[གནད་བསྡུས།]

 

རྩོམ་ཡིག་འདིར་བོན་གྱི་ལོ་རྒྱུས་མི་སྣ་སྤྲུལ་སྐུ་བློ་ལྡན་སྙིང་པོ་ལགས་དང་ཁོང་གི་མགུར་འབུམ་ངོ་སྤྲོད་དང་འབྲེལ།  ཁོང་གི་མགུར་འབུམ་ནང་གསལ་བའི་མི་སྣ་ཁྱུང་པོ་ནང་པ་ཞེས་པ་སུ་ཞིག་ཡིན་མིན་དང་།  ནང་ཆེན་དང་ནང་པ།  ནང་སོ་སོགས་ཀྱི་ཐ་སྙད་ཀྱི་གོ་དོན་དང་བྱུང་དུས་སོགས་གླེང་བ་བརྒྱུད།  དུས་རབས་བཅུ་གསུམ་པའི་ནང་གི་ཧོར་གྱི་ཆབ་སྲིད་ཀྱི་ཤུགས་རྐྱེན།  ཁྱུང་པོ་དང་འབྲི་གུང་པ།  ས་སྐྱ་པ་བཅས་ཀྱི་འབྲེལ་བ།  ཁྱུང་པོའི་གདུང་རབས་ཀྱི་འཕོ་འགྱུར།  དུས་སྐབས་དེའི་མདོ་གམ་ཕྱོགས་ཀྱི་བོན་སྡེ་ཁག་གི་གནས་བབ་སོགས་ལ་དཔྱད་བརྗོད་བྱས་ཡོད།

 

[གནད་ཚིག]   སྤྲུལ་སྐུ་བློ་ལྡན་སྙིང་པོ།   ཁྱུང་པོ་ནང་པ།    ཧོར་དོར་རྟ་ནག་པོ།   ནང་ཆེན་གྲགས་པ།

དང་པོ།   སྤྲུལ་སྐུ་བློ་ལྡན་སྙིང་པོའི་ངོ་སྤྲོད་མདོར་བསྡུས།

ཐོག་མར་ང་ཚོས་བརྗོད་དོན་དངོས་གཞི་མ་གླེང་སྔོན་དུ་སྤྲུལ་སྐུ་བློ་ལྡན་སྙིང་པོ(1360-1406)དང་ཁོང་གི་མགུར་འབུམ་སྐོར་ནས་རྒྱུས་ལོན་མདོར་བསྡུས་ཤིག་བྱ་རྒྱུ་གལ་ཆེ་བ་རེད།  སྤྲུལ་སྐུ་བློ་ལྡན་སྙིང་པོ་ཁོང་ནི་ཡབ་དབྲ་རིགས་ཚུལ་ཁྲིམས་སེང་གེ་དང་ཡུམ་ལྡོང་བཟའ་རིན་ཆེན་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ལྕགས་བྱི(༡༣༦༠)ལོར་ཁྱུང་པོ་རྩེ་དྲུག་གནས་ཀྱི་ཤར་ཕྱོགས་ཚ་བ་སྒང་སྟོད་གཤེ་མ་གཤེན་ཚ་ཉི་མ་རང་ཤར་དུ་སྐུ་མཆོག་མངོན་པར་བཞད།  ཆུང་དུས་མ་ཡུམ་དང་ལྷན་དུ་ཁྱུང་ཡུལ་རྩེ་དྲུག་གནས་ཀྱི་སྐུ་རྒྱབ་གདོང་ཡུལ་གྲོང་དུ་ར་རྫི་བྱས་ཏེ་འཚོ་བ་བསྐྱལ།  དགུང་ལོ་དྲུག་ཡས་མས་ཐོག་ནས་ཡི་གེ་སྦྱོར་ཀློག་བསླབས་ཤིང་།  ར་རྫི་འགྲོ་ཞོར་དང་ཡི་གེ་ཀློག་ཞོར་བྱས་ཏེ་ལོ་བརྒྱད་ཐོག་ཀློག་འདོན་ལ་ཕུལ་ཏུ་ཕྱིན་པར་གྱུར།  བླ་མ་རིན་ཆེན་གཡུང་དྲུང་རྒྱལ་མཚན་ཞེས་པའི་མདུན་ནས་གཙང་གཙུག་གི་སྡོམ་ཁྲིམས་བཞེས་སྐབས་མཚན་ལ་ནམ་མཁའ་རིན་ཆེན་གསོལ།  ལྟོ་རྒྱབ་སོགས་འཚོ་གནས་ཀྱི་ཆེད་དུ་ཡི་གེ་འབྲི་འདོན་གཉིས་ལ་ཤུགས་ཆེར་འབད་བཞིན་དགུང་གྲངས་ཉེར་གསུམ་བར་འདས།   དགུང་ལོ་ཉེར་བཞིའི་ཐོག་སྟག་ཤོད་ལྷ་ཁང་ཐང་དུ་འགྲུ་ཞིག་ཡོན་ཏན་དང་མཇལ་ཏེ་གསང་སྔགས་དབང་བཞི་ཞུས་སྐབས་བླ་མ་དེའི་ཞལ་ནས་ཤེལ་བྲག་འོད་ཀྱི་སྒྲུབ་ཕུག་ཏུ་གསང་སྔགས་བརྙེན་སྒྲུབ་དགོས་ཚུལ་དང་།  སྙན་རྒྱུད་ཀྱི་བོན་སྡེ་དབབ་རྒྱུ་ཡོད་ཚུལ་སོགས་ལུང་བསྟན་ཐོབ།   གཞན་ཡང་སློབ་དཔོན་ཀྱུ་ར་འོད་ཟེར་དང་ཁྱུང་པོ་ནང་པ་སོགས་ཀྱི་མདུན་ནས་ཁྲིད་གདམ་དང་དབང་ལུང་མང་དུ་ཞུས།  དགུང་ལོ་ཉེར་ལྔའི་ཐོག་ནས་བཟུང་གྱིམ་ཤོད་ཤེལ་བྲག་གནས་སུ་ཞི་ཁྲོའི་བསྙེན་སྒྲུབ་ལ་བརྩོན་པ་དང་།  ཞོར་དུ་ཕྱི་ནང་གསང་བ་ཡང་གསང་གི་བོན་སྡེ་པོ་ཏི་ལྔ་བཅུ་ཁ་ལྷག་ཅིག་ལོ་བཞི་ཡི་དུས་ཡུན་ནང་སྙན་རྒྱུད་གྲུབ་པར་བྱས།  དགུང་ལོ་ཉེར་དགུ་བཞེས་པའི་འབྲུག་གི་ལོར་བཀའ་རྒྱ་གྲོལ་ཏེ་བོན་སྡེ་རྣམས་དངོས་སུ་ཤོག་ཐོག་ཏུ་འབྲི་འགོ་བརྩམས།   ད་དུང་གཞན་ལ་སྤེལ་བའི་དུས་ལ་མ་བབ་པས་ལོ་ཤས་རིང་གསང་རྒྱ་ལྟ་བུར་མཛད་དེ་གནས་མཆོག་ཀོང་པོ་བོན་རི་སོགས་སུ་བྱོན་ཏེ་སྒྲུབ་པ་ཉམས་ལེན་མཛད།  དེ་ནས་ཚ་བ་སྒང་སྟོད་ཟངས་བྲག་རིན་ཆེན་འབར་བ་སོགས་སུ་བོན་སྡེ་རྣམས་འཁོར་སློབ་ལ་སྤེལ་བས་མཚན་སྙན་ཕྱོགས་སུ་རྒྱས་པའི་འགོ་ཚུགས།   ཁྱུང་པོ་སྟེང་ཆེན་ཁར་བཀྲ་ཤིས་དཔལ་འབར་ཞེས་པའི་ལྷ་ཁང་བཞེངས།  འགྲོ་དོན་གཙོ་བོ་མཛད་ཡུལ་ཁྱུང་ཡུལ་སྟོད་སྨད་ཀྱི་ཡུལ་སྡེ་ཁག་དང་ཚ་བ་སྒང་རོང་གཉིས།  ཤིང་རོང་སོགས་གྱིམ་ཤོད་གནས་ཀྱི་ཕྱོགས་མཚམས་ཁག་ཡིན།  དགུང་ལོ་ཞེ་བདུན་བཞེས་པ་སྤྱི་ལོ༡༤༠༦ལོར་ཚ་བ་སྒང་སྟོད་དེང་གི་ལྷོ་རོང་ཕྱོགས་སུ་གློ་བུར་དུ་སྐུ་གཤེགས་པའོ།།

