྱུས་ཀྱང་ཡུན་རིང་། སྔོན་གྱི་ལྷ་ཁང་དེ་ཉིད་ད་ལྟའི་ཆར་ངེད་ཚོའི་མིག་ལམ་དུ་མ་མཆིས་ཀྱང་། དེ་སྐབས་ཀྱི་རིན་བྲལ་དངོས་པོ་རྡོ་རིང་ཞིག་ད་ལྟ་དངོས་སུ་དགོན་པའི་བླ་གཡེལ་མཐིལ་དུ་མཇལ་རྒྱུ་ཡོད་པ་རེད།
རྫོགས་པའི་སངས་རྒྱས་མིའི་གཟུགས་སུ་བྱོན་པ་མདོ་རྒྱུད་བསྟན་བཅོས་དག་གི་ལུང་གིས་ཟིན་པའི་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པས་པ་ཚབ་ལོ་ཙཱ་བ་དང་། མཉམ་མེད་དྭགས་པོ་ལྷ་རྗེ་སོགས་པཎ་གྲུབ་དུ་མའི་ཞབས་ལ་བཏུད་ནས་ཐོས་བསམ་སྒོམ་གསུམ་རྒྱ་ཆེར་མཛད་པས་མདོ་སྔགས་སོགས་ཀྱི་མཁས་གྲུབ་ཆེན་པོའི་སར་གཤེགས།
བོད་རབ་བྱུང་གསུམ་པའི་ས་ཡོས་ཏེ་རྗེ་ཉིད་དགུང་ལོ་ལྔ་བཅུ་བཞེས་པ་སྤྱི་ལོ༡༡༥༩ལོར་སྟོད་ལུང་མཚུར་ཕུར་ཐོག་མར་ཞབས་ཀྱིས་བཅགས། བླ་མའི་ལུང་བཞིན་གདན་ས་འདེབས་པར་དགོངས་ནས་མཚུར་ཕུའི་བྲག་རྒྱབ་ཡོལ་དུ་ས་བདག་རྒན་མོ་རུ་བ་ལ་ས་རིན་སྤྲད་པ་དང་། གཏོར་མ་དང་ས་གཞི་བྱིན་རླབས་ཀྱིས་གཟིམས་ལྕིལ་ཆུང་ངུ་ཞིག་མཛད་དེ་དགོན་གནས་ཀྱི་རྟེན་འབྲེལ་བསྒྲིགས།
དེ་ནས་མཉམ་མེད་དྭགས་པོ་ལྷ་རྗེས་དུས་མཁྱེན་ལ་ཁྱོད་སྒྲུབ་པ་ཁམས་ཀྱི་ཀམ་པོ་གངས་རར་གྱིས། འགྲོ་དོན་དབུས་གཙང་ཁམས་གསུམ་དུ་ཁྱབ་པར་བྱུང་ངོ་ཞེས་ལུང་བསྟན་པ་ལྟར་ཁམས་སུ་བྱོན་ཏེ་སྐྱ་སེར་གྲངས་ལས་འདས་པ་སྨིན་གྲོལ་དུ་མཛད། དེའི་རྗེས་སླར་དབུས་སུ་བྱོན་པར་དགོངས་ཏེ། དེ་ཡང་རྗེ་ཉིད་ཀྱི་གསུང་ལས། ད་རེས་དབུས་སུ་འོང་བར་དགོས་པ་བཞི་ཡོད། རྗེ་སྒོམ་ཚུལ་གྱིས་ཁྱེད་ཁམས་སུ་སྐྱིད་སྡུག་གང་བྱུང་ཡང་དབུས་སུ་ཡར་ཤོག་གསུང་བའི་བཀའ་སྒྲུབ་པ་དང་། གདན་སར་གསེར་ཆོས་བརྒྱ་འབུལ་བྱེད་པ་དང་། ཞང་ཚལ་བ་སྒོམ་ཆེན་པ་འཁྲུག་པ་མཛད་པ་འདི་རྣ་བར་མ་སྙན་པས་བཤོལ་འདེབས་པ་དང་། གཞུ་མཚུར་གྱི་བར་དུ་དགོན་པ་ཞིག་བྱ་སྙམ་པ་སྟེ་དོན་བཞི་ལ་འོངས་ཞེས་གསུངས་པ་ལྟར། སྤྱི་ལོ༡༡༨༩ལོར་རྗེ་ཉིད་དགུང་ལོ་བརྒྱད་ཅུ་བཞེས་པའི་ཚེ་མཚུར་ཕུའི་བྲག་རྒྱབ་ཡོལ་འདྲ་བའི་འོག་ཏུ་སྔར་དགོན་གནས་ཀྱི་རྟེན་འབྲེལ་མཚོན་བྱེད་དུ་གཟིམས་ལྕིལ་ཆུང་ངུ་ཞིག་མཛད་ཡོད་པ་ལ། ད་གཟོད་ས་དེར་མཆོད་ཁང་གོང་གི་ཀ་རུ་མ་དང་། ཡང་དགོན་བཅས་མཚུར་ཕུ་མཆོད་ཁང་གོང་མཛད།
དེ་ཡང《ཆོས་འབྱུང་མཁས་པའི་དགའ་སྟོན》དང་གནས་སྒོ་བ་ཀརྨ་གཞན་ཕན་རྒྱ་མཚོས་མཛད་པའི《ཀམ་ཚང་བླ་མ་ཡབ་སྲས་དྲུག་གི་རྣམ་ཐར》ལས། “བརྒྱད་ཅུ་བཞེས་པའི་ཚེ་མཚུར་ཕུ་མཆོད་ཁང་གོང་མཛད།” ཅེས་དང་། རྗེ་དུས་མཁྱེན་ཉིད་ཀྱིས་སྐམ་པོ་གངས་ར་ནས་ཐུགས་དགོངས་གཏད་ནས་འདིར་བྱོན། དགུང་གྲངས་དོན་ལྔ་ནས་གྱ་བཞི་སྟེ་སྐུ་མྱ་ངན་ལས་མ་འདས་བར་བཞུགས་པར་མཛད་ཅིང་། ཚོགས་པ་བསྡུས། ཞལ་ཆེམས་སུ་ཕོག །སྐུ་ཡང་འདིར་གཤེགས། གདུང་ཡང་འདིར་བཞུས་པའི་ཐུགས་ཀྱི་གནས་ཁྱད་པར་ཅན་ཞིག་ཡིན་པ་རེད།
རྗེ་དུས་གསུམ་མཁྱེན་པ༡༡༩༣ལོར་གདུལ་བྱའི་དོན་དུ་སྐུའི་བཀོད་པ་ཞིང་གཞན་དུ་བདེ་བར་གཤེགས་པའི་ཕྱི་ལོ་དེར་སློབ་མ་རྒན་གྲས་དགེ་བཤེས་ཙང་པོ་བ་དང་། ཤེར་འབྱུང་སོགས་གྲོས་བྱས་པས་གདན་ས་མཚུར་ཕུ་མཆོད་ཁང་གོང་ཡུལ་གྱི་སྙིང་པོ་ཅ་རར་སྤོ་རྒྱུར་ཞལ་འཆམས་ཏེ། ཅ་རར་དུས་མཁྱེན་གྱི་གདུང་རྟེན་བཀྲ་ཤིས་འོད་འབར་བཅས་པ་བཞེངས་ནའང་སྒོམ་པ་རས་པ་ལ་སོགས་ཀྱིས་གདན་ས་འདི་ཉིད་དུ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ།
ཡོངས་གྲགས་ཀྱིས་ཀརྨ་པ་དང་པོ་ཀརྨ་པཀྴི་སྤྱི་ལོ༡༢༥༠ཡས་མས་ན་མཚུར་ཕུར་ཐོག་མར་བྱོན་པའི་སྐབས་སུ་གནས་འདི་ནི་གླིང་དང་བེ་རིས་ཉམས་པར་བྱས་ཏེ་གང་ཡང་མེད་པས་ལོ་དྲུག་བཞུགས་ཏེ་ཞིག་གསོ་མཛད་ནས་དར་རྒྱས་སུ་གྱུར།
དེ་ནས་རིང་པོར་མ་ལོན་པར་མཐའ་འཁོབ་ཏུ་གདུལ་བྱའི་དོན་དུ་ཕེབས་ཀྱང་སྤྱི་ལོ༡༡༦༡ནང་ལ་ཧོར་གྱི་ཆབ་སྲིད་སྟོབས་ཤུགས་བསྡུར་ཚད་ལས་ཧུ་བི་ལི་སེ་ཆེན་གྱིས་ཧོར་ཡོངས་སུ་བཟུང་ནས་ཡོན་རྒྱལ་རབས་ཞེས་བཏགས། གྲུབ་ཆེན་གྱིས་ཧུ་བི་ལེའི་སར་མ་བཞུགས་པར་རྒྱལ་པོ་མོང་གེ་ཧན་གྱི་དབུ་བླ་མཛད་ནས་བཞུགས་པ་ལ་ཐུགས་མ་རང་པ་བྱུང་ཡང་ཟེར། གང་ལྟར་ཧུ་བེ་ལིས་ཀརྨ་པཀྴི་མེས་བསྲེགས། ཆུ་ལ་བསྐུར། མཚོན་གྱིས་བཏབ་པ་སོགས་ཀྱི་མི་མཚམས་པའི་ཆད་པ་ཅི་བྱས་ཀྱང་། གྲུབ་ཆེན་ཉིད་ཀྱི་སྐུ་ཕྱྭར་སྐྱོན་ཅི་ཡང་བྱུང་མེད་པ་རེད།
དེའི་རྗེས་ཙམ་ན་ཉེ་གནས་ལྡན་སྒོམ་ལ་གསེར་ལ་སོགས་པའི་ཡོ་བྱད་མཐའ་ཡས་པ་བསྐུར་ཏེ། ཐུབ་པའི་སྐུ་བརྙན་ཅན་གྱི་ལྷ་ཆེན་གཞུ་འདོམ་བཅུ་གསུམ་དང་བཅས་པ་འདམ་ཅོག་རྩེ་ལ་ནས་མཐོང་བ་ཞིག་གདན་ས་མཚུར་ཕུར་བཞེངས་ཤིག་ཅེས་མངགས་པ་ལྟར་སྤྱི་ལོ༡༢༧༢ལོར་གྲུབ་ཆེན་ཉིད་མཚུར་ཕུར་ཕེབས་སྐབས་ལེགས་པར་གྲུབ་ཟིན་ནས་ཡོད་པས། གྲུབ་ཆེན་ཉིད་ཐུགས་ཤིན་ཏུ་མགུ་བར་གྱུར། ལྷ་ཆེན་དཔལ་འབར་འཛམ་གླིང་རྒྱན་ཞེས་མཚན་གསོལ།
གྲུབ་ཆེན་ཉིད་ཀྱིས་ལྷ་ཆེན་ལ་རབ་གནས་མཛད་སྐབས་ཀྱི་བྱམས་པའི་བཞུགས་ཁྲི་དང་། ཀརྨ་པ་བདུན་པས་བྱིན་གྱིས་རླབས་པའི་རྡོ་སྐུ་མེ་འབར་ནང་གཞུག་གི་མགོན་པོ་བེར་ཅན་གྱི་སྐུ། ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་ཕྱག་བཟོ་མགོན་པོ་བེར་ཅན་གྱི་སྐུ་བཅས་བཞུགས་པའི་མགོན་ཁང་ཁག །ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོས་ཚད་མ་སྡེ་བདུན་གྱི་དགོངས་དོན་ཚང་ལ་མ་ནོར་བར་སྟོན་པའི་ཚད་མའི་བསྟན་བཅོས་རིག་གཞུང་རྒྱ་མཚོ་མཛད་དེ་གཞུང་ཆེན་གྱི་འཆད་ཉན་རྒྱ་ཆེར་གནང་སའི་ཆོས་ར། ཀརྨ་པ་མི་བསྐྱོད་རྡོ་རྗེས་གསང་ཆེན་རྒྱུད་སྡེའི་སྒོམ་སྒྲུབ་ལ་གཙོ་བོར་དམིགས་ཏེ་གསར་བཞེངས་གནང་བའི་དཔལ་ལྡན་ཟུར་རི་དང་། ཉིད་ཀྱིས་དཔའ་བོ་གཙུག་ལག་ཕྲེང་བ་ལ་བསྩལ་བའི་བདེ་ཆེན་ཕོ་བྲང་། རྒྱལ་ཚབ་སྐུ་ཕྲེང་དྲུག་པ་ནོར་བུ་བཟང་པོ་མཆོད་ཁང་གོང་དུ་མ་སྤོས་བར་རྒྱལ་ཚབ་རིམ་བྱོན་བཞུགས་སའི་བླ་བྲང་འོད་ཟེར་གླིང་། ཀརྨ་པ་སྐུ་ཕྲེང་གཉིས་པ་དང་། གསུམ་པ། བརྒྱད་པ། བཅུ་པ་བཅས་ཀྱིས་འཇང་ལ་ཆོས་ཀྱི་འཁོར་ལོ་བསྐོར་བས་འཇང་པའི་གྲྭ་རྒྱུན་བཞུགས་སའི་ཁང་ཚན་འཇང་ཁང་སེར་པོ་དང་བཅས་གནས་འདིར་མདོ་སྔགས་ཀྱི་བསྟན་པ་དབྱར་མཚོ་བཞིན་དར་ཞིང་རྒྱས།
སྤྱི་ལོ༡༦༡༠ཡས་མས་ལ་དབུས་ཕྱོགས་སུ་ཀར་དགེའི་སྦྱིན་བདག་བར་དབང་ཤུགས་འགྲན་རྩོད་ལས་གཙང་པ་སྡེ་སྲིད་ཀྱིས་དབུས་གཙང་གི་ས་ཆ་ཕལ་ཆེ་བ་དབང་དུ་བསྡུས་པས་དགེ་ལུགས་པའི་སྦྱིན་བདག་སྐྱིད་ཤོད་སྡེ་པ་བསོད་ནམས་རྣམ་རྒྱལ་གྱི་སེམས་ཀྱིས་མ་བཟོད་པར་ལྐོག་ཏུ་སོག་པོ་ཁལ་ཁ་ཆོ་ཁུར་དཔོན་པོ་སྐུ་མཆེད་གཉིས་ལ་རྩེ་པོ་ཏ་ལའི་འཕགས་པ་ལོ་ཀེ་ཤ་རའི་སྐུ་དེ་འབུལ་རྟེན་བྱས་ནས་གཙང་པར་དམག་རྒྱག་དགོས་པའི་ཞུ་བ་བྱས་པས་སྤྱི་ལོ༡༦༡༧ལོར་སོག་དམག་དབུས་སུ་འབྱོར་ནས་དགེ་ལུགས་པའི་རྫོང་གཞིས་ཁག་གི་དམག་མི་དང་སེར་དམག་བཅས་མཉམ་འབྲེལ་གྱིས་གཙང་པར་ཕར་རྒོལ་བྱས་པས་གཙང་པ་སྡེ་སྲིད་དབུས་ནས་ཕྱིར་འཐེན་བྱེད་དགོས་བྱུང་།
དེའི་ཕྱི་ལོར་གཙང་པས་ཡང་བསྐྱར་དམག་ཁ་སྣོན་བྱས་ཏེ་དགེ་སོག་གི་དམག་ལ་རྒོལ་ལན་སྤྲད་པས་གདན་ས་སེ་འབྲས་ལ་ཁྲག་དྲི་དྲོ་བའི་སྐྱོ་གར་གྱིས་ཁེངས། ལོ་མང་རིང་གཙང་པའི་སྟོབས་ཤུགས་དབུས་གཙང་ཡོངས་ལ་ཁྱབ་པར་བྱས། དེའི་རྗེས་ཙམ་ན་སོག་དམག་དང་ཕྱག་མཛོད་བསོད་ནམས་རབ་བརྟན་སོགས་ཀྱིས་ཀརྨ་པ་ཆོས་དབྱིངས་རྡོ་རྗེས་ཕྱག་ཐམ་ཕབ་ཡོད་སྐད་ཀྱི་གསང་བའི་ཡི་གེ་རྫུན་མ་ཞིག་གིས་རྐྱེན་བྱས་ཏེ་ཀར་བསྟན་ལ་བསམ་ཡུལ་ལས་འདས་པའི་དབུ་ཉེས་ཚབས་ཆེན་ཕོག །
སྤྱི་ལོ༡༦༤༤ལོར་ཀརྨ་པ་སྐུ་འཁོར་ཉུང་བསྡུས་དང་བཅས་ཉིན་མཚན་བསྟུད་མར་འཇང་ཡུལ་ལ་ཉེན་གཡོལ་དུ་ཕེབས་དགོས་བྱུང་།
ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་ཕྱག་མཛོད་བསོད་ནམས་རབ་བརྟན་གྱིས་སོག་པོའི་སྟོབས་ཤུགས་སྤྱད་ནས་གཙང་པ་རྒྱལ་པོའི་སྲིད་དབང་དང་། བཀའ་བརྒྱུད་པའི་དགོན་པ་ཁག་རྩ་མེད་རང་བཞིན་གྱི་རྡུང་རྡེག་བཏང་ནས་དགའ་ལྡན་ཕོ་བྲང་གིས་བོད་ཡོངས་ལ་དབང་བསྒྱུར་བྱེད་འགོ་ཚུགས།
ཀརྨ་པ་ཆོས་དབྱིངས་རྡོ་རྗེས་ཀར་བསྟན་གྱི་འཕྲིན་ལས་བྱེད་པོར་མངའ་གསོལ་བའི་རྒྱལ་ཚབ་གྲགས་པ་མཆོག་དབྱངས་ནས་ཀར་བསྟན་བསྐྱར་གསོའི་ཆེད་དབུས་གཙང་གང་སར་དཀའ་བ་ཁྱད་བསད་ཀྱིས་ཆིབས་བསྐྱོད་གནང་བཞིན། པཎ་ཆེན་རིན་པོ་ཆེ་སོགས་ལ་དགའ་ལྡན་ཕོ་བྲང་ལ་བར་འདུམ་གཏོང་གནང་དགོས་པའི་སྐྱབས་འཇུག་ལན་མང་ཞུས་པས། རྒྱལ་ཚབ་གྲགས་པ་མཆོག་དབྱངས་ཀྱི་གནང་སྟངས་ལ་གཞུང་ས་མཆོད་ཡོན་ནས་ཐུགས་མཐུན་ཡི་རངས་མཛད་མཐར་མཚུར་ཕུ་གཙོས་ཀརྨ་ཀམ་ཚང་གི་ཆོས་སྡེ་ཉེར་གཅིག་ཙམ་ཞིག་རྒྱལ་ཚབ་གྲགས་པ་མཆོག་དབྱངས་ལ་གནང་ཞིང་། ཀར་སྡེ་ཀུན་གྱི་བདག་པོར་མངའ་གསོལ།
རྒྱལ་ཚབ་གྲགས་པ་མཆོག་དབྱངས་ཀྱིས་མཚུར་ཕུ་སོགས་རྩིས་བཞེས་ཏེ་ཐབས་མཁས་ཟབ་མོས་འཛིན་སྐྱོང་སྤེལ་གསུམ་རང་གི་དཔྲལ་བའི་མིག་ལྟར་གཅེས་པར་བསྐྱངས་པས་དབུས་གཙང་ཁུལ་དུ་ཀར་བསྟན་མ་སྟོང་ཙམ་བྱུང་བས་རྒྱལ་ཚབ་གྲགས་པ་མཆོག་དབྱངས་ནི་བཀའ་བརྒྱུད་སྤྱི་དང་། བྱེ་བྲག་ཀརྨ་པའི་བསྟན་པར་བཀའ་དྲིན་ཆེ་བ་ཡིན།
