མི་འཁྱབ་རབ་རྒྱས་ཀྱིས་བརྩམས།
ཆོས་དབྱིངས་རྒྱ་མཚོས་བསྒྱུར།
དེ་ནི་ལོ་ངོ་བཅུ་ལྷག་གི་སྔོན་དུ་བྱུང་བའི་དོན་དག་ཅིག་རེད། ང་རང་སྐད་གཉིས་དགེ་ཐོན་སློབ་གྲྭ་ཞིག་ནས་སློབ་ཐོན་བྱུང་མ་ཐག་རྫོང་མཁར་དང་སྤྱི་ལེ་བརྒྱ་ལྷག་གི་རྒྱང་ཐག་ཡོད་པའི་སྡེ་བའི་སློབ་ཆུང་ཞིག་ཏུ་ལས་བགོས་བྱས། སྐབས་དེའི་ང་ནི་ད་རུང་ལོ་ན་གཞོན་པས་སློབ་རའི་ཕྱི་རོལ་གྱི་འཚོ་བ་ལ་འཆར་སྣང་དང་ཡིད་སྨོན་གྱིས་ཁེངས་ཡོད།
ལས་བགོས་བྱུང་སའི་སྡེ་བའི་མིང་ལ་བྲག་ཞབས་སྡེ་བ་ཟེར་བས་ན། སློབ་གྲྭའི་མིང་ལའང་བྲག་ཞབས་སློབ་ཆུང་ཞེས་ཐོགས་འགྲོ་བ་ནི་སྨོས་མ་དགོས་པ་ཞིག་རེད། ང་ཚོ་རྫོང་མཁར་ནས་ཤང་ལྟེ་གནས་སློབ་ཆུང་བར་དུ་འདྲུད་འཁོར་ཐོག་ནས་ཡོང་བ་དང་། དེ་ནས་ཤང་ལྟེ་གནས་སློབ་ཆུང་གི་མཁོ་སྒྲུབ་ཁང་ནས་རྟ་ཕོ་རྐྱང་ནག་ཅིག་གཡར་བ་དང་ང་རང་གི་སྟབས་བདེའི་ལམ་ཆས་དང་སློབ་གྲྭའི་བསླབ་དེབ། དེ་མིན་ཤང་ལྟེ་གནས་སློབ་ཆུང་གིས་སྡེ་བའི་སློབ་ཆུང་ལ་བགོ་བཤའ་གནང་བའི་ཅ་ལག་རྩག་རྩིག་དག་ཁལ་དུ་བཀལ་ནའ་ཡང་བསྐྱར་ལམ་ལ་ཆས་པ་ཡིན།
“བྲག་ཞབས་ཟེར་ན་བྲག་ཐེམ་གྱི་གཤམ་འོག་ལ་གོ་ཞིང་། སྡེ་བ་དེ་ནི་བྲག་རི་གཏོས་ཆེ་བ་ཞིག་གི་འོག་ཏུ་ཆགས་ཡོད་སྟབས། མིང་ལའང་བྲག་ཞབས་སྡེ་བ་ཞེས་ཐོགས་པ་ཡིན། སློབ་གྲྭའི་ནང་དུ་ས་གནས་དེ་གའི་ཚབ་ཁྲིད་དགེ་རྒན་གཅིག་ལས་མེད་ལ། སློབ་གྲྭ་བཙུགས་པ་ནས་ད་བར་དུ་ཁོང་གིས་དེ་རུ་ལས་གནས་བརྟན་སྲུང་གནང་ཡོང་བ་རེད།……” ང་རང་བྲག་ཞབས་སྡེ་བའི་སློབ་ཆུང་དུ་སྐྱེལ་མ་གནང་བའི་རིག་སློབ་ཁང་གི་ལས་དོན་སྒྲུབ་མཁན་དེས་ལམ་ཐག་ཧྲིལ་བོར་ཚར་རྒྱུ་མེད་པ་ཞིག་བཤད་བྱུང་།
རྟ་ཕོ་བང་དང་བཅས་ཏེ་མདུན་དུ་བསྐྱོད། རྟ་གོང་གི་བསླབ་དེབ་དང་ཛར་དངོས་བཅུག་པའི་རྟ་འབོག་དང་རྟ་སྒ་ཕན་ཚུན་གཙུབ་བརྡར་བྱས་པས། རྟ་ཕོ་མདུན་དུ་བསྐྱོད་པའི་གོམ་སྟབས་བསྟུན་ནས་དུས་ངེས་མེད་དུ་ཙུག་ཙུག་ཅེས་པའི་སྒྲའང་གྲགས་ཡོང་། བསིལ་རླུང་འཇམ་པོ་ཞིག་གྲོག་རོང་གི་དམའ་ས་ནས་ལྡང་ཡོང་བས། རྟ་ཕོའི་ལུས་སྟེང་ནས་མཆེད་པའི་རྔུལ་ནག་གི་དྲི་མ་དེ་ངའི་སྣ་སྒོར་དྲངས། རྒྱུན་པར་སྣོམ་དཀའ་ཞིང་ཁྱད་མཚར་བའི་དྲི་མ་དེས་ནི་ངར་སྨན་ཞིག་དང་གཉིས་སུ་མ་མཆིས་པར་བདག་གི་དབང་རྩ་ཀུན་ལ་ཟུག་རྔུ་བསླངས།
“སློབ་གྲྭའི་ནང་དུ་འཛིན་གྲྭ་གཅིག་ལས་མེད། ཁྱོད་རང་དེ་གར་སླེབས་རྗེས་གཙོ་བོ་རྒྱ་ཡིག་དང་གྲངས་རིག་གི་སློབ་ཁྲིད་ཀྱི་འགན་འཁུར་དགོས། དགེ་རྒན་རྒན་པ་དེས་བོད་ཡིག་དང་ལུས་རྩལ་གྱི་སློབ་ཁྲིད་གནང་བཞིན་ཡོད་པ་རེད། སྤྱིར་ན་ཁྱོད་རང་ཆེད་ཚན་ལས་མཐར་ཕྱིན་པ་ཡིན་མོད། འོན་ཀྱང་དགེ་རྒན་རྒན་པའི་ངག་བཀོད་ལ་ངེས་པར་དུ་བརྩི་སྲུང་ཞུ་དགོས།” རིག་སློབ་ཁང་གི་ལས་དོན་པའི་སྐད་ཆ་བཤད་སྟངས་ནི་ངའི་ཨ་མ་དང་ཧ་ཅང་འདྲ་པོ་འདུག