གཉིས་པ།  ཁོང་གི་རྣམ་ཐར་དང་མགུར་འབུམ་སྐོར་གླེང་བ།

ཁོང་ནི་བོན་གྱི་སྟོན་པ་གཤེན་རབ་མི་བོ་མཆོག་གི་མཛད་རྣམ་རྒྱས་འབྲིང་བསྡུས་གསུམ་ཡོད་པ་ལས།  རྒྱས་པ་མདོ་དྲི་མེད་གཟི་བརྗིད་ཅེས་པོད་ཏི་བཅུ་གཉིས་ལས་གྲུབ་པ་དེ་སྙན་རྒྱུད་འབེབ་མཁན་ཡིན་པས།  བོན་གྱི་ལོ་རྒྱུས་ཐོག་སྐད་གྲགས་ཧ་ཅང་ཆེ།  ལྷག་ཏུ་དེང་གི་ཆར་བོན་གྱི་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་མང་པོས་དོ་སྣང་ཤུགས་ཆེར་བྱ་ཡུལ་གྱི་མི་སྣ་ཞིག་ཡིན།  འོན་ཀྱང་།  ད་ལྟ་ཁོང་གི་ལོ་རྒྱུས་རྒྱས་པ་ཞིག་གམ་འཐུས་ཚང་བ་ཞིག་བཞུགས་མེད་པས་ང་ཚོས་ཁོང་གི་སྐོར་ལ་ཞིབ་འཇུག་བྱེད་པར་དཀའ་ཁག་འཕྲད་ཡོད།  ད་ལྟ་ཁོང་གི་ལོ་རྒྱུས་མདོར་བསྡུས་ཁ་ཤས་བཞུགས་རུང་དེ་དག་ཕལ་ཆེ་བ་ཕྱིས་སུ་ངག་སྒྲོས་ཕྱོགས་བསྡུས་བྱས་ནས་གྲུབ་པ་ཡིན། ངག་སྒྲོས་དེ་དག་ཏུ་ངོ་མཚར་བའི་གནས་ཚུལ་མང་པོ་ཞིག་ཡོད།  དཔེར་ན།  ཁོང་དང་སྟག་ཤོད་བུ་མོ་པདྨ་མཚོའི་བར་གྱི་བརྩེ་དུང་གཏམ་རྒྱུད།  པདྨ་མཚོའི་ཆབ་གསེར་གྱིས་ཡི་གེ་བྲིས་པ[1]། ཁོང་གིས་དཀར་རུ་དཔོན་ཚང་དུ་ཁམས་ཆེན་འབྲི་སྐབས་གཞན་གྱིས་མཐོང་ཆུང་བྱས་པ་ལྟ་བུ་རེད།  ལྷག་ཏུ་དེང་གི་ལོ་རྒྱུས་ཞིབ་འཇུག་པ་ཚོས་ཁོང་གིས་ཇི་ལྟར་མདོ་དྲི་མེད་གཟི་བརྗིད་སྙན་རྒྱུད་བྱས་པ་དེ་ཤེས་འདོད་ཧ་ཅང་ཆེ་བ་རེད། སྤྱིར་ན། སྔར་བོད་ཀྱི་བླ་མ་རྣམ་པས་ཕྱི་ནང་གསང་གསུམ་གྱི་རང་རྣམ་རྩོམ་སྲོལ་ཡོད་ཅིང་།  དེ་དག་ལས་ཕྱི་ཡི་རྣམ་ཐར་དུ་འགྲོ་བ་ཐུན་མོང་གི་སྣང་ཚུལ་དང་མཐུན་པའི་མཛད་སྤྱོད་དག་འབྲི་དགོས་པས་ཞིབ་འཇུག་གི་རིན་ཐང་ཆེ་བ་རེད། འོན་ཀྱང་།  བློ་ལྡན་ཁོང་གིས《ཨོ་རྒྱན་ཡུལ་གྱི་མཇལ་སྣང》ལས།“དུས་མཐའི་རྣམ་འབྱོར་ཁོ་བོ་ཡང་།།  སྔོན་སྦྱངས་ལས་ཀྱི་འཕྲོ་མཐུད་དང་།།  རྩ་བའི་བླ་མའི་ཐུགས་རྗེ་ཡི།།  རིག་འཛིན་མཁའ་འགྲོའི་ཚོགས་གྲལ་དུ།།  ཡང་ནས་ཡང་དུ་ཕྱིན་ནས་སུ།།  དབང་དང་བྱིན་རླབས་ཐོབ་ཚུལ་ནི།།  རྣམ་ཐར་ཟུར་ཙམ་ཡོད་གྱུར་ཀྱང་།།  རང་ཆེ་ཕྱར་གཡེང་ཡོང་བསམ་ནས།།  ཡི་གེར་མ་བཏབ་གསང་སྦས་བྱས།།”ཞེས་རང་རྣམ་རྒྱས་པ་ཞིག་མི་རྩོམ་པའི་རྒྱུ་མཚན་གསུངས་ཡོད།  དེས་ན།  ང་ཚོས་ཁོང་གི་ལོ་རྒྱུས་ལ་ཞིབ་འཇུག་དགོས་ན་དཔྱད་གཞི་གལ་ཆེ་ཤོས་དེ་ཁོང་གི་མགུར་འབུམ[2]འདི་ཆགས་ཡོད། མགུར་འབུམ་འདི་པོད་སྟོད་སྨད་གཉིས་དང་ལེའུ་ལྔ་བཅུ་ཡས་མས་ལས་གྲུབ་པ་ཞིག་ཡིན་ལ།  དེང་གི་དཔར་མའི་ཁྲོད་དུ་དེབ་གཅིག་གི་རྣམ་པར་བཟོས་ཡོད།  མགུར་འབུམ་མམ་རྣམ་ཐར་འདི་ནི་གསང་བའི་རྣམ་ཐར་དུ་གཏོགས་པ་ཞིག་ཡིན་པས། ཁོང་གི་ཉམས་སྣང་དང་མཇལ་སྣང་སྐོར་གཙོ་བོར་བཀོད་པ་ལས།  ཐུན་མོང་གི་སྣང་ངོར་གྲུབ་པའི་མཛད་པ་དག་ཟུར་བསྟན་ཙམ་མམ་ཤུགས་བསྟན་ཙམ་ལས་མངོན་ཐུབ་མེད་པ་རེད། དེར་བརྟེན།  ང་ཚོས་མགུར་འབུམ་འདིར་འཁོད་པའི་ཁོང་གི་ལོ་རྒྱུས་ཀྱི་ཟུར་ངོས་རེ་རེ་ནས་དཔྱད་ཞིབ་བྱས་ན།  ད་གཟོད་ཁོང་གི་ལོ་རྒྱུས་དེ་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་སྙམ། མགུར་འབུམ་འདིར་མ་དཔེ་མི་འདྲ་བ་གཉིས་ཡོད་པར་བཤད[3]ཅིང་། གཅིག་ནི་ཀོང་པོ་རྒྱལ་རི་དགོན་དུ་བཞུགས་པ་དང་གཞན་དེ་ནི་ཁྱུང་པོ་རི་བོ་རྩེ་དྲུག་དགོན་དུ་བཞུགས་ཡོད།  སྤྱི་ལོ༢༠༢༡ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བའི《བོན་གྱི་ལོ་རྒྱུས་རིག་གནས་དཔེ་ཚོགས》གྲལ་གྱི་བློ་ལྡན་སྙིང་པོའི་རྣམ་ཐར་གྱི་མ་དཔེ་ནི་སོག་སྡེ་དཔར་མའི་བཀའ་བརྟེན་ཁྲོད་དུ་བཞུགས་པའི་བློ་ལྡན་མགུར་འབུམ་ལ་བྱས་པ་འདྲ་ལ།  དེའི་མ་དཔེ་ནི་ཀོང་པོ་རྒྱལ་རི་དགོན་དུ་བཞུགས་པ་དེ་ཡིན།  དེ་དང་རྩེ་དྲུག་དགོན་དུ་བཞུགས་པ་གཉིས་ལ་ལེའུ་ཁ་ཤས་ཀྱི་མང་ཉུང་ཁྱད་པར་ཡོད།