སྤྱི་ལོ༡༦༧༥ཡན་ཙམ་ན་ཡབ་སྲས་མཆོག་སྤྲུལ་རྣམས་ཁྲི་འདོན་གྱི་ཆེད་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་དང་། རྒྱལ་ཚབ་གྲགས་པ་མཆོག་དབྱངས་ཀྱི་སྤྲུལ་པའི་སྐུ་རྒྱལ་ཚབ་སྐུ་ཕྲེང་དྲུག་པ་ནོར་བུ་བཟང་པོ་སོགས་དབུས་ལ་ཕེབས་ཤིང་འོག་མིན་མཚུར་ཕུའི་གདན་སར་རྒྱལ་ཚབ་གོང་མ་རིམ་བྱོན་གྱི་སེང་ཁྲིར་མངའ་གསོལ། མངའ་གསོལ་མཛད་སྒོའི་སྐབས་ཀརྨ་པ་སྐུ་ཕྲེང་དང་པོས་ཕྱག་བཏབ་པར་མཛད་པའི་མཚུར་ཕུ་མཆོད་ཁང་གོང་རྟེན་བརྟེན་པ་དང་བཅས་པ་རྒྱལ་ཚབ་དྲུག་པ་ནོར་བུ་བཟང་པོར་རྟེན་སྐལ་དུ་བསྩལ་བས་རྒྱལ་ཚབ་ན་རིམ་གྱི་གདན་ས་གཙོ་བོར་གྱུར།
དེ་ཡང་བཅུ་པ་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་གསོལ་འདེབས་ལས། ནོར་བུ་བཟང་པོ་ཡུམ་སྲས་བཅས་པ་ལ། །བཀའ་ཡི་གདམས་པ་རྟེན་སྐལ་སྩལ་ནས་ཀྱང་། །བསྟན་འགྲོའི་དོན་དུ་ཕྲིན་ལས་ཕྱི་མཐའི་བར། །སྤེལ་བའི་བརྟན་བཞུགས་གསོལ་འདེབས་མཛད་ལ་འདུད། །ཅེས་གསུངས།
ཀརྨ་པ་བཅུ་པའི་དུས་ཙམ་ནས་རིག་གསར་མ་བྱུང་བར་མཁས་ཤིང་གྲུབ་པའི་བཙན་སར་སྙེགས་པའི་སྐྱེས་བུ་དམ་པ་དག་གི་ངལ་བ་བརྒྱ་སྟོང་གིས་བསྐྲུན་པའི་མདོ་སྔགས་གཞུང་ཆེན་བརྒྱད་གདན་ས་མཚུར་ཕུ་འདིར་འཆད་ཉན་དེ་ཙམ་མེད་ན་ཡང་སྒྲུབ་པ་ལ་རྩེ་གཅིག་གཞོལ་བའི་སྐྱེས་བུ་མི་ཉུང་བ་ཞིག་བྱུང་ཞིང་གདན་ས་འདི་ཉིད་ཀྱང་ཕྱིའི་རྣམ་པའང་ཉམས་རྒུད་དཔེ་མེད་ཆེན་པོ་ཞིག་བྱུང་མེད་པ་ལྟ་བུར་གྱུར།
རིག་གསར་གྱི་དུས་སུ་ཡུལ་ལུང་ཁག་གི་མི་བུ་འགའི་ལག་གཉིས་ཀྱི་བར་ན་ལོ་ངོ་བརྒྱ་སྟོང་གི་ལོ་རྒྱུས་ཡོད་པའི་མཁར་དང་། དགོན་པ་སོགས་གྲངས་ལས་འདས་པ་དམིགས་མེད་དུ་གྱུར་པས་འཛམ་གླིང་གི་ཤེས་ཡོན་ཅན་སྡེ་ཚོགས་ཐམས་ཅད་ཀྱི་དབུས་ན་ཧ་ལས་དགོས་པ་ཞིག་བྱུང་བས། གདན་ས་མཚུར་ཕུ་དགོན་པ་ཡང་དེ་བཞིན་གྱང་ཤུལ་ཙམ་ལས་གང་ཡང་མེད་པར་གྱུར།