དུས་ཡུན་ཆུ་ཚོད་ཁ་ཤས་ཀྱི་རི་ལམ་འགྲིམས་པས་ངེད་གཉིས་ཐང་ཆད་ནས་ངལ་དུབ་པར་གྱུར་ན་ཡང་། སྒང་གཤོང་མི་སྙོམས་པའི་རི་བོ་མཐོན་པོའི་གང་ས་གང་དུ་མཐོ་དམའ་མི་གཅིག་ཅིང་དབྱིབས་རྣམ་མི་འདྲ་བའི་སྔོ་ཁེབས་ཀྱིས་ཡོངས་སུ་ཁེངས་ཡོད་སྟབས། ཚ་བ་ཆེ་བའི་གྲོག་རོང་དུ་དྭངས་བསིལ་གྱི་སྣང་བ་ཅུང་ཙམ་སྟེར་བར་མ་ཟད། ངེད་གཉིས་ལའང་དཀའ་བ་ཐམས་ཅད་ཁྱད་དུ་བསད་དེ་མུ་མཐུད་མདུན་དུ་བསྐྱོད་པའི་གསོན་ཤུགས་ཤིག་བསྩལ་བྱུང་།
དར་ལྕོག་ལྷབ་ལྷུབ་ཏུ་བསྐྱོད་པའི་ཉག་ག་ཞིག་བརྒལ་ཅིང་། འཕྲང་ལམ་དོག་པའི་ཐུར་ལམ་ཞིག་བརྒྱུད་ནས་ཅུང་ཙམ་ཕྱིན་པ་ན། གཞི་ནས་སློབ་གྲྭར་འབྱོར་སོང་།
སློབ་གྲྭ་ཟེར་ཡང་དོན་དུ་ནི་ཁང་བརྩེགས་གཅིག་ལས་མེད་པའི་ས་ཁང་ཞིག་སྟེ། ཁྱོན་བསྡོམས་ཁང་མིག་གསུམ་ལས་མི་འདུག ངོ་སྤྲོད་གནང་བ་བརྒྱུད་དེ་དགེ་རྒན་རྒན་པ་དེའི་མཚན་ལ་པདྨ་ཟེར་བ་ཤེས། ཁོང་གི་གདོང་ཡོངས་ལ་སྨ་ར་ཐར་ཐོར་དུ་སྐྱེས་ཏེ་ཛ་རེ་ཛོ་རེར་སྣང་ཞིང་། མགོ་ལ་སྨྱུག་མས་བཟོས་པའི་གཟེབ་ཞྭ་ཞིག་གྱོན་འདུག ཁོང་གིས་ཁ་བརྡ་བྱེད་སྐབས་དུས་ངེས་མེད་དུ་ལག་ཕྱིས་ཤིག་བླངས་ཡོང་ཞིང་ཞྭ་མོ་ཕུད་ནས་ཟངས་ཁོག་ལྟར་གྱུར་བའི་མགོ་སྟེང་གི་རྔུལ་ཆུ་དག་འབྱིད་པར་བྱེད། ཁོང་གི་མགོ་བོ་ནི་བཙས་མ་ཐག་པའི་བྱ་སྒོང་ཞིག་དང་མཚུངས་པར་དཀར་ཞིང་གཙང་ལ་འཇམ་ཤ་དོད་པ་ཞིག་རེད་ལ། དེ་དང་གདོང་ཡོངས་སྨ་རས་ཁེངས་པ་གཉིས་མཉམ་དུ་བསྡེབས་ན་ངོ་མ་དགོད་བྲོ་བ་ཞིག་རེད།
“ཁྱེད་རང་གཡས་ཕྱོགས་ཀྱི་ཁང་མིག་དེའི་ནང་དུ་སྡོད། དཀྱིལ་དབུས་སློབ་ཁང་དང་། གཡོན་ཕྱོགས་དགེ་རྒན་གྱི་ཐབ་ཚང་ཡིན་ལ་དེའི་ནང་དུ་སློབ་མ་ཚོས་ཉིན་གུང་ཇའང་སྐོལ་བཞིན་ཡོད། ངའི་ཁྱིམ་སྡེ་བའི་ནང་དུ་ཡོད་པས། ཕྱི་དྲོ་སློབ་གྲྭ་གྲོལ་རྗེས་ཕྱིར་ཁྱིམ་ལ་ལོག་འགྲོ་ཡི་ཡོད།” དགེ་རྒན་པདྨས་སྣ་གདོང་དུ་འཕྱར་བའི་མིག་ཤེལ་རྙིང་བ་དེ་ཡར་ལ་འདེད་ཙམ་བྱས་ཏེ་སྐད་ཆ་ཚིག་གཅིག་ཙམ་གྱིས་ངའི་སྡོད་ཤག་དང་ཟ་མའི་གནད་དོན་ཐམས་ཅད་བཀོད་སྒྲིག་གནང་།
སྐབས་དེར། དབལ་ཚ་བའི་ཉི་འོད་ས་ཁང་གི་ཐོག་རྩེ་རུ་འཕྲོས་འདུག རིག་སློབ་ཁང་གི་ལས་དོན་པས་ངོ་གདོང་ཉི་མར་ཕྱོགས་ནས་ལྟ་ཙམ་བྱས་པ་དང་ཡང་དགེ་རྒན་པདྨ་ངེད་གཉིས་ལ་མིག་ཟུང་གཏད་དེ། ནམ་རྒྱུན་ཚོགས་འདུའི་སྐབས་སྤྱོད་པའི་སྐད་གདངས་ཤིག་གིས“དགེ་རྒན་པདྨ་ལགས། ངས་དགེ་རྒན་གསར་པ་ཁྱེད་ལ་གཏད་ནི་ཡིན། ཁྱེད་ཀྱིས་འཚོ་བའི་ཕྱོགས་ནས་ཁོ་ལ་ལྟ་སྐྱོང་གནང་དགོས་པ་དང་། ལས་དོན་གྱི་ཐོག་མས་སྣེ་ཁྲིད་གནང་དགོས། རྒྱུན་པར་ན་གཞོན་དགེ་རྒན་གྱི་དོ་དམ་ཕྱོགས་ལ་ཡིད་གཟབ་གནང་དགོས། དུས་ཚོད་ཀྱང་འཕྱི་པོ་ཆགས་འདུག་པས། གུས་ཟས་ཟོས་རྗེས་ང་རང་ཕྱིར་ཤང་ལྟེ་བའི་སློབ་ཆུང་དུ་ལོག་རྒྱུ་ཡིན”ཞེས་བཤད་བྱུང་། ཁོང་གི་ངོ་གདོང་ལ་ནན་ཏན་གྱི་ཉམས་འགྱུར་གྱིས་ཁེངས་འདུག་ཅིང་། སྐད་གདངས་ཀྱི་ཁྲོད་ནས་ཁེངས་དྲེགས་ཀྱི་ཆ་ཞིག་ཀྱང་མངོན།
ནུབ་ཁའི་མཚམས་སྤྲིན་གྱི་འོད་མདངས་རི་རྩེར་ཕོག་ཅིང་། ཉི་མའི་འོད་ཟེར་དང་མཚམས་སྤྲིན་གྱི་དམར་མདངས་གཉིས་གཅིག་ཏུ་འདྲེས་ཏེ་འོད་ཆེམ་ཆེམ་དུ་འཕྲོས། ངས་དུས་རྟག་པར་འདི་ནི་ཉིན་གཅིག་གི་ཆེས་ཡིད་འོང་མཛེས་སྡུག་གི་དུས་ཚོད་དེ་ཡིན་པར་འདོད། ཁང་པའི་ནང་དུ་གཙང་སྦྲ་དང་བསྡུ་གསོག་བརྒྱབ་རྗེས། ང་རང་དགེ་རྒན་པདྨས་བཀོད་སྒྲིག་གནང་བའི་ཁང་མིག་དེའི་སྒོ་ཐེམ་སྟེང་དུ་བསྡད་དེ་ཉི་མ་ནུབ་སའི་ཕྱོགས་ཀྱི་རི་རྩེ་ལ་ཡུན་རིང་ཅེར། ཡོད་ཚད་ཁུ་སིམ་མེར་གྱུར་བའི་ལྷིང་འཇགས་ཀྱི་ཁོར་ཡུག་འདིར་ང་རང་སྒོའི་རུ་བཞི་ལ་ཁེན་ཏེ་བསྡད་ན་རང་གི་སྙིང་གི་འཕར་ལྡིང་ཡང་ཚོར་ཐུབ་པས། ཅི་ཡིན་འདི་ཡིན་མེད་པར་གྲོགས་མེད་ཁེར་རྐྱང་དང་སྟོང་ལྷང་ལྷང་གི་ཚོར་སྣང་ཞིག་འགོག་མེད་དུ་ཡ་ཁོག་སྙིང་ལ་འཕྱོ་བྱུང་། གློ་རྡེག་ཏུ་མཐོང་ལམ་གྱི་མཛེས་ལྗོངས་ནི་ནང་སེམས་ཀྱི་སྐྱོ་གདུང་སེལ་བའི་སྨན་མཆོག་ཡིན་པའི་དྲན་སོས་ཀྱང་། ད་ནི་ཡོད་ཚད་སྨག་ནག་གིས་ཁྱུར་མིད་དུ་བཏང་ནས་རབ་རིབ་ཙམ་ལས་མི་མཐོང་བས། ངས་ལྷིང་འཇགས་དང་ཁེར་རྐྱང་། བཞུད་དཀའ་བའི་གྲོང་གསེབ་ཀྱི་མཚན་མོ་ཐོག་མ་དེ་ཇི་ལྟར་རོལ་ལམ། ངས་གསལ་པོར་ཤེས་ཡོད་དེ། འཇིགས་སྐྲག་དང་དངངས་འཚབ་ནི་ལུ་གུ་རྒྱུད་དུ་འགྱུར་ལྡོག་སྐྱེན་པ་ཞིག་ཡིན་ཏེ། འཇིགས་སྐྲག་གི་ཁྲོད་ན་གནས་པའི་མི་ཚོས་ནམ་རྒྱུན་གཅིག་མཇུག་གཉིས་མཐུད་དུ་འཇིགས་ཡེར་བའི་དོན་དག་སྣ་ཚོགས་ལ་འཆར་སྣང་བྱེད་སྲིད་པས། དེ་ལྟ་བུའི་འཇིགས་སྣང་ནི་ཚད་མེད་པར་མཆེད་དེ་མཐར་རང་ཉིད་སྐྱི་གཡའ་བར་གྱུར་ཅིང་འདར་སིག་སིག་གི་ངང་དུ་མཚན་ལམ་རིང་མོ་ཞིག་འགྲོ་ཐབས་བྱེད་དགོས་པར་འགྱུར།
རིམ་གྱིས་མཐའ་བཞིའི་རི་ལུང་ཐང་གསུམ་མུན་ནག་གིས་བསྡམས་པས། ང་རང་སྒོ་ཐེམ་ནས་ཡར་ལངས་ཤིང་འཕོངས་ཚོས་སྤྲུག་སྤྲུག་ཅིག་བྱས་ཏེ་ཁང་པའི་ནང་དུ་འཛུལ་བ་དང་། ཧ་ཅང་གཟབ་བརླིང་ལྡན་པའི་ངང་ནས་ཁང་སྒོ་གཏན་པ་ཡིན།
ངས་པྲ་སྒྲོན་རྐང་གཅིག་ལ་མེ་བསྒྲོན་རྗེས་མལ་ཁྲིའི་འགྲམ་གྱི་སྒྲོག་ཙེའི་སྟེང་གཏན་འཇགས་བྱས་པ་དང་། ཐོག་གོས་ཀྱང་མ་ཕུད་པར་མལ་ཁྲིའི་སྟེང་དུ་གཞོགས་གཅིག་ཏུ་ལོག་སྟེ། གསལ་ལ་མི་གསལ་བའི་པྲ་སྒྲོན་གྱི་འོད་མདངས་གཉོམ་པོ་དེར་བརྟེན་ནས་དཔེ་ཆ་ཞིག་ཀློག་པར་སྟ་གོན་བགྱིས། དེ་ནི་རྣོ་སྐུད་ལས་བཟོས་པའི་མལ་ཁྲི་ཞིག་ཡིན་པའི་སྟབས་ཀྱིས་འགུལ་ཙམ་བྱས་པ་ལས་ཀྱང་རྣ་བར་གཟན་པའི་སྒྲ་ཞིག་གྲག་ཡོང་། སྔར་ནས་ནང་སེམས་སུ་འཇིགས་སྐྲག་གིས་ཁེངས་པའི་དུས་སྐབས་ཤིག་ལ་མཚོན་ན། འདི་ལྟ་བུའི་སྐད་སྒྲ་ནི་དེ་ལས་ཀྱང་མི་སེམས་ལ་འཇིགས་དངངས་སློང་བ་ཞིག་ཏུ་གྱུར་བས། དཔེ་ཀློག་གི་སེམས་ཁམས་རྨང་ནས་གཏོར་སོང་། དེ་བས་ང་རང་ཡར་ལངས་ཏེ་མལ་ཁྲིའི་འོག་གི་ལམ་ཆས་སྒམ་ནས་ལམ་བར་དུ་འཐུང་མ་བྲ་བའི་ཨ་རག་ཤེལ་དམ་གང་བོ་ཡར་བླངས་པ་དང་། ཞོར་དུ་ཁུག་མའི་ནང་གི་གློ་གྲི་ཐུང་ཐུང་དེའང་སྔས་འོག་ཏུ་མནན་པ་ཡིན། ཕ་ཡུལ་གྱི་མི་རྒན་ཚོའི་ངག་རྒྱུན་ལྟར་ན་སྐྱེས་པ་ཕོ་ཞིག་ཕྱི་རོལ་དུ་འགྲོ་སྐབས་ཀྱི་གྲོགས་པོ་བཟང་ཤོས་ནི་ཨ་རག་དང་གྲི་ཡིན་པར་བཤད་དེ། དེས་ཁྱོད་ཀྱི་ཁེར་རྐྱང་གི་སྣང་བ་སེལ་བར་མ་ཟད་དཔའ་སྤོབས་ཀྱང་སྩོལ་བར་ངེས། འོན་ཀྱང་། ཡང་བསྐྱར་བསམ་བློ་བཏང་ན། གྲི་ནི་གཟུགས་ཡོད་ཀྱིས་བསྐྲུན་པའི་འཇིགས་སྐུལ་རྣམས་དང་དམར་འཛིང་བྱེད་པར་བཀོལ་ཆོག་པ་ཞིག་ཡིན་མོད། ངའི་འཇིགས་དངངས་ནི་གཟུགས་སུ་མ་གྲུབ་པ་ལས་བྱུང་བས་ན། འདི་ལྟའི་འཇིགས་སྐྲག་ལ་གྲིས་འགོག་སྲུང་དང་སེམས་གསོའི་ནུས་པ་ཐོན་ནམ། དེ་ནས་བཟུང་ང་རང་རྩ་བ་ནས་ལྷོད་ལ་འབབ་ཐབས་མ་བྱུང་། ངས་ལག་ནང་གི་དཔེ་ཆ་སྔས་འགྲམ་དུ་བཞག་ཅིང་ཤེལ་དམ་གྱི་ཁ་ཕྱེས་ནས་ཐད་ཀར་ཧུབ་ཆེན་པོས་ཁམ་གང་འཐུང་བ་ཡིན། དེ་ནས་ཆང་དམ་ཡང་སྔས་འགྲམ་དུ་བཞག་སྟེ་ལུས་པོ་གཞོགས་གཅིག་ཏུ་འཁོར་ནས་མལ་དུ་ཉལ། དགོང་མོ་དེར། ངའི་གཉོམ་དུང་ངེར་གནས་པའི་ནང་སེམས་སུ་འཇིགས་སྐྲག་གི་སྣང་བ་ཕྲན་ཙམ་བྱུང་ན་ངས་ཆང་ཧུབ་གང་རེ་འཐུང་བ་དང་། མཐར་རང་ཉིད་ཀྱིས་ཀྱང་ཧུབ་ག་ཙམ་བཏུང་ཟིན་པ་དྲན་མ་སོས་ལ། ཆང་བཅུད་ཀྱི་ནུས་པས་ཡིན་དགོས་ཏེ་ནམ་ཞིག་ནས་ང་རང་ཐམ་མེ་ཐོམ་མེའི་ངང་གཉིད་དུ་ཡུར་སོང་།
ཕལ་ཆེར་མཚན་གུང་ཡོལ་ཟིན་པ་འདྲ། གྲང་ལྷགས་ཆེ་བའི་དྲག་རླུང་གཡུག་ཐེངས་ཤིག་གིས་ང་རང་རྨི་ལམ་རབ་རིབ་ཁྲོད་ནས་དཀྲོགས་བྱུང་བར་མ་ཟད། དེ་དང་ཆབས་ཅིག་ཏུ་ཞི་ལ་ཞིག་གི་སྐད་འབོད་དང་མཚུངས་པའི་སྒྲ་ཞིག་ཀྱང་རྣ་ལམ་དུ་གྲགས་བྱུང་བས། ང་རང་ལམ་སང་མལ་ལས་ལངས་ཏེ་སྔས་འོག་གི་གློ་གྲི་ལ་ལག་པས་རེག་རེག་བྱས་པ་ན་སྔར་གནས་སུ་འདུག ངས་གློ་གྲི་ལག་ཏུ་བཟུང་སྟེ་ཁང་སྒོར་ཁ་གཏད་ནས“ཨ་རོག སུ་ཡིན”ཞེས་བོས་པ་ཡིན། གློ་རྡེག་ཏུ་སྒོ་ཁའི་རྐུབ་བཀྱགས་སྟེང་དུ་མི་ཞིག་བསྡད་ཡོད་པ་གསལ་ལ་མི་གསལ་བ་ཙམ་མཐོང་བས། ངས་མིག་ཟུང་ཕུར་ཕུར་བྱས་ནས་ཡང་བསྐྱར་བལྟས་པ་ན། དེ་ནི་གྲུབ་གཟུགས་ཙམ་ལས་མི་ཞིག་མིན་པ་འདྲ་སྟེ། ནག་རིལ་རིལ་གྱི་གྲིབ་གཟུགས་ཤིག་ལྷབ་ལྷུབ་ཏུ་འགུལ་སྐྱོད་བྱེད་བཞིན་པ་ཀུན་ནས་མཚུངས།
ངས་ག་ལེར་སྔས་ཞབས་ནས་མེ་ཆ་བླངས་ཏེ་པྲ་སྒྲོན་ལ་མེ་སྒྲོན་པའི་སྟ་གོན་བྱེད་སྐབས། མི་ཡིན་ལ་མིན་པ་དེས་གཞི་ནས་ཁ་གྲག་བྱུང་། “སྐུ་མཁྱེན། པྲ་སྒྲོན་མ་སྒྲོན་རོགས། ང་རང་ཆེས་སྐྲག་ཤོས་ནི་འོད་ཡིན། ངས་ཁྱོད་ལ་གནོད་པ་སྐྱེལ་མི་སྲིད་ལ་ང་ལ་དེའི་ནུས་པའང་མེད།” གཉོམ་ཆུང་བའི་སྐད་ངག་དེ་ལ་གསོན་ཤུགས་སྤུ་ཙམ་ཡང་མི་འདུག་སྟེ། དབུགས་ཆད་ལ་ཉེ་བའི་མི་ཞིག་གིས་ཆེས་མཐའ་མཇུག་གི་ཁ་ཆེམས་འཇོག་བཞིན་པ་དང་གཉིས་སུ་མ་མཆིས།
“ཁྱོད་དོན་ངོ་མར་སུ་ཡིན།” ངས་ཡང་བསྐྱར་སྙིང་སྟོབས་ཆེན་པོ་བསྐྱེད་དེ་སྐད་ཆ་དྲིས་མོད། འོན་ཀྱང་། ངས་རང་ཉིད་ཀྱི་སྐད་ངག་ཁྲོད་དུ་འདར་བའི་ཆ་ཞིག་འདུས་ཡོད་པ་གསལ་པོར་ཚོར་ཐུབ།