གསུམ་པ།  མགུར་འབུམ་ནང་ཁྱུང་པོ་བླ་མའི་སྐོར་གང་འདྲ་འཁོད་ཡོད་པ།

ཁོང་གི་མགུར་འབུམ་ནང་ནས་བླ་མ་མི་འདྲ་བ་གསུམ་གྱི་མཚན་བྱང་མངོན་པའམ་གླེང་སློང་བྱས་ཡོད་དེ།  བླ་མ་དེ་གསུམ་ནི་འགྲུ་ཞིག་ཡོན་ཏན་དང་ཀྱུ་ར་འོད་ཟེར།  ཁྱུང་པོ་ནང་པ་བཅས་ཡིན།  གོང་མ་གཉིས་ནི་ཁོང་ལ་ཁྲིད་གདམ་དང་དབང་ལུང་གནང་མཁན་ཡིན་ལ།  འོག་མ་འདི་ཉིད་ནི་ཁོང་ལ་ཁྲིད་གདམ་གནང་མཁན་གྱི་བླ་མ་ཙམ་གྱིས་མ་ཚད་པར།  ཁོང་གི་མཛད་པ་འཕྲིན་ལས་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་མཁན་ཞིག་ཡིན་པ་འདྲ།  ཁོང་གི་མགུར་འབུམ་ནང་དུ་བླ་མ་འདིའི་སྐོར་ལན་མང་དུ་བྱུང་ཡོད་དེ། ༡《ནམ་མཁའ་མཛོད་ཀྱི་མཇལ་སྣང》ལས།“ཨེ་མ་ཧོ། དུས་གསུམ་རྒྱལ་བའི་བསྟན་པ་རྗེས་འཛིན་ཞིང་།།  ཆེ་བའི་ཡོན་ཏན་རབ་རྫོགས་སྤྲུལ་པའི་སྐུ།།  མཛད་པའི་འཕྲིན་ལས་སྣ་ཚོགས་བཀོད་པའི་རྒྱན།།  གདུལ་བྱ་ཐར་པར་འདྲེན་མཛད་རིན་པོ་ཆེ།།  འགྲོ་མགོན་བླ་མ་ཁྱུང་པོའི་ཞབས་ལ་འདུད།།  དུས་མཐའི་སྤྲང་པོ་མི་ངན་ཁོ་བོ་བདག།  སྔོན་སྦྱངས་ལས་ཀྱིས་གཙང་མ་མི་ལུས་ཐོབ།།  སྨོན་ལམ་དབང་གིས་བོད་ཡུལ་དབུས་སུ་སྐྱེས།།  དད་པའི་སྟོབས་ཀྱིས་བླ་མ་ཁྱུང་རྗེ་མཇལ།།  ལས་ཀྱི་འཕྲོ་མཐུད་གཡུང་དྲུང་བོན་ལ་སྤྱོད།།”[4]ཅེས་གསལ་ཡོད།  གོང་གི་ལུང་ཚིག་ལས་བླ་མ་འདི་ནི་ཁོང་ལ་མཚོན་ན་ཤིན་ཏུ་རྩ་ཆེན་ཡིན་པ་ཤེས་ཐུབ་པ་མ་ཟད།  ཁོང་གིས་སེམས་གཏིང་ནས་དད་གུས་ཞུ་ས་ཞིག་ཡིན་པ་རྟོགས་ཐུབ། ༢《ཀླུ་རྒྱལ་མ་ངམ་མཆེད་གསུམ་གྱི་ཞུས་ལན》ལས།“མཁས་པ་ཆེན་པོ་སྟོང་རྒྱུང་གི།  འཕྲིན་ལས་སྤྲུལ་པ་འགྲོ་བའི་དོན།།  གོང་མའི་གདན་སར་སྐུ་འཁྲུངས་ཤིང་།།  རྒྱལ་སྲས་ཨུད་འབར་རིན་པོ་ཆེ།།  འགྲོ་མགོན་ཁྱུང་པོའི་ཞབས་ལ་འདུད།།  འགྲོ་མགོན་བླ་མ་ཁྱུང་པོ་ཡི།།  བཀའ་རྒྱུད་བསྟན་པའི་རྗེས་འཛིན་པ།།  ཁ་བ་ཅན་ལྗོངས་བོད་ཡུལ་དུ།།  མ་ངེས་སྦས་པའི་ཚུལ་ཅན་གྱི།།  རྣལ་འབྱོར་མུ་ལ་རིན་ཆེན་ཞེས།།”[5]ཞེས་བླ་མ་དེ་ནི་བོན་གྱི་རིག་འཛིན་སྟོང་རྒྱུང་མཐུ་ཆེན་གྱི་རྣམ་སྤྲུལ་ཡིན་པ་དང་ཁོང་ནི་དམ་པ་དེའི་རྗེས་འཇུག་ཡིན་པ་བཤད་ཡོད། ༣《ཨོ་རྒྱན་ཡུལ་གྱི་མཇལ་སྣང》ལས།“ཁྱད་པར་རྣམ་ཐར་ཟུར་ཙམ་འདི།།  མཚན་ལྡན་བླ་མ་རིན་པོ་ཆེ།།  འགྲོ་མགོན་ཁྱུང་པོའི་བཀའ་བྱུང་ནས།།  དཀར་ཆག་ཡི་གེར་བཏབ་པ་འདི།།  བཀའ་སྲུང་འཕྲག་དོག་མི་མཛད་ཞུ།།”[6]ཞེས་ཁྱུང་པོ་བླ་མ་དེས་ཁོང་གི་སྙན་རྒྱུད་བོན་སྡེ་ཁག་ཤོག་ཐོག་ཏུ་འབེབ་དགོས་པའི་སྐུལ་མ་གནང་བ་རེད།  འདིར་ཤེས་དགོས་པ་ཞིག་ནི་དེང་གི་ཆར་སྤྲུལ་སྐུ་བློ་ལྡན་སྙིང་པོ་ཁོང་མི་སྣ་གྲགས་ཅན་ཞིག་ཏུ་གྱུར་ཟིན་པ་ཡིན་རུང་།  སྐབས་དེར་ཁོང་ནི་ཆེས་སྤྱིར་བཏང་གི་མི་སྣ་ཞིག་ཡིན་པ་རེད།  དེར་བརྟེན།  སྐབས་དེར་ཁོང་ལ་རྒྱབ་སྐྱོར་གནང་མཁན་དག་གི་བཀའ་དྲིན་ཡང་ཡང་མགུར་འབུམ་ནང་གླེང་ཡོད་པ་རེད།  དེ་དག་ཁྲོད་ནས་ཐུགས་ཁུར་གཙོ་བོ་གནང་མཁན་ནི་ཁོང་གི་བླ་མ་ཁྱུང་པོ་ནང་པ་དང་མཆེད་གྲོགས་འགྲུ་བཙུན་ཤེས་རབ་རྒྱལ་མཚན་གཉིས་ཡིན།  གལ་སྲིད་ཁོང་ལ་སྐབས་དེར་དམ་པ་འདི་དག་གི་རྒྱབ་སྐྱོར་ཐོབ་མེད་ན་སྙན་རྒྱུད་དཔེ་ཆ་མང་པོ་ཞིག་འབེབ་མི་ཐུབ་པ་དང་བར་ཆད་གཞན་གྱིས་འཁྱེར་སྲིད་པ་རེད། ༤《པྲ་མོ་ཧ་ཡི་བརྡ་ཚིག》ལས།“གནས་ཕུན་སུམ་ཚོགས་པའི་འབྲང་རྫོངས་སུ།། སྐྱེས་མཆོག་ཁྱུང་པོ་ནང་པའི་དྲུང་།།  བཀའ་རྣམ་དག་བསྐལ་བཟང་མདོ་རྒྱུད་ལ།།  ཁོ་བོས་འབྲི་ཞིང་འདུག་ཙམ་ན།།”[7]ཞེས་གསལ་ལ། ༥《མཁའ་འགྲོ་རིགས་ལྔའི་གདམ་པ》ལས།“སྤྱིར་ཁ་བ་ཅན་ལྗོངས་བོད་ཀྱི་ཡུལ།།  སྒོས་ཁོ་བོའི་སྐྱེས་ཡུལ་མདོ་གམ་སྒང་།།  གནས་བཀྲ་ཤིས་འབུར་དོད་འགྲང་རྫོང་དུ།།  སྐྱེས་མཆོག་ནང་པའི་མདུན་དྲུང་དུ།།”[8]ཞེས་ལུང་ཚིག་འདི་དག་ལས།  དོན་དག་ཁ་ཤས་གསལ་བཤད་བྱས་ཡོད་དེ། གཅིག ཁྱུང་པོ་ནང་པའི་བཞུགས་གནས་འབྲོང་རྫོང་དགོན་ཡིན་པ་དང་།  ཁོང་ཡང་གནས་དེར་ཡུན་རིང་བཞུགས་ཏེ་སྙན་རྒྱུད་ཡི་གེར་ཕབ་པ་དེ་རེད། འབྲོང་རྫོང་དགོན་ནི་དེང་གི་ཆབ་མདོ་གྲོང་ཁྱེར་ཁྱུང་པོ་སྟེང་ཆེན་རྫོང་གསེར་ཚ་ཤང་གི་ཁོངས་གཏོགས།  ཁྱུང་སེར་བྱ་ཟེ་དགོན་གྱི་ཉེ་འགྲམ་དགེ་ལྡན་དགོན་པ་བཀྲ་ཤིས་གླིང་ཞེས་པ་དེ་ཡིན།  དགོན་འདི་ཐོག་མར་བོན་དགོན་ཡིན་པ་ལ་རྒྱལ་དབང་ལྔ་པས(1617-1682)རྟ་ཚག་རྗེ་དྲུང་སྐུ་ཕྲེང་དྲུག་པ་ངག་དབང་དཀོན་མཆོག་བསྟན་པའི་ཉི་མར་མངག་བཅོལ་བྱས་ནས་རབ་བྱུང་བཅུ་གཅིག་པའི་མེ་སྟག(༡༦༨༦)ལོར་དགེ་ལུགས་སུ་བསྒྱུར་བ་རེད[9]།  དགོན་འདིར་བློ་ལྡན་སྙིང་པོ་ཁོང་བཞུགས་མྱོང་བ་ལས་ཁོང་གིས་ཕྱག་བཏབ་པ་ཞིག་མ་ཡིན་པ་ནི་གོང་གི་མགུར་འབུམ་ནང་གི་ལུང་ཚིག་གིས་གསལ་ལ།  གཞན་ཡང་ཁོང་གིས་མཛད་པའི《ཁ་བྱང་མ་འོངས་ལུང་བསྟན་གསལ་བའི་མེ་ལོང》ལས“དུས་མཐའི་སྤྲང་པོ་མུ་ལ་རད་ན་བདག།  ཁྱུང་པོའི་གདན་ས་དཔལ་གྱི་འབྲོང་རྫོངས་སུ།།  བཀྲ་གསལ་སྟག་ཟླའི་བཅོ་ལྔ་ནམ་ཕྱེད་ལ།།  འོད་གསལ་སྣང་བའི་འཆར་ཚུལ་འདི་ལྟར་བྱུང་།།”[10]ཞེས་འབྲོང་རྫོང་དགོན་ནི་ཁྱུང་པོའི་བླ་རབས་ཀྱི་གདན་ས་ཞིག་ཡིན་པ་བཤད་ཡོད།  བཀྲ་ཤིས་གླིང་གི་ལོ་རྒྱུས་ཤིག་གི་ནང་དུ་དགོན་འདི་ཞྭ་མ་བསྒྱུར་སྔོན་དུ་བོན་གྱི་གདན་ས་བར་མ་ཡིན་པར་བཤད་ལ།  ཡུལ་འདིའི་རྒན་རབས་རྣམས་ཀྱི་ངག་སྒྲོས་ལས་ཀྱང་སྔོན་མ་བོན་དགོན་ཆེན་པོ་ཞིག་ཡིན་པ་བཤད་སྲོལ་འདུག  དེ་ལྟར་ང་ཚོས་བློ་ལྡན་མགུར་འབུམ་ནང་གི་ཁྱུང་པོ་ནང་པ་ཞེས་པའི་བླ་མ་དེ་སྤྲུལ་སྐུ་བློ་ལྡན་སྙིང་པོ་ཁོང་ལ་མཚོན་ན་མི་སྣ་གལ་ཆེན་ཞིག་ཡིན་པ་དང་བཞུགས་གནས་གཙོ་བོ་འབྲོང་རྫོང་དགོན་ཡིན་པ་ཤེས་རུང་།  བླ་མ་དེའི་མཚན་དངོས་ལ་གང་ཞུ་བ་དང་ཡབ་ཡུམ་སོགས་འབྲེལ་ཡོད་གནས་ཚུལ་གཞན་པ་ཤེས་རྟོགས་ཐུབ་མེད།

བཞི་པ།  ཁྱུང་རབས[11]ཁག་ནས་ཁྱུང་པོ་ནང་པ་འཚོལ་བ།

གོང་གི་ཡིག་ཆ་ཁག་ལས《བློ་ལྡན་མགུར་འབུམ》ནང་དུ་བྱུང་བའི་ཁྱུང་པོ་ནང་པ་ཞེས་པའི་བླ་མ་དེའི་རུས་རིགས་ཁྱུང་པོ་ཡིན་པ་དང་།  བཞུགས་ས་གཙོ་བོ་འབྲོང་རྫོང་དགོན་ཡིན་པ་རྟོགས་ཐུབ་པ་ཕུད།  ཞིབ་འཇུག་གི་ཁྱབ་ཁོངས་ཆུང་དུ་གཏོང་ཐུབ་བྱེད་གཅིག་པུ་ནི་ཁོང་གི་མཚན་ཟུར་གྱི་ནང་པ་ཞེས་པའི་ཐ་སྙད་དེ་རེད། ཐ་སྙད་འདིའི་གོ་དོན་དང་བྱུང་དུས་སོགས་གཤམ་ནས་འཆད་པར་འགྱུར་ཞིང་།  ཐ་སྙད་འདི་ཁྱུང་པོའི་བླ་རབས་ཚང་མའི་མཚན་འགོར་སྨོས་མེད་པས་ང་ཚོས་ནང་པ་ཞེས་པའི་ཐ་སྙད་མཚན་ཟུར་བདོག་མཁན་གྱི་ཁྱུང་པོའི་བླ་མ་དག་འཚོལ་ཆོག་པ་རེད།  ཁྱུང་པོའི་བླ་རབས་སྐོར་ཞིབ་འཇུག་དགོས་ན།  ང་ཚོས་ཐོག་མར་ཁྱུང་རབས་ཁག་མཇལ་དགོས་པ་ནི་སྨོས་མེད་རེད། ཁྱུང་རབས་ཁག་མཇལ་སྐབས་དེ་དག་ཁྲོད་དུ་ནང་པའམ།  ཡང་ན་ནང་སོ་མཚན་ཟུར་ལ་ཐོན་པའི་བླ་མ་ཧ་ཅང་མང་སྟེ།  དཔེར་ན།  ནང་ཆེན་གྲགས་པ་དང་ནང་པ་བྱང་ཤེས།  ནང་ཆེན་ནམ་མཁའ་རྒྱལ་མཚན།  ནང་པ་ཀུན་དགའ་ཡེ་ཤེས།  ནང་པ་ཀུན་དགའ་རྒྱལ་མཚན་སོགས་ལྟ་བུ་རེད།  གནས་ཚུལ་དེས་ང་ཚོས《བློ་ལྡན་མགུར་འབུམ》ཁྲོད་དུ་བྱུང་བའི་ཁྱུང་པོ་བླ་མ་དེ་སུ་ཞིག་ཡིན་མིན་རྟོགས་པར་དཀའ་ཁག་སྤྲད་ཡོད།  འོན་ཀྱང་།  སྟབས་ལེགས་པ་ཞིག་ནི་ཁྱུང་རབས《རྣམ་དག་ཤེལ་འཕྲེང》ལས“གྲགས་པ་འབུམ་ལ་བཞེར་ཟ་ཨ་སྐྱིད་ཕྱིན་པའི་སྲས།  ཁྱུང་རྒོད་ཡེ་ཤེས་རྒྱལ་མཚན་དང་།  ནང་སོ་ནམ་མཁའ་འོད་ཟེར།  གྲགས་པ་དབང་ཕྱུག་གསུམ་གྱིས་སྤྲུལ་པའི་སྐུ་མཆོག་༧བློ་ལྡན་སྙིང་པོ་གདན་དྲངས་ནས།  སྤྲུལ་སྐུ་དེ་ལ་རིག་འཛིན་མཁའ་འགྲོའི་ལུང་བསྟན་ལྟར།  སྟག་གཟིགས་འོལ་མོ་ལུང་གི་ཞིང་ཁམས་ནས།  གསས་ཁང་བཀྲ་ཤིས་ལེགས་ཐང་ལ་དཔེར་བཞག་ནས་ཕོ་བྲང་གཙུག་ལག་ཁང་ཆེན་བཞེངས་ཏེ།  རྩེ་ལ་ཟངས་ཁལ་བདུན་ཅུ་དོན་བདུན་ལས་ལ་གྲུབ་པའི་གསེར་འཕྲུ།  ལྕགས་ཁལ་དྲུག་ཅུ་ལ་བརྡུངས་པའི་ཐག་པས་བཏག་སྟེ།  ནང་དུ་བྱང་ཆེན་གསུམ་དང་ཕྱི་ཡི་གསེར་འཕྲུ་དང་བཅས་པ་ལ།  གསེར་སྲང་ཉི་ཤུ་རྩ་གཅིག་གསོལ།  ནང་བཅུད་དུ་ཁྲི་སྨོན་རྒྱལ་བཞད་མཆོད་རྟེན་བཀོད་ལེགས་བདུན།  འདས་དང་མ་བྱོན་ད་ལྟའི་སྟོན་པ་གསུམ།  གསེར་གྱི་སྐུ་བཞེངས་གཙོར་བྱས་གསེར་སྐུ་བརྒྱ་དང་རྩ་བརྒྱད།  གསེར་ཆོས་པོ་ཏི་བརྒྱ་དང་རྩ་བརྒྱད།  དངུལ་ཆོས་པོ་ཏི་བརྒྱ་དང་རྩ་བརྒྱད་བཞེངས་སོ།།  གཞན་ཡང་བླ་བྲེ་འཕན་གདུགས་དར་དང་ལྷ་ཆ་སྒྲ་དབྱངས་མཆོད་ཆ་སོགས།  གསེར་དངུལ་ཟངས་ལྕགས་རིན་པོ་ཆེ་ལས་གྲུབ་ཅིང་དཔག་ཏུ་མེད་པའི་གཞལ་ཡས་ཁང་དུ་བསྒྱུར་ནས་མི་ཡུལ་ལྷ་ཡི་ཕོ་བྲང་ལྟ་བུར་མཛད་པའོ།།  སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོ་དེ་ཉིད་ཀྱི་ཞལ་ནས།  བཀྲ་ཤིས་མཐོང་སྨོན་བྲག་དམར་ལྷ་རྩེ་མཚན་དུ་གསོལ་ནས།  འདི་ལ་ཕྱག་སྐོར་མཆོད་འབུལ་བྱས་ན་གང་བསམ་འགྲུབ།  ཁྱད་པར་སྤྲེལ་ལུག་ཟླ་བའི་ཚེས་བཅུ་དང་བཅོ་ལྔའི་བར་དུ།  སྐོར་བ་བཅུ་དྲུག་རེ་ལ།  སེམས་ཉིད་ཏིང་འཛིན་ལྡན་པའི་གཤེན་རབ་གཅིག་གིས་དམ་པའི་བོན་ཆོས་སྒྲོག་པའི་དགུང་ཞག་རེ་ཡོད་ངེས།  ཁོ་བོ་བདག་གིས་ཁས་བླངས།  ཐེ་ཚོམ་མེད་པར་མཛོད་ཅིག སྐལ་ལྡན་རིགས།  འདི་ནི་བློ་ལྡན་བདག་གིས་བསྡུས་ཚུལ་ཡིན།  དབྲ་ཁྱུང་གསེར་ཚའི་གདུང་རྒྱུད་རིམ་བྱོན་གྱིས།  བླ་དཔོན་རྣམས་ཀྱི་ཐུགས་དམ་གསེར་ཁམས་རེ་དང་།  བཀའ་མདོ་སྡེ་གཟུངས་སྡེ་སྐུ་རྟེན་གསུང་རྟེན་རེ་རེ་བཞེངས་པར་མཛོད་ཅིག  དཔོན་མོ་རྣམས་ཀྱིས་འབུམ་ཆ་རེ་དང་ཡུལ་སྡེ་རྒྱས་འབྲིང་རྣམས་ནས་མདོ་གཟུངས་རེ་སོགས།  རིམ་བྱོན་རྣམས་ཀྱིས་བཞེངས་པར་འཚལ་ལོ།།  གཡོལ་མེད་མཛོད་ཅིག ཅེས་གསུངས་སོ།།”[12]ཞེས་ཡིག་ཆ་འདིར་སྤྲུལ་སྐུ་བློ་ལྡན་སྙིང་པོ་དང་ཁྱུང་སེར་བླ་རབས་བར་གྱི་འབྲེལ་བ་གཏིང་ཟབ་པོར་བརྗོད་ཡོད་པ་དང་།  ལྷག་ཏུ་ཁྱུང་རྒོད་ཡེ་ཤེས་རྒྱལ་མཚན་དང་།  ནང་སོ་ནམ་མཁའ་འོད་ཟེར།  གྲགས་པ་དབང་ཕྱུག་གསུམ་གྱིས་དམ་པ་ཁོང་བྱ་ཟེར་གདན་དྲངས་པ་བཀོད་ཡོད་པས།《བློ་ལྡན་མགུར་འབུམ》ལས་བྱུང་བའི་ཁྱུང་པོ་ནང་པ་ཞེས་པའི་བླ་མ་དེ་ནང་སོ་ནམ་མཁའ་འོད་ཟེར་ཡིན་ངེས་སྙམ་སྲིད།  འོན་ཀྱང་།  བསམ་གཞིག་དགོས་པ་ཞིག་ནི་ཁྱུང་རབས་ཀུན་གྱི་མ་ཕྱི་ལྟ་བུར་གྲགས་པའི《ཁྱུང་རབས་མ་ཡིག་གཡུ་མགོ་མ》ལས།“གྲགས་པ་འབུམ་གྱིས་བཞེད་ཟ་ཨ་སྐྱིད་ལ་སྲས་གྲགས་པ་འོད་ཟེར།  ཨ་འབུམ་ཡང་ཟེར།  ཨ་གྲགས་ཡང་ཟེར། བ་དང་ཁྱུང་པོ་འདྲེ་དག་དང་།  དཀར་རུ་དང་ནག་རུ་སོགས་དེ་དུས་གྱེས་པ་ཡིན།  གྲགས་པ་དབང་ཕྱུག  ཁྱུང་རྒོད་ཡེ་ཤེས་རྒྱལ་མཚན།”[13]ཞེས་གྲགས་འབུམ་དང་བཞེད་བཟའི་སྲས་ལ་གྲགས་པ་འོད་ཟེར་ཞུ་བ་ཞིག་ལས་ནང་སོ་ནམ་མཁའ་འོད་ཟེར་འབོད་པ་ཞིག་བྱོན་པ་འཁོད་མེད།  གཞན་ཡང《ཁྱུང་པོའི་དཀར་ཆབ་ཆེན་མོ》ལས“གྲགས་པ་འབུམ་གྱི་སྲས་ཆེ་བ་གྲགས་པ་འོད་ཟེར།  དེ་འོག་མ་༡་ལ་གྲགས་པ་དབང་ཕྱུག  ཆུང་བ་ཁྱུང་རྒོད་རྒྱལ་མཚན་དང་༣་མོ།”[14]ཞེས་གྲགས་པ་འབུམ་གྱི་སྲས་གསུམ་གྱི་ཆེ་བའི་མཚན་ལ་གྲགས་པ་འོད་ཟེར་ལས་ནང་སོ་ནམ་མཁའ་འོད་ཟེར་ཞུ་བ་གསལ་མེད་པ་རེད།  ཁྱུང་རབས་ཁག་གི་ཕྱི་མོ་ལྟ་བུར་གྱུར་པའི་ཡིག་ཆ་འདི་གཉིས་ཀྱི་སྟོན་སྟངས་ལ་གཞིགས་ན།  གྲགས་པ་འབུམ་ལ་སྲས་གསུམ་ཡོད་པ་དང་དེ་དག་ནི་ཆེ་བ་གྲགས་པ་འོད་ཟེར།  དེ་འོག་གྲགས་པ་དབང་ཕྱུག  ཆུང་བ་ཁྱུང་རྒོད་ཡེ་ཤེས་རྒྱལ་མཚན་ཡིན་པ་ཤེས་ཐུབ།  དེ་ལྟར་ཡིག་ཆ་སྔ་ཕྱིའི་བྱུང་རིམ་དང་སྲས་གསུམ་གྱི་མཚན་འགོད་སྟངས་སོགས་ལ་གཞིགས་ན། 《རྣམ་དག་ཤེལ་འཕྲེང》ལས་གྲགས་པ་འབུམ་གྱི་སྲས་ནང་སོ་ནམ་མཁའ་འོད་ཟེར་ཞེས་བཀོད་པ་ནི་མ་ཡིག་ཁག་ནང་གསལ་བའི་གྲགས་པ་འོད་ཟེར་དང་ནོར་འཛོལ་ཤོར་བ་ཞིག་ཡིན་པ་མངོན་གསལ་དོད་པོ་རེད།  ཁྱུང་རབས་འདིའི་རྩོམ་པ་པོའི་མཚན་ལ་ཁྱུང་དཀར་ལྷ་མཆོག་རྒྱས་ཞུ་བ་དང་ཁོང་གིས་གསེར་སྒམ་མ་དང་གཡུ་མགོ་མ་སོགས་ཁྱུང་རབས་རྒྱས་འབྲིང་བསྡུས་གསུམ་འདུག་པ་ལས་བཏུས་པ་ཡིན་ཞེས་མཇུག་བྱང་དུ་བཀོད་འདུག་པས།  