ཕྱིས་སླར་ཡང་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་རང་བྱུང་རིག་པའི་རྡོ་རྗེའི་ཐུགས་དགོངས་ལྟར་སྐྱབས་རྗེ་སྒྲུབ་དཔོན་རིན་པོ་ཆེ་གཙོ་བོར་གྱུར་པའི་སྐྱེས་བུ་དམ་པ་དག་གི་འབད་པ་ལྷོད་མེད་ཀྱིས་མདོ་སྔགས་ཀྱི་འཆད་ཉན་སོགས་ཉམས་པ་སླར་གསོ་བྱས་པས་གདན་ས་ཁག་དང་། དགོན་ཆེན་ཁག་གི་དབུས་ན་མཚན་སྙན་ཀུན་གྱིས་ཐོས་མི་མྱོང་བ་མེད་པ་ལྟ་བུར་གྱུར། ད་ལྟའི་ཆར་གདན་ས་མཚུར་ཕུ་དགོན་གྱི་ཕྱིའི་བཀོད་པ་དང་། ནང་ཐོས་བསམ་སྒོམ་གསུམ་གྱི་བྱ་བ་སྔར་ལས་ལྷག་པ་ཞིག་ཡོང་བར་འབད་བཞིན་ཡོད་པ་རེད།
མདོར་ན་མཚུར་ཕུ་མཆོད་ཁང་གོང་འདི་ཉིད་ལོ་སྟོང་གི་ལོ་རྒྱུས་ཡོད་པའི་གནས་གཞི་གལ་ཆེན་ཞིག་ཡིན་པས་ལོ་རྒྱུས་དཔྱད་བརྗོད་པ་དག་ལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དཔྱད་གཞི་ཡང་མི་ཉུང་བ་ཞིག་བསྐྲུན་ཡོད་པ་རེད་ལ། དར་རྒུད་མང་དག་ཅིག་གི་རྐྱེན་དང་བཅས་རྒྱལ་ཚབ་ན་རིམ་གྱི་གདན་ས་གཙོ་བོ་ཡིན་པ་དང་། ད་ལྟའི་ཆར་དགོན་འདིར་རྒྱལ་ཚབ་རིམ་བྱོན་གྱི་གཟིམ་ཆུང་དང་གཙུག་ལག་ཁང་དུ་ཀརྨ་པ་དགུ་པས་བཞེངས་པའི་ཐུབ་དབང་བྱང་ཆུབ་ཆེན་མོ་དང་། རྒྱལ་ཚབ་བྱམས་པ་མགོན་པོ། གུ་རུ་མཚན་བརྒྱད། ཀརྨ་པ་བཅུ་པའི་ཕྱག་བཟོ་གནམ་ལྕག་ལས་གྲུབ་པའི་མགོན་པོའི་གཏོར་མ་སྙིང་གཟུགས་མ། རྒྱལ་ཚབ་སྐུ་ཕྲེང་བཅུ་པའི་ཕྱག་འཁོར་བྱིན་ཅན་མ་བཅས་རིན་ཐང་བྲལ་བའི་རྟེན་གཙོ་དུ་མ་མཇལ་རྒྱུ་ཡོད་པ་རེད།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3344
དཔྱད་མཆན་སྤེལ།