“ཁྱེད་ཀྱིས་མལ་ཁྲི་འདི་ང་དང་ལྷ་མོ་གཉིས་ཀྱི་ཡིན་པ་མཁྱེན་ནམ། ཁང་མིག་འདིའི་ནང་དུ་ངེད་གཉིས་ཀྱི་ལང་ཚོ་དང་ངེད་གཉིས་ཀྱི་བརྩེ་བ། ངེད་གཉིས་ཀྱི་ཡོད་ཚད་དེ་ཐ་ན་ངེད་གཉིས་ཀྱི་ཚེ་སྲོག་ཀྱང་ཐིམ་ཡོད། དེ་ནི་རླབས་ཆེ་བའི་བརྩེ་དུང་ཡིན་ལ། དེ་ནི་འོ་མ་ལྟར་ལྷད་མེད་དྭངས་གཙང་གི་བརྩེ་བ་ངོ་མ་ཡིན།” ཁོས་དེ་ལྟར་ལྡབ་ལྡིབ་ཀྱིས་བཤད་པའི་ཚེ་ཁ་ནང་ནས་དུས་ངེས་མེད་དུ་སོ་འཆའ་བའི་སྒྲའང་འབྱིན་ཡོང་།
ངས་སེམས་པ་རྣལ་དུ་ཕབ་ཅིང་མིག་ཟུང་ཆེར་བགྲད་ནས་ཞིབ་ཀྱིས་བལྟས་པ་ན། གནག་ཅིང་སྣུམ་ལ་ཟང་ཟིང་དུ་གྱུར་བའི་མགོ་སྐྱེས་སྐྲ་ལོ་ཡིས་ཁོང་གི་བཞིན་རས་ཡོངས་སུ་ཁེབས་འདུག་ཅིང་། སྐྲ་ལོའི་བར་གསེང་ནས་ཁོ་རང་ང་དང་ཁ་གཏད་དུ་བསྡད་འདུག་པ་མཐོང་ཐུབ། སྐད་ཅིག་ཉིད་ལ་ངའི་ཀླད་ཁྱིམ་སྟོང་པར་ཆགས་སོང་། ངས་རིག་པ་སོར་ཆུད་པར་བྱས་ཏེ་སླར་ཡང“ཁྱོད་དོན་ངོ་མར་སུ་ཡིན”ཞེས་དྲིས་པ་ན། ཁོང་གིས“ང་ནི་ལོ་བདུན་གྱི་སྔོན་ལ་གནས་འདིར་ཡོང་བའི་དགེ་རྒན་ཞིག་ཡིན། ལོ་བདུན་གྱི་སྔོན་ལ་ངས་གནས་འདི་ནས་ལྷ་མོ་ངོ་ཤེས་པ་ཡིན། ད་ལྟ་ང་ནི་དྲི་ཟའི་ལུས་རྟེན་ལ་གནས་པའི་སེམས་ཅན་ཞིག་ཡིན། ཁང་མིག་འདིའི་ནང་དུ་ང་དང་ལྷ་མོའི་བརྩེ་དུང་གི་དྲི་ངད་ཀྱིས་ཁྱབ་འདུག་པས་ན། ངས་ཁང་མིག་འདི་བློས་ཐོངས་བ་མི་འདུག་སྟེ། འདིའི་ནང་གི་དྲན་པ་མཐའ་དག་རྡོ་ལ་རི་མོ་བརྐོས་པ་བཞིན་ངའི་དྲན་ངོགས་ནས་བསུབ་ཐབས་བྲལ། ……”
ངས་དེ་འདྲའི་འཇིགས་དངངས་ཤིག་གང་ནས་བཟོད་ཐུབ། ཅི་ཡིན་འདི་ཡིན་མི་གསལ་བའི་གཤེར་གཟུགས་ཤིག་ངའི་བརླ་བར་ནས་དྲོད་ལམ་ལམ་གྱིས་མལ་སྟན་དུ་བཞུར་སོང་བས། དེ་ལས་མཆེད་པའི་དྲོད་རླབས་ཀྱིས་ངའི་དྲན་པ་གསལ་དྭངས་སེར་བསྒྱུར་བ་དང་། ལུས་སྟེང་གི་སྦོས་གཟེར་དེའང་རིམ་གྱིས་འཇགས་སོང་། ངས་ལག་ནང་གི་གློ་གྲི་དམ་པོར་འཇུས་ནས་ཡང་བསྐྱར་དེའི་ཕྱོགས་ལ་ཁ་གཏད་ནས་སྐད་གསེང་མཐོན་པོས“འོ་ན། ཁྱོད་ལ་དོན་དམ་པར་ཅི་དགོས”ཞེས་དྲིས་པ་ཡིན། ངས་ཁོའི་མགོ་བོ་སྔར་ལས་དང་ཁར་སྨད་བྱུང་བ་གསལ་པོར་མཐོང་སོང་སྟེ་ད་ནི་ཟང་ཟིང་དུ་གྱུར་བའི་སྐྲ་ལོ་ལས་ཅི་ཡང་མཐོང་མི་ཐུབ། ཁོས་གནས་ཚུལ་བརྗོད་པ་ལྟར་ན། ཁོའི་མིང་ལ་ཆོས་རྗེ་ཟེར་ཞིང་ལོ་བདུན་གྱི་སྔོན་ལ་ཁོ་རང་སློབ་འབྲིང་ལས་མཐར་ཕྱིན་རྗེས་འདིར་ཚབ་ཁྲིད་དགེ་རྒན་དུ་བགོས་པ་དང་། ལོ་དེར་ལྷ་མོའང་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་རྗེས་འདིར་དགེ་རྒན་དུ་ཡོང་། སྐབས་དེར་སློབ་གྲྭའི་ནང་དུ་སློབ་མ་དགུ་དང་དགེ་རྒན་གཉིས་ཡོད་ཅིང་། ཁོ་རང་ལྷ་མོ་ལས་གཟའ་འཁོར་གཅིག་གི་སྔོན་དུ་སླེབས་པ་ཡིན། ལྷ་མོ་སློབ་གྲྭ་དེའི་ནང་དུ་སླེབས་པ་ནས་བཟུང་། མོའི་དྭངས་གཙང་གི་མིག་ཟུང་དང་གྲོང་ཁྱེར་ནང་གི་བུད་མེད་ལྟ་བུའི་དཀར་ཞིང་གཙང་ལ་སྣུམ་འོད་འཁྱིག་པའི་ཞལ་རས། དངུལ་མདོག་གི་སྐྲ་སྡོམ་གྱིས་ལེགས་པར་བརྒྱན་པའི་གནག་སྣུམ་གྱི་སྐྲ་ལོ་སོགས་ཀྱིས་ཁོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་སོང་། བརྩེ་དུང་ཞེས་པ་ནི་མགོ་བོ་རྨོངས་པར་བྱེད་པ་ཞིག་སྟེ། དེས་སོ་སོའི་བློ་དང་རིག་པ་འཆོལ་ཞིང་རྙོག་པར་བྱེད་པས། བརྩེ་དུང་གི་ས་བོན་དེ་ཁོའི་སེམས་ཀྱི་ཞིང་སར་བཏབ་པ་ནས་བཟུང་། དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་གཟུགས་གཞིའི་གྲུབ་ཆ་སོ་སོ་ནས་སྐྱེས་སྟོབས་ཆེན་པོས་འཚར་ལོངས་བྱུང་། དུས་ཡུན་ཟླ་བ་ཁ་ཤས་ཀྱི་མཉམ་གཤིབ་དང་འགྲོགས་འདྲིས་བརྒྱུད་ནས་ཁོས་ལྷ་མོའི་ཕ་མ་ཟུང་ནི་རྫོང་ཐོག་གི་གོ་གནས་མཐོ་བའི་དཔོན་པོ་ཡིན་པ་དང་། ཁོ་མོ་འདིར་སློབ་ཁྲིད་ལ་ཡོང་དོན་ཡང་ཁྱིམ་མི་དང་ཁ་འཛིང་ཞིག་བྱུང་བའི་རྐྱེན་བྱས་ཏེ་སེམས་ཀྱི་ཞེ་འཁོན་གནོན་མ་ཐུབ་པར་ཁྱིམ་དང་བྲལ་བ་ཞིག་ཡིན་འདུག
གྲིབ་མ་ནག་རིལ་དེས་མུ་མཐུད་དུ་བརྗོད་བྱུང་།
“ཟླ་འོད་ཤིན་ཏུ་གསལ་བའི་དགོང་མོ་ཞིག་ལ། ངེད་གཉིས་སློབ་གྲྭའི་ར་སྐོར་ནང་དུ་བསྡད་དེ་སྐད་གདངས་མཐོན་པོས་གླུ་དབྱངས་བླངས་པ་དང་ཨ་རག་ཀྱང་མང་ཙམ་མཆོད་པ་ཡིན། ངས་གློ་བུར་དུ་མོ་ལ་འདི་ལྟར་དྲིས། ཁྱོད་ཀྱིས་ཟླ་བ་ཆེས་དགའ་ས་དེ་གང་ཡིན་ཤེས་སམ། གངས་རི་ཆེས་དགའ་ས་དེ་གང་ཡིན་ཤེས་སམ། བྲག་ཐེམ་ཆེས་དགའ་ས་དེ་གང་ཡིན་ཤེས་སམ། མོས་ལམ་སང་ལན་བཏབ་བྱུང་། ལོས་ཤེས། ཟླ་བ་ནི་མཚན་མོ་ལ་དགའ་ཞིང་གངས་རི་ནི་སེང་གེ་ལ་དགའ། བྲག་ཐེམ་དགའ་ས་ནི་ད་ཅི་གླུ་ཚིག་ནང་བླངས་པ་ལྟར་ཐང་དཀར་རྒོད་པོ་ཅི་ལ་མིན། མོས་དེ་ལྟར་བརྗོད་བཞིན་པའི་སྐབས་དེར་ང་ལ་ཐད་ཀར་ཁོ་མོར་ལྟ་བའི་སྤོབས་པ་རྩ་བ་ནས་མི་འདུག ཐ་ན་མིག་ཟུར་ཙམ་ཡང……”
ངས་ཁ་ཁུ་སིམ་མེར་གྲིབ་མ་ནག་རིལ་གྱིས་ཞིབ་བརྗོད་གནང་བར་ཉན་ཅིང་། མིག་མདུན་དུ་ཁོང་གཉིས་ཀྱི་གཏམ་རྒྱུད་བརྙན་རིས་བཞིན་འཁོར།
ཁོས་མགོ་བོ་དང་ཁར་སྨད་དེ་ཡང་བསྐྱར“འོ་ན། ཁྱོད་ཀྱིས་ང་རང་ཆེས་དགའ་ས་དེ་གང་ཡིན་ཤེས་སམ”ཞེས་དྲིས་པ་ན། མོས་མགོ་བོ་འཕྲེད་དུ་གཡུག་ཞོར“ང་ཁྱོད་ཀྱི་སེམས་ནི་མིན་པས་ངས་ཇི་ལྟར་ཤེས་སྲིད”ཅེས་ལན་བཏབ། ཅོག་ཙེ་སྟེང་དུ་ལྷག་པའི་ཆེས་མཐའ་མཇུག་གི་ཆང་ཕོར་དེ་ཧུབ་ཀྱིས་འཐུང་རྗེས། ཁོས་འདི་ལྟར་བརྗོད་བྱུང་། “ཁྱོད་རང་ངའི་སེམས་པ་མིན་པ་བདེན་དུ་ཆུགས། རེད་དེ་ཁྱོད་ཀྱིས་ཤེས་སམ། ཁྱོད་རང་ངའི་ནང་སེམས་ཀྱི་འཇིག་རྟེན་དུ་འཛུལ་ནས་ཡུན་རིང་འགོར། དེ་བས་ན་ང་རང་ཆེས་དགའ་ས་ནི་ཁྱེད་རང་སྟེ་ཁྱེད་ཁོ་ན་ཡིན་ནོ།།”
འདི་དག་བརྗོད་སྐབས་ཁོང་ནི་ངའི་གྲོགས་པོ་རྙིང་པ་ཞིག་དང་འདྲ་བར་ང་ལ་ཁོ་རང་གི་འཆར་ཡན་ལྡན་པའི་བརྩེ་དུང་གི་གཏམ་རྒྱུད་བཤད་བཞིན་པ་དང་ཀུན་ནས་མཚུངས།
ལྷགས་རླུང་ནི་སྔར་བཞིན་སྒེའུ་ཁུང་གི་བར་གསེང་ནས་ནང་དུ་ལྡང་ཡོང་བ་དང་། ཁོང་གིས་མུ་མཐུད་དུ་འདས་དོན་ལྷུག་བརྗོད་གནང་།