ཁྱུང་རབས་འདི་ནི་གཡུ་མགོ་མ་སོགས་ཀྱི་རྗེས་སུ་བྱུང་བ་དང་དེ་དག་ལས་བཏུས་པ་ཞིག་ཡིན་པ་གསལ་པོ་རེད།    ད་འོ་ན།《བློ་ལྡན་མགུར་འབུམ》ལས་བྱུང་བའི་ཁྱུང་པོ་བླ་མ་དེ་གང་ཡིན་ཟེར་ན།  ང་ཚོས་མུ་མཐུད་དཔྱད་དགོས་ཏེ།  གོང་དུ་རྣམ་དག་ཤེལ་ཕྲེང་ལས་སྤྲུལ་སྐུ་བློ་ལྡན་སྙིང་པོ་མཆོག་གི་སྐོར་རྒྱས་པ་ཞིག་བཀོད་ཡོད་པ་དེ་སྐབས་འདིའི་དཔྱད་གཞི་རིན་ཐང་ཅན་ཞིག་ཡིན།  དེས་ན་ང་ཚོས་དཔྱད་གཞི་དེ་དང་འབྲེལ་ནས་ཞིབ་འཇུག་བྱ་རྒྱུ་གལ་ཆེ་བ་རེད།《ཁྱུང་རབས་མ་ཡིག་གཡུ་མགོ་མ》ལས་བསོད་ནམས་སེང་གེ་ལ་སྲས་དྲུག་ཡོད་པ་ལས།“རོང་བཟའ་ལ་ཆེ་བ་གྲགས་པ་འབུམ་དང་།  ཆུང་བ་ནང་པ་ཀུན་དགའ་གཉིས་སོ།།”[15]ཞེས་གསལ་བ་དང་།《ཁྱུང་པོའི་དཀར་ཆབ་ཆེན་མོ》ལས།“རོང་མོ་ལ་གྲགས་པ་འབུམ་དང་ཆུང་བ་ནང་པ་ཀུན་དགའ་རྒྱལ་མཚན་གཉིས་སོ།།”[16]ཞེས་གོང་དུ་གསལ་བའི་གྲགས་པ་འོད་ཟེར་དང་གྲགས་པ་དབང་ཕྱུག  ཁྱུང་རྒོད་ཡེ་ཤེས་རྒྱལ་མཚན་གསུམ་གྱི་ཁུ་བོ་ནང་པ་ཀུན་དགའ་རྒྱལ་མཚན་ཞུ་བ་ཞིག་ཡོད་པ་འཁོད་ཡོད།《བློ་ལྡན་མགུར་འབུམ》ལས་བློ་ལྡན་ཁོང་གིས་བླ་མ་དེར་དད་གུས་ཆེན་པོ་གནང་བ་ཡང་ཡང་གསལ་བ་དང་།  གྲགས་པ་འོད་ཟེར་སྤུན་གསུམ་གྱིས་ཁོང་ལ་ཆེ་མཐོང་སྤྲད་པ་སོགས་ལ་གཞིགས་ན།《བློ་ལྡན་མགུར་འབུམ》ལས་གསལ་བའི་ཁྱུང་པོ་ནང་པ་ཞེས་པའི་བླ་མ་དེ་ནི་ཁྱུང་པོ་ལྷོ་བ་ཚང་ངམ།  ཁྱུང་སེར་གྱི་བླ་རབས་རིམ་བྱོན་ལས་ཁྱུང་པོ་བསོད་ནམས་སེང་གེ་དང་རོང་བཟའ་གཉིས་ལ་སྲས་གཉིས་འཁྲུངས་པའི་ཆུང་བ་ནང་པ་ཀུན་དགའ་རྒྱལ་མཚན་ཡིན་པ་ཐག་བཅད་དེ་བཤད་ཐུབ།  གཞན་ཡང་ལོ་ཚིགས་དང་སྦྲེལ་ཏེ་དཔྱད་ན་ཡང་འགྲིག་པར་མཐོང་སྟེ།《ཁྱུང་པོའི་དཀར་ཆབ་ཆེན་མོ》ལས་གསལ་བ་ལྟར་ཁྱུང་པོའི་བླ་རབས་གུང་བསྒྲིགས་ཏེ་བཀོད་ན།  ཁྱུང་ཨ་བླའི་སྲས་དབང་རྒྱལ་གྲུབ།  དེའི་སྲས་ཤེས་རབ་རྒྱལ་མཚན།  དེའི་སྲས་བསོད་ནམས་སེང་གེ།  དེའི་སྲས་ནང་པ་ཀུན་དགའ་རྒྱལ་མཚན་ནོ།།  འདི་ནི་ཁྱུང་ཨ་བླ་ནས་ནང་པ་ཀུན་དགའ་རྒྱལ་མཚན་བར་གྱི་མི་རབས་ཁག་གི་ཚབ་མཚོན་ཙམ་དུ་བཀོད་པ་ཡིན། དབུས་བྱིས་ལུང་མདའ་རུ་ཁྱུང་པོ་རྒྱ་ཚ་སྤུན་དྲུག[17]སོགས་སྒར་སྡེ་ཧོར་དོར་རྟ་ནག་པོའི་དམག་གིས་བརླགས་པ་ཁྱུང་རབས་ཕལ་ཆེར་ཞལ་མཐུན་ལ།  དོར་དམག་གིས་བོད་ཡུལ་བརླགས་པའི་དུས་ནི་ཁྲིན་ཆེན་དབྱིན་གྱིས་བརྩམས་པའི《འགྲོ་མགོན་འཕགས་པའི་མཛད་རྣམ》ལས་སྤྱི་ལོ༡༢༣༩ལོར་ཡིན་པ་བཞེད[18]ཅིང་།  མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་རབ་བྱུང་བཞི་པའི་ལྕགས་བྱི(༡༢༤༠)ལོར་ཡིན་པ་བཞེད།  སྐབས་དེར་ཁྱུང་ཨ་བླ་ནི་དགུང་ལོ་དྲུག་ལ་སླེབས་ཡོད།   སྔོན་མ་བོད་མི་དག་གིས་གཉེན་སྒྲིག་བྱེད་པའི་ལོ་ཚོད་དེ་ཕལ་ཆེར་ལོ་སུམ་ཅུ་གཡས་གཡོན་ཐོག་ཡིན།  དེས་ན་མི་རབས་རེ་རེའི་བར་དུ་རགས་རྩིས་བྱས་ན་ལོ་སུམ་ཅུ་ཙམ་འགྲོ་བཞིན་ཡོད།  ཁྱུང་ཨ་བླ་ནས་ནང་པ་ཀུན་དགའ་རྒྱལ་མཚན་བར་མི་རབས་ལྔ་སོང་ཡོད་ཅིང་མི་རབས་རེ་ལ་ལོ་སུམ་ཅུ་རེ་བརྩིས་ཚེ་ལོ་བརྒྱ་དང་ལྔ་བཅུ་འགྲོ་བ་རེད།  ཧོར་དོར་རྟ་ནག་པོ་སླེབས་པའི་ལོ་སྟེ། སྤྱི་ལོ༡༢༤༠ཐོག་ཏུ་ལོ་བརྒྱ་དང་ལྔ་བཅུ་བསྣན་ན་སྤྱི་ལོ༡༣༩༠ཙམ་ལ་སླེབ་བཞིན་ཡོད།  སྤྲུལ་སྐུ་བློ་ལྡན་སྙིང་པོ་ནི་ཡོངས་གྲགས་སུ་སྤྱི་ལོ༡༣༦༠ལོར་འཁྲུངས་པར་བཞེད།  གོང་གི་ཡིག་ཆ་ཁག་ལ་གཞིགས་ན།  བློ་ལྡན་སྙིང་པོ་དང་གྲགས་པ་འོད་ཟེར་སོགས་དགུང་མཉམ་ལྟ་བུ་ཡིན་པ་ཤེས་ཐུབ་པས།  ལོ་ཚིགས་ཀྱི་ཐད་ནས་ཀྱང《བློ་ལྡན་མགུར་འབུམ》ལས་གསལ་བའི་ཁྱུང་པོ་ནང་པ་ཞེས་པའི་བླ་མ་དེ་ནང་པ་ཀུན་དགའ་རྒྱལ་མཚན་ཡིན་པ་སྒྲུབ་ཐུབ་ཀྱིན་ཡོད། གཞན་ཡང《རྣམ་དག་ཤེལ་འཕྲེང》ལས“གསེར་བཟའི་སྲས་ཁྱུང་གསེར་ཚ་ཡིན་པས།  གྲགས་པ་འབུམ་དང་།  ནང་པོ་ཀུན་དགའ་དབང་ལྡན[19]དང་།  འོད་ཟེར་སེང་གེ་གསུམ་བཞུགས་སོ།།  ཡང་གསེར་རི་གཡས་ལ་གཡུ་རི་གཡོན།  རྒྱ་ཉི་མ་འབྲུག་གྲགས་བཞུགས་པའི་ཡུལ།  རྒྱ་གསོག་ཆུང་བཀྲ་ཤིས་བཞུགས་པའི་ས།  སྲོག་ཕུག་ཉི་མ་རང་ཤར་ན།  ཁྱུང་པོ་འོད་ཟེར་སེང་གེ་བཞུགས།  བྲག་དམར་མེ་རི་རྫོང་ཆེན་ན།  བྱ་ཁྱུང་ཆེན་ཚང་ལ་བཞུགས་འདྲའི་ས།  ཁྱུང་པོ་གྲགས་པ་འབུམ་དང་ནང་སོ་ཀུན་དགའ་དབང་ལྡན་བླ་དཔོན་གཉིས་ཀྱིས་རྫོང་ས་བཏབ་ཅིང་གཙུག་ལག་ཁང་ཆེན་པོ་བཞེངས་ནས་བཞུགས་སོ།།”[20]ཞེས་གསལ་བས།  གྲགས་པ་འབུམ་གྱིས་དཔོན་གྱི་ལས་གནས་བཞེས་ཏེ་བྱ་ཟེ་ལ་རྫོང་ཆེན་བཏབ་པ་དང་ཀུན་དགའ་རྒྱལ་མཚན་མཆོག་རབ་བྱུང་ཁྲི་པ་མཛད་ནས་ཁྱུང་པོ་འབྲོང་རྫོང་དགོན་དུ་བཞུགས་ཏེ་བོན་འཁོར་བསྐོར་ཡོད་པ་ཤེས་ཐུབ།  དུས་སྐབས་དེར་སྤྲུལ་སྐུ་བློ་ལྡན་སྙིང་པོ་ལགས་ལ་སྙན་རྒྱུད་བབས་པའི་གྲགས་པ་ཅུང་ཙམ་མཆེད་ཅིང་ཁྱུང་པོ་ནང་པ་ཀུན་དགའ་རྒྱལ་མཚན་མཆོག་གིས་ཁོང་ལ་མཐོང་ཆེན་གནང་སྟེ་འབྲོང་རྫོང་དགོན་སོགས་སུ་བཞུགས་བཅུག་པ་དང་སྙན་རྒྱུད་ཡི་གེར་འབེབ་པར་མཐུན་རྐྱེན་གང་ལེགས་བསྐྲུན་པས།  ཁོང་བླ་སློབ་གཉིས་ཀྱི་འབྲེལ་བ་དེ་དམིགས་བསལ་ཞིག་ཆགས་པ་དང་།  རྗེས་སུ་ནང་པ་ཀུན་དགའ་རྒྱལ་མཚན་གྱི་དབོན་པོ་གྲགས་པ་འོད་ཟེར་དང་གྲགས་པ་དབང་ཕྱུག  ཁྱུང་རྒོད་ཡེ་ཤེས་རྒྱལ་མཚན་གསུམ་གྱིས་སླར་ཡང་སྤྲུལ་སྐུ་བློ་ལྡན་སྙིང་པོ་བྱ་ཟེར་གདན་དྲངས་པ་དང་།  སྐབས་དེར་ཁོང་གི་སྙན་གྲགས་ཕྱོགས་ཡོངས་ནས་རྒྱས་ཡོད་རུང་སྔར་གྱི་བཀའ་དྲིན་ལ་ཐུགས་སྣང་ཆེ་བཞེས་ཀྱིས་བྱ་ཟེ་དགོན་གྱི་དབུ་རྩེ་རུ་གཙུག་ལག་ཁང་གསེར་འཕྲུ་རྒྱ་ཕིབས་དང་ལྡན་པ་བཞེངས་གནང་བ་མ་ཟད།《རྣམ་དག་ཤེལ་འཕྲེང》ལས་གསལ་བ་ལྟར་དགོན་སྐོར་སོགས་འགྲོ་བའི་ལམ་ལུགས་བཏོད་པ་ཡིན་འདུག  སྐོར་ལམ་ནང་དུ་བློ་ལྡན་སྙིང་པོའི་གཏེར་ཆུ་སོགས་ཡོད་པ་དང་།  ཁོང་གིས་ཕྱག་བཟོ་གནང་བའི་དཀར་མོ་སྲིད་རྒྱལ་ཞལ་འབག་སོགས་ད་ལྟ་བྱ་ཟེ་དགོན་དུ་བཞུགས་ཡོད་པ་རེད།  ཀློག་པ་པོ་ལགས། མཚམས་འདིར་ཐོན་དུས་ང་ཚོས་ནང་པ་ཀུན་དགའ་རྒྱལ་མཚན་མཆོག་གི་མཚན་ཟུར་གྱི་ནང་པ་ཞེས་པའི་ཐ་སྙད་ལ་ཞིབ་འཇུག་ཕྲན་ཙམ་གནང་ན་གང་འདྲ་རེད།

ལྔ་པ།  ནང་ཆེན་དང་ནང་པ།  ནང་སོ་ཞེས་པའི་ཐ་སྙད་སྐོར་གླེང་བ།

ཁྱུང་རབས་ཁག་མཇལ་སྐབས་ཁྱུང་པོའི་བླ་རབས་རིམ་བྱོན་ལ་ནང་ཆེན་དང་ནང་པ།  ནང་སོ་སོགས་ཀྱི་ཐ་སྙད་སྦྱར་བ་མང་དུ་སྣང་སྟེ།《ཁྱུང་པོའི་དཀར་ཆབ་ཆེན་མོ》གཞིར་བཟུང་ན།  ནང་ཆེན་མཚན་ཟུར་དུ་ཐོན་པ་གཉིས་ཡོད་པ་ནི་ནང་ཆེན་གྲགས་པ་རྒྱལ་མཚན་དང་ནང་ཆེན་ནམ་མཁའ་རྒྱལ་མཚན་གཉིས་ཡིན།  ནང་པ་མཚན་ཟུར་དུ་ཐོན་པ་བཅུ་གཅིག་ཡོད་པ་ནི་ནང་པ་བྱང་ཤེས།  ནང་པ་རྒྱལ་མཚན་དར།  ནང་པ་ཀུན་དགའ་ཡེ་ཤེས།  ནང་པ་གྲགས་ཚུལ།  ནང་པ་ཀུན་དགའ་རྒྱལ་མཚན།  ནང་པ་དྲག་འོད།  ནང་པ་ཚུལ་ཁྲིམས་རྒྱལ་མཚན།  ནང་པ་བློ་གྲོས་བཟང་པོ།  ནང་པ་བསོད་ནམས་ཡེ་ཤེས།  ནང་པ་གྲགས་པ་རྒྱལ་མཚན།  ནང་པ་བསོད་ནམས་རྒྱལ་མཚན་བཅས་ཡིན།  ནང་སོ་མཚན་ཟུར་བདོག་པ་གཅིག་ཡོད་པ་དེ་ནི་ནང་སོ་བསྟན་པ་རྒྱལ་མཚན་ཡིན་ནོ།།  སྤྱིར་ན།  ཁྱུང་པོ་ནི་བོད་ཀྱི་གདུང་རུས་གྲགས་ཆེ་བ་ཞིག་ཡིན་ལ།  ལོ་རྒྱུས་ཡིག་ཚང་ཁྲོད་ན་ཁྱུང་པོའི་རུས་རིགས་འཛིན་པའི་རྒྱལ་པོ་དང་བློན་པོ།  དམག་དཔོན། གྲུབ་ཐོབ། བླ་མ།  མཁས་པ་སོགས་ཧ་ཅང་མང་བ་རེད།  བོད་ཀྱི་བཙན་པོ་གནམ་གྱི་ཁྲི་བདུན་ནས་བཟུང་ཁྱུང་པོ་དང་མཆོད་ཡོན་གྱི་འབྲེལ་བ་བྱུང་བ་ཁྱུང་རབས[21]ལས་གསལ་ཞིང་།  ཏུན་ཧོང་ཡིག་རྙིང་སོགས་ལས་གསལ་བ་ལྟར་ན།  གནམ་རི་སྲོང་བཙན(608-629)སྐབས་སུ་བློན་པོ་ཁྱུང་པོ་སྤུང་སད་ཟུ་ཙེ་སོགས་ཁྱུང་གི་རུས་ཐོབ་བློན་ཆེན་བྱུང་བ་གསལ་ཡོད།  ཕྲན་གྱི་ད་སྔོན་དཔྱད་འབྲས་ལྟར་ན།  དེ་དག་གི་ཁྲོད་ནས་མཚན་འགོར་ནང་པ་ཞེས་པའི་ཐ་སྙད་ཐོག་མར་བྱུང་བ་དེ་ནི་ནང་ཆེན་གྲགས་པ་རེད།  ཁོང་གི་མཚན་དངོས་ལ་གྲགས་པ་རྒྱལ་མཚན་ཞུ་ཞིང་།  ཕྱིས་སུ་ཁོང་ལ་ནང་ཆེན་གྲགས་པ་ཞེས་འབོད་པ་རྒྱུག་ཆེ་བ་རེད།  ཁོང་ནི་རྒྱ་ཚ་སྤུན་དྲུག་གི་ནང་ཚན་སྟོན་འབུམ་དང་གཡོག་མོ་ཨ་འཚོ་བཟའ་གཉིས་ཀྱི་སྲས་སུ་སྤྱི་ལོ༡༢༤༠ལོར་འཁྲུངས[22]།  ཆུང་དུས་ནས་རྩིས་དང་ཡི་གེ་ལ་སྦྱངས་པ་མཛད་ཅིང་ཞུ་སྟོན་རྒྱལ་མཚན་དར་འབུམ་གྱི་མདུན་ནས་དག་པ་དྲང་སྲོང་གི་སྡོམ་ཁྲིམས་བཞེས།  མདོ་གམ་ཕྱོགས་ཀྱི་བོན་པོ་སྤྱི་ཡི་བླ་དཔོན་གཅིག་ལྕོགས་ལྟ་བུར་མཛད་དེ་ཆོས་སྲིད་གཉིས་ཐད་ནས་མཛད་རྗེས་ཆེ་ཞིང་དགུང་གྲངས་དྲུག་ཅུ་རེ་གཉིས་ཐོག་གཡུ་ཕུག་གི་གཤེར་ན་འདས་སོ།།  མཚམས་འདི་ནས་ང་ཚོས་ཁོང་གི་མཚན་ཟུར་དུ་ནང་ཆེན་ཞེས་པའི་ཐ་སྙད་བྱུང་དགོས་དོན་གང་ཡིན་སྐོར་ལ་བསམ་གཞིག་དགོས་པ་རེད།《ཁྱུང་རབས་གསེར་སྒམ་མ》ལས“རྒྱ་ཚ་སྤུན་དྲུག་ལས་ཆུང་བ་སྟོན་འབར་སྲས་གཡོག་མོ་ནང་ཆེན་ཨ་འཚོ་བཟའ་ལ་ཆུ་རྟ་ལོར་ནང་ཆེན་གྲགས་པ་རྒྱལ་མཚན་འཁྲུངས། ཁྱུང་པོ་ཚོ་གཅིག་གིས་ཁུར་ནས་ནང་ཆེན་ལ་བྲོས།”ཞེས་དང་།“ནང་ཆེན་གྲགས་པ་ཡུམ་དང་བཅས་ཁྱུང་པོ་མང་རབས་ཤིག་ནང་ཆེན་སོགས་ལ་ངེས་མེད་ཡུལ་བྱོལ་མཛད།”[23]ཞེས་གསལ་བ་དང་།  དེའི་རྗེས་སུ་འགྲོ་བ་སྟེ།  སྤྱི་ལོ༢༠༡༩ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བའི་དཔེ་ཆ《ཞང་བོད་ཚིག་མཛོད་ཆེན་མོ》ལས་ནང་ཆེན་གྲགས་པ་ངོ་སྤྲོད་གནང་སྐབས“དེ་ཡང་ཡབ་རྒྱ་ཚ་སྤུན་དྲུག་གི་ནང་ཚན་དབྲ་ཁྱུང་སྟོན་འབར་དང་ཡུམ་གཡོག་མོ་ནང་ཆེན་བཟའ་ཨ་མཚོ་གཉིས་ལ་ཆུ་ཕོ་རྟ་སྟེ་སྤྱི་ལོ༡༢༢༣ལོར་འཁྲུངས།  སྐབས་དེར་སོག་པོའི་དམག་དཔུང་གིས་ཁྱུང་པོའི་བླ་དཔོན་རྣམས་བསད་བཅོམ་འཕྲོག་གསུམ་བྱས་པའི་དུས་ངན་ཞིག་དང་ཁེལ།  ཁྱུང་པོ་ཚོ་གཅིག་གིས་ནང་ཆེན་གྲགས་པ་ཁུར་ནས་ནང་ཆེན་ཕྱོགས་སུ་བྲོས།”ཞེས་དང་། ཡང“ཁོང་ནི་ནང་ཆེན་གྱི་ཆོ་འབྲངས་སུ་གཏོགས་པས་ནང་ཆེན་གྱི་མཚན་དངོས་ལ་གྲགས་པ་རྒྱལ་མཚན་ཟེར།”[24]ཞེས་ཁོང་གི་མཚན་ཟུར་དུ་ནང་ཆེན་ཞེས་པའི་ཐ་སྙད་བྱུང་དོན་ནི་ཁོང་གི་མ་ཡུམ་ནང་ཆེན་བཟའ་ཡིན་པ་དང་།  ནང་ཆེན་ཞེས་པ་དེ་ཡང་དེང་གི་ཁམས་ནང་ཆེན་རྫོང[25]དང་འབྲེལ་བ་ཡོད་པར་བཤད་ཡོད།  འོན་ཀྱང་།《ཁྱུང་རབས་གསེར་སྒམ་མ》ཞེས་པ་འདིར་དཔྱད་དགོས་ཏེ། སྤྱིར་ན། ཁྱུང་རབས་ཀྱི་མ་ཡིག་གྲལ་དུ་གསེར་སྒམ་མ་ཞེས་པ་ཞིག་སྔ་མོ་ནས་ཡོད་པ་གསལ་རུང་།  དེང་གི་ཁྱུང་རབས་དཔར་མ་དག་གི་ཁྲོད་དུ་བཞུགས་པའི་གསེར་སྒམ་འདི་ནི་སྔོ་མ་དེ་མ་ཡིན་པའམ།  ཡང་ན་སྔོན་མ་དེ་དུས་རབས་ཉི་ཤུ་པའི་སྟོད་དུ་མི་ཞིག་གིས་ལས་སྣོན་ཤུགས་ཆེར་བྱས་ནས་གྲུབ་པ་ཞིག་རེད།  དེའི་རྒྱུ་མཚན་ནི་ཡིག་ཆ་འདིར་ཁྱུང་རབས་ཕལ་མོ་ཆེ་དང་ལྷག་ཏུ་ཁུངས་བཙུན་ཡིག་ཆ་ཁག་དང་འགལ་བའི་དོན་དག་མང་པོ་གསར་དུ་ཡར་བཅུག་ཡོད་པས་རེད།  