ཉིན་འགའ་འགོར་རྗེས། ལྷ་མོས་དངོས་སུ་ཁོ་དང་མཉམ་དུ་འདུག་པར་ཡིད་འཐད་བྱས་པས། ཉིན་དེ་དག་ལ་ཁོས་མཁའ་དབུགས་ཀྱི་ཁྲོད་ནས་བདེ་སྐྱིད་ཀྱི་ཚོར་བ་མྱོང་ཐུབ་ཅིང་། ཉི་འོད་ནི་དེ་ལས་ཀྱང་ལུས་སེམས་གཉིས་ལ་དགའ་སྤྲོའི་སྣང་བ་སྟེར་བའི་ཆེས་དྲོད་འཇམ་ལྡན་པ་དེ་ཡིན་པར་སྙམ། དབལ་ཚ་བའི་མེ་དང་བུད་ཤིང་སྐམ་པོ་གཉིས་འཕྲད་ན་ཤུགས་ཀྱིས་འབར་སྲིད་པ་ཇི་བཞིན་ཁོ་དང་ལྷ་མོ་གཉིས་ཀྱང་ཁང་པ་གཉིས་ནས་ཁང་པ་གཅིག་ཏུ་སྤོས་ཏེ་མཉམ་དུ་འཚོ་བ་རོལ་མགོ་བརྩམས། བརྩེ་དུང་གི་དགའ་བདེར་ལོངས་སུ་སྤྱོད་པ་དང་དུས་གཅིག་ཏུ་ཁོས་ལྷ་མོའི་མངལ་དུ་ཚེ་སྲོག་གསར་པ་ཞིག་ས་བོན་བཏབ། དང་ཐོག་ཁོང་གཉིས་ཀས་ཅི་ཡང་མ་ཤེས་མོད། འོན་ཀྱང་ཉིན་ཞིག་ལ་ལྷ་མོར་སྐྱུགས་མེར་ལངས་པ་དང་ནམ་རྒྱུན་ཅི་ཞིག་ཟ་འདོད་སྐྱེས་ཀྱང་ཟས་མ་ཐག་ཕྱིར་སྐྱུགས་ཡོང་བས། ཁོས་ད་གཟོད་ལྷ་མོའི་དཀར་ཞིང་གཙང་བའི་མཛེས་སྡུག་གི་ངོ་གདོང་དུ་ནག་ཐིག་མང་པོ་བབས་ཡོད་པ་ཉམས་སུ་ཆུད། གུང་གསེང་གཏོང་ལ་ཉེ་བའི་སྐབས་དེར། ཁོང་གཉིས་ཀྱིས་བྲེལ་རྟབ་ཚབ་ཚུབ་ཀྱིས་སློབ་མ་ཚོ་བསྡུས་ནས་རྒྱུགས་སྤྲད་པ་དང་། དེ་ནས་རྫོང་མཁར་གྱི་སྨན་ཁང་དུ་ཕྱིན་ནས་ལུས་ཁམས་བརྟག་བཤེར་བྱས། སྨན་པས་བརྟག་དཔྱད་གནང་ཚར་རྗེས“དགའ་འོས་པ་རེད། ཟླ་བ་གཉིས་ལོངས་འདུག”ཅེས་གཏམ་བཟང་བཤད་པ་དང་། མོ་ལ་ལུས་པོར་བདག་སྐྱོང་ཡག་པོ་བྱེད་དགོས་པར་གདམས། དང་ཐོག་གཉིས་ཀའི་ངོ་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་ཤིག་འཁྱིལ་འདུག་མོད། འོན་ཀྱང་དེ་རྗེས་ཐག་གཅོད་དཀའ་བའི་གནད་དོན་ཞིག་ལ་འཕྲད་པ་ལྟ་བུའི་རྣམ་པ་ཞིག་ངང་ངམ་ཤུགས་ཀྱིས་མངོན་ཡོང་། རྒྱུ་མཚན་ཡང་ཁོང་གཉིས་ཀས་གཅེས་ཕྲུག་དེའི་ཕེབས་འབྱོར་ལ་གྲ་སྒྲིག་ཅི་ཡང་གནང་མ་ཚར་བ་དང་། གནད་འགག་གི་ཆེས་གཙོ་བོར་གྱུར་པ་ནི་ཁོའི་ཁྱིམ་མི་རྣམས་ཀྱིས་ཡིད་འཐད་གནང་མི་སྲིད་པ་དེ་བསམ་གཞིག་གི་རི་མོར་འཁོར་བ་ཅི་ལ་མིན། རྫོང་མཁར་དེའི་ཁང་མིག་དོག་མོ་ཞིག་ཏུ་ཁོང་གཉིས་ཀས་དགོང་མོ་གཅིག་ལ་བསམ་བློའི་འཐབ་རྩོད་བགྱིས་ཤིང་། གཉིས་ཀའི་སེམས་སུ་ཕན་ཚུན་ལ་གནོད་འཚེ་ཕོག་མི་ཡོང་ངམ་སྙམ་པའི་སྐྲག་སྣང་བྱུང་། ནམ་ཡོངས་སུ་གསལ་བ་ན་ཁོང་གཉིས་ཀས་གཞི་ནས་ཐག་གཅོད་བགྱིས་པ་སྟེ། ལྷ་མོ་ཁྱིམ་དུ་ཕྱིན་ནས་རང་གི་ཨ་མར་གསང་ཐབས་མེད་པའི་དོན་དངོས་དེ་གསལ་པོར་བརྗོད་པ་དང་། ཁོས་ཁང་མིག་དེའི་ནང་ནས་ཁོ་མོའི་གནས་ཚུལ་ལ་སྒུག་བཞིན་བསྡད། ཉིན་གུང་ཙམ་ལ་ལྷ་མོའི་ངོ་མདོག་སྐྱ་བོར་གྱུར་ཅིང་དབུགས་ཀྱང་ལེན་དཀའ་བའི་ཚད་དུ་ལྷུང་སྟེ་ཁང་མིག་དོག་མོ་དེར་ཐོན་པ་དང་། ངེད་གཉིས་མགྱོགས་མྱུར་འདི་ནས་འགྲོ་རྒྱུ་བྱེད། ངའི་ཕ་མས་ངེད་གཉིས་མཉམ་དུ་སྡོད་པར་རྩ་བ་ནས་འཐད་མོས་གནང་མ་སོང་། དེ་ལ་རྒྱུ་མཚན་མང་དག་ཅིག་བགྲང་རྒྱུ་འདུག་ཀྱང་ངས་ཁྱོད་ལ་གསལ་པོར་བརྗོད་ཐབས་མི་འདུག ཕ་མ་གཉིས་ཀྱིས་སང་ཉིན་ང་རང་སྨན་ཁང་དུ་ཁྲིད་ནས་མངལ་འབྱིན་རྒྱུའི་སྟ་གོན་གནང་གི་འདུག་པས། ང་རང་ལྐོག་ཏུ་བྲོས་ཡོང་བ་ཡིན་ཞེས་དབུགས་ཐེངས་གཅིག་གིས་བཤད་སོང་།