གཞན་ཡང་འདིའི་ནང་བླ་དཔོན་རྣམས་ཀྱི་འཁྲུངས་ལོ་མང་པོ་ཞིག་ཁ་སྣོན་བྱས་འདུག་པ་ནི་དཔྱད་གཞི་ཙམ་ལས་ཡིད་རྟོན་ཕེར་བ་ཆེར་མི་འདུག  ཕྲན་གྱིས《གསེར་སྒམ》ལས་གཞན་པའི་ཁྱུང་རབས་མི་འདྲ་བ་མང་དུ་མཇལ་རུང་དེ་དག་ཁྲོད་དུ་ཁོང་གི་མ་ཡུམ་ནང་ཆེན་བཟའ་ཡིན་པ་དང་།  མ་ཡུམ་གྱི་མཚན་ལ་ཨ་མཚོ་ཟེར་བ།  ཧོར་དམག་གིས་ཁྱུང་པོ་རླག་སྐབས་ཁོང་ནང་ཆེན་ཕྱོགས་སུ་བྲོས་པའི་སྐོར་འཁོད་པ་མ་མཐོང་།  དེ་ལས་ལྡོག་སྟེ་ཁྱུང་རབས་ཁུངས་བཙུན་ཁག་ཏུ་འདི་ལྟར་གསལ་ཡོད་དེ།《མ་ཡིག་གཡུ་མགོ་མ》ལས“གཡོག་མོ་ཨ་འཚོ་ཟ་ལ་སྟོན་འབུམ་གྱི་སྲས་གཅིག་འཁྲུངས་པ་དེ།”[26]ཞེས་དང་།《ཁྱུང་པོའི་དཀར་ཆབ་ཆེན་མོ》ལས“གཡོག་མོ་ཨ་མཚོ་ཟ་ལ་སྟོན་འབུམ་གྱི་སྲས་༡འཁྲུངས་པ་དེ།  ནང་ཆེན་གྲགས་པ་རྒྱལ་མཚན་ནོ།།”[27]ཞེས་གསལ་ཡོད།《ཁྱུང་རབས་ལེགས་བཤད་ཕྲེང་བ》ལས“གཡོག་མོ་ཨ་འཚོ་ཟ་ལ་སྟོན་འབུམ་གྱི་སྲས་ཤིག་བྱུང་བས།  ཧོར་དམག་བོ་བའི་ནངས་མོར་སྐུ་འཁྲུངས་ཏེ།  ནང་ཆེན་གྲགས་པ་རྒྱལ་མཚན་ནོ།།”[28]ཞེས་ཁྱུང་རབས་སྔ་ཕྱི་དག་ཞལ་མཐུན་པར་ཁོང་ནི་ཨ་འཚོ་བཟའ་ལས་འཁྲུངས་པ་ཙམ་ལས་མ་ཡུམ་གྱི་མཚན་བཀོད་མེད།  མ་ཡུམ་གྱི་མཚན་མ་བཀོད་པ་ནི་གཅིག་བྱས་ན། མ་ཡུམ་གཡོག་མོ་ཙམ་ལས་ཚུལ་མཐུན་གྱིས་བསུས་པ་མ་ཡིན་པས་ཡིན་སྲིད་ལ། ཡང་ན། ཁྱུང་རབས་ཁག་ལས་འདན་བཟའ་དང་ཚབ་བཟའ། གསེར་བཟའ།  ལྷ་ལྡོང་བཟའ།  སྟག་བཟའ།  བ་ཡག་བཟའ།  གླིང་བཟའ།  ཧོར་མོ། རོང་མོ།  གཅུང་མོ་ལྟ་བུ་ལས་མ་ཡུམ་གྱི་མཚན་དངོས་སུ་བཀོད་པ་མཐོང་དཀོན་པས་ཀྱང་ཡིན་སྲིད།  ཨ་འཚོ་ནི་དུས་སྐབས་དེ་ཙམ་ནས་རུས་རྒྱུད་ཀྱི་ཚོ་བ་གཞི་རྒྱ་ཆེ་བ་ཞིག་ཡིན་ལ།  ད་ལྟ་ཡང་ཁྱུང་ཡུལ་གསེར་ཚ་དང་ལྷོ་གཏམ་སྟོད་སོགས་སུ་ཨ་འཚོ་རུས་རྒྱུད་དང་ཚོ་བ་མང་དུ་ཡོད་པ་རེད། ཕྱིས་སུ་རུས་རིགས་འདི་ལས་རྫོགས་ཆེན་ཉམས་ལེན་གནང་མཁན་གྱི་བླ་མ་འགའ་ཞིག་འཁྲུངས་པ་རེད། གཞན་ཡང《ཁྱུང་རབས་ལེགས་བཤད་ཕྲེང་བ》ལས“ཁྱུང་པོ་ནང་ཆེན་གྲགས་པ་རྒྱལ་མཚན་གྱི་རྣམ་ཐར་ནི།  ཧོར་དམག་བྱུང་བའི་དུས་ལོག་སྐབས་ཡུམ་དང་ཆུང་ནས་འོ་བརྒྱད་ཀྱི་མི་སྡེའི་ནང་དུ་ཕྱིན་པ།  ཕྱིས་དཔོན་སྲས་ཀྱིས་ཡུམ་སྲས་གཉིས་བསུས་ཏེ།  ཆུང་ངུའི་དུས་སུ་ནས་ཡིག་རྩིས་དང་ཡོན་ཏན་མཁས་པར་སྦྱངས།”[29]ཞེས་ཁྱུང་པོ་ཧོར་དམག་གིས་རླག་སྐབས་ཁོང་མ་ཡུམ་གྱིས་འོ་བརྒྱད་མི་སྡེའི་ཁྲོད་དུ་ཁྱེར་བར་བཤད་ཡོད།  འོ་བརྒྱད་མི་སྡེ་ནི་གནོད་སྐྱོན་དེའི་སྐབས་སུ་ཁྱུང་པོ་ཚང་ལ་རོགས་རམ་བླ་མེད་གནང་མཁན་གྱི་གྲལ་དེ་ཡིན་པ་རེད།  དཔེར་ན།  འོ་བརྒྱད་མི་སྡེས་ཁྱུང་པོ་དཔོན་དགེ་དཔོན་དབུས་གཉིས་ཀྱི་གདུང་ཞུགས་ལ་ཕུལ་བ་དང་གདུང་འབུམ་བཞེངས་པ་སོགས་ཁྱུང་རབས་ཁག་ནང་འཁོད་ཡོད་པ་རེད། འོ་བརྒྱད་མི་སྡེ་གང་དུ་ཡོད་དམ་ཞེ་ན།  གུས་པས་འཚོལ་ཞིབ་དང་འདྲི་བརྩད་བྱས་པ་བརྒྱུད།  རུས་རིགས་འོ་བརྒྱད་དུ་གཏོགས་པ་མང་པོ་ཞིག་དེང་གི་ནག་ཆུ་སྦྲ་ཆེན་རྫོང་རྐྱང་སྨད་ཤང་གི་ཡེ་ཐ་བར་ཐ་གྲོང་དང་མམ་ཐ་གྲོང་།  རོང་ཆེན།  འབུ་ཚབ་སོགས་སུ་གཞིས་ཆགས་འདུག  ཡུལ་དེའི་རྒན་རབས་འོ་བརྒྱད་ནམ་མཁའ(1953-)ལགས་ནས་གསུངས་པ་ལྟར་ན།  སྦྲ་ཆེན་རྐྱང་སྨད་ཤང་གཅིག་པུ་ལའང་འོ་བརྒྱད་དུད་ཁ་བརྒྱ་ལྷག་ཡོད་ཟེར།  གཞན་གཉན་རོང་རྫོང་དང་སོག་རྫོང་།  རྫ་སྟོད་རྫོང་སོགས་སུ་འོ་བརྒྱད་མི་སྡེ་ཁ་འཐོར་རེ་ཡོད་པར་བཤད།  ཡུལ་ཕྱོགས་འདི་དག་ཕལ་ཆེ་བ་སྔར་ཁྱུང་པོའི་ས་ཁོངས་སུ་གཏོགས་པ་རེད།  དེས་ན་སྐབས་དེར་འོ་བརྒྱད་ཡུལ་སྡེའི་གཙོ་བོའི་གནས་སྡོད་ཁུལ་དེ་དེང་གི་ཡེ་ཐ་བར་ཐ་དང་འགག་སྟོད་བཅས་སུ་ཡིན་པ་ལ།  ཕྱིས་སུ་གཡས་གཡོན་སྡེ་ཁོངས་སུ་འཐོར་ཞིག་སོང་བ་རྟོགས་ཐུབ།  གཞན་ཡང་ཁྱུང་པོ་ཧོར་དམག་གིས་བཅོམ་པའི་དུས་ནི་སྤྱི་ལོ་༡༢༤༠ལོར་རེད།  ཁམས་ནང་ཆེན་རྫོང་གི་མིང་འདི་ག་དུས་བྱུང་མིན་གསལ་པོ་ཞིག་བཀོད་པ་མ་མཐོང་མོད།  འབྲེལ་ཡོད་ཡིག་ཆ་ཁག་གིས་སྟོན་སྟངས་ལ་གཞིགས་ན།  དུས་རབས་བཅུ་གསུམ་པའི་ནང་དུ་ས་སྐྱ་དཔོན་དང་ཧོར་གྱི་ཆབ་སྲིད་ལམ་ལུགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ནམ་སྙམ་མོ།།  དེ་ལྟར་ཕྱོགས་ཡོངས་ནས་བརྟགས་ཤིང་དཔྱད་ན།  གོང་གི《གསེར་སྒམ》སོགས་སུ་བཀོད་པའི་སྐད་ཆ་དེ་དག་ནི་ཕྱིས་སུ་ནང་ཆེན་གྲགས་པ་ཁོང་གི་མཚན་ཟུར་གྱི་ནང་ཆེན་ཞེས་པའི་ཐ་སྙད་དེ་ཙམ་ལ་བརྟེན་ནས་གསར་དུ་རྟོག་བཟོ་བྱས་ནས་གྲུབ་པ་ཤེས་ཐུབ་བོ།།