“སྤྱིར་ན་ངས་དེ་ལྟ་བུའི་འདོད་པ་སྟེང་དུ་མི་འཁེལ་བའི་མཇུག་འབྲས་ངན་པ་ཞིག་འབྱུང་རྒྱུ་ཡིན་པ་སྔོན་ནས་དཔག་ཐུབ་ཡོད་ནའང་། གནས་སྐབས་སུ་གང་དུ་འགྲོ་དགོས་པ་མ་ཤེས་ལ། དེ་ལས་ཀྱང་ལྷ་མོ་དང་མོའི་མངལ་དུ་སྦྲུམ་པའི་ཚེ་སྲོག་གསར་པ་དེ་གཉིས་བློས་ག་ལ་ཐོངས། ལྷ་མོས་བསམ་བློ་ཙམ་ཡང་མི་གཏོང་བར་ཕྱིར་སློབ་གྲྭའི་ནང་དུ་འགྲོ། འུ་གཉིས་མི་ཚེ་གཅིག་ལ་རྫོང་ཐོག་ཏུ་མི་ལོག་ཅེས་སེམས་ཐག་བཅད། ངེད་གཉིས་ཀྱིས་ལ་དང་ལུང་པ་བརྒལ་ཆུ་དང་གཙང་བོ་བཅད་ནས་ཉིན་གཉིས་ཙམ་ལ་ཕྱིན་པ་ན་གཞི་ནས་སློབ་གྲྭའི་ནང་དུ་འབྱོར། དེའི་རྗེས་སུ་མོའི་ཕ་མ་གཉིས་ཀའང་སླེབས་སོང་། ཕ་མ་གཉིས་ཀས་ངུ་འབོད་བྱེད་བཞིན་ཡང་ཡང་བསྐུལ་བས་ན་ལྷ་མོའང་ཐབས་ཟད་དེ་ཕ་མ་དང་མཉམ་དུ་ཕྱིར་ལོག་རྒྱུ་ཁས་བླངས། འོན་ཀྱང་། རེ་བ་ཉག་གཅིག་ཡོད་པ་ནི་དགོང་མོ་དེར་ངེས་པར་དུ་ང་དང་ཆེས་མཐའ་མཇུག་གྱེས་ཕྱག་འབུལ་དགོས་པའི་ཞུ་བ་ཕུལ།
ངེད་གཉིས་ཁང་པ་འདིའི་ནང་དུ་འཛུལ། ཐོག་མོར་མོས་ང་ལ་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་སྒོ་དང་སྒེའུ་ཁུང་གཉིས་དམ་པོར་གཏན་རྗེས་ངའི་རྒྱབ་ཕྱོགས་སུ་ཉལ་བྱུང་། ངས་ཀྱང་མོ་ལ་སྐད་ཆ་ཚིག་གཅིག་བརྗོད་མ་ཕོད། ནམ་ཕྱེད་རྒྱལ་བའི་དཀྱིལ་འཁོར་ཙམ་ལ་ལྷ་མོ་ཡར་ལངས་ཏེ་ཕྱི་ལ་ཐེངས་གཅིག་བུད་ཅིང་། དེ་ནས་ཡུན་རིང་མ་འགོར་བར་ཁང་པའི་ནང་དུ་རྡོ་སོལ་གྱི་དྲི་མས་ཁྱབ། མོ་རང་གཞོགས་ཉལ་གྱིས་ངའི་ལུས་པོར་དམ་དུ་འཁྱུད་ཅིང་ངའི་རྣ་ལམ་དུ“གལ་ཏེ་འུ་གཉིས་ཀྱིས་ཕན་ཚུན་ལ་བཅངས་བའི་བརྩེ་བ་དེ་དག་མ་ཡིན་ན་འཇོག་རྟེན་གཞན་ཞིག་ཏུ་འགྲོ། འདིར་བརྩེ་བ་ངོ་མ་ཡོད་པའི་མི་རྣམས་འཚོ་གནས་བྱེད་སའི་གནས་འོས་འཚམ་ཞིག་མི་འདུག གལ་སྲིད་ཁྱེད་ལ་འཇིག་རྟེན་འདིའི་སྟེང་དུ་ད་རུང་བློས་མི་ཐོངས་བའམ་སེམས་ཆགས་ས་རེ་ཡོད་ན་ད་ལྟ་ཉིད་དུ་སྒོར་འབུད་ཆོག འོན་ཀྱང་ངའི་ཕ་མ་གཉིས་ལ་རྩ་བ་ནས་མི་བཤད་རོགས”ཞེས་ཟེར། མོའི་སྐད་ཆར་ཉན་རྗེས་ངས་ལག་ཟུང་བརྐྱངས་ནས་མོ་རང་དམ་པོར་འཁྱུད་པ་དང་མོའི་དཔྲལ་བའི་སྟེང་ལ་འོ་ཞིག་སྦྱར། དེ་ནས་ཁ་ཁུ་སིམ་མེར་མོ་རང་པང་དུ་དམ་པོར་འཁྱུད་ནས་མལ་དུ་ཉལ་བ་ཡིན། དེ་ལྟར་ང་ཚོས་ཆེས་རླབས་ཆེ་བའི་བརྩེ་བ་ཡིས་ཚེ་སྲོག་གསུམ་གྱི་མཇུག་བསྡུས་པ་ཡིན། དེའི་རྗེས་ཀྱི་ལོ་ངོ་བདུན་གྱི་རིང་ལ་ངས་ནམ་རྒྱུན་གསར་དུ་སླེབས་པའི་བདག་པོ་ཚོར་རླབས་ཆེ་བའི་བརྩེ་དུང་གི་གཏམ་རྒྱུད་འདི་བརྗོད་བཞིན་ཡོད།”
ཞོགས་པའི་ཉི་འོད་ས་ཆེན་ཨ་མའི་པང་ལ་འཕྲོ་བར་རྩོམ་དུས། ཁོས་ཏག་ཏག་ཡིད་འོང་གི་བརྩེ་དུང་གཏམ་རྒྱུད་འདི་བཤད་ཟིན་པ་དང་ཁོ་རང་སྒོ་ཁའི་རྐུབ་བཀྱགས་ལས་ཡལ་མེད་དུ་གྱུར་སོང་། ངས་གློ་གྲི་ཐུང་ཐུང་དེ་ནམ་ཞིག་ལ་ཕྱིར་སྔས་འོག་ཏུ་བཞག་པའང་དྲན་སོས་མ་ཐུབ། ……
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3312
དཔྱད་མཆན་སྤེལ།