 

ད་འོ་ན།  ཁོང་གི་མཚན་ཟུར་དུ་ནང་ཆེན་ཞེས་སྨོས་དགོས་དོན་གང་རེད། ཐ་སྙད་དེ་ག་དུས་མཚན་ཟུར་དུ་བཀོལ་སྤྱོད་བྱས་པ་རེད།  མཚོན་དོན་གང་རེད་ཅེས་དྲིས་ན།  ཁྱུང་རབས་མང་པོ་ཞིག་ཏུ་དེའི་སྐོར་ནས་གསལ་བཤད་བྱས་པ་མ་མཐོང་ནའང་།  ཁྲིན་ཆེན་དབྱིན་གྱིས་བརྩམས་པའི《འགྲོ་མགོན་འཕགས་པའི་མཛད་རྣམ》ལས།“གསུམ་ནས་བོད་ཀྱི་དཔོན་ཁག་རིམ་པའི་མིང་བྱང་འདོན་པ་དང་གོ་གནས་སྩོལ་བ་སྟེ། ས་སྐྱའི་སྲིད་དབང་གི་དཔོན་ཆེན་དང་།  ནང་ཆེན། ཁྲི་སྐོར་ཁག་གི་དཔོན་པོ་ཞིག་ཡིན་ཚེ་ཏི་ཤྲིས་མིང་བྱང་བཏོན་ནས་གོང་མས་གོ་གནས་སྩོལ་ལ།  དེ་མིན་གྱི་སྟོང་དཔོན་མན་གྱི་དཔོན་རིགས་དང་།  ས་སྐྱའི་བླ་བྲང་།  ལས་ཚན་གྱི་དཔོན་རིགས་བཅས་པར་ཏི་ཤྲིས་གོ་གནས་སྩོལ་བར་བྱེད།”[30]ཅེས་འགྲོ་མགོན་འཕགས་པ་སྤྱི་ལོ༡༢༦༥ལོར་བོད་ཡུལ་དུ་ཕྱིར་ཕེབས་པ་དང་།  ས་སྐྱའི་སྲིད་འཛིན་ལམ་ལུགས་བཙུགས་ཤིང་དཔོན་གྱི་གོ་གནས་རིམ་པ་གཏན་འབེབས་བྱེད་སྐབས་ནང་ཆེན་ནི་ས་སྐྱ་དཔོན་ཆེན་གྱི་མཚམས་དེ་ཡིན་པར་བཤད་ཡོད།《ཁྱུང་པོའི་དཀར་ཆབ་ཆེན་མོ》ལས།“དེ་དུས་ས་སྐྱའི་དཔོན་ཆེན་དང་།  མདོ་གམ་གྱི་དཔོན་ཆེན་མ་གཏོགས་པ་ལས་འཛིན་གང་ཡིན་ལ་ནང་སོ་ཟེར་ས་མེད་པ་ལ།  ཁྱུང་པོ་ལ་ནང་ཆེན་གྲགས་པ་དང་ནང་པ་བྱང་ཤེས་ཟེར་ནས་བོན་སྲིད་རྣམས་བསྒྲིགས་པ་ལ།  མཁན་པོ་རིན་པོ་ཆེ་བཀྲ་ཤིས་རྒྱལ་མཚན་འཕྲག་དོག་སྐྱེས་ནས།  མདོ་གམ་སྒང་ན་ང་ནང་སོ་༡།  ཁྱོད་ནང་སོ༡།  རྫ་མ་༡ན་གཡག་མགོ་༢་མི་ཤོངས།  ཁྱོད་བླ་མ་འཕགས་པ་ལ་ཡ་བོ་བཟུང་བ་རེད་ཟེར་ནས་ཡར་བླ་མ་འཕགས་པ་ལ་ཞུ་བ་བསྐུར་ནས།  ཁྱུང་པོ་གྲགས་པས་བླ་མ་འཕགས་པ་དང་ངེད་༢་ལས་ཀ་ཆེ་ཆུང་མེད་པར་མཉམ་པོ་ཡིན་གསུངས་ནས།  ཁྱེད་ལ་ཡ་བོ་བཟུང་བས།  བོན་རྣམས་ཕྱོགས་གཅིག་ཏུ་སྲིད་བསྡེབས་ནས་ཁྲིམས་བཅོལ་དོ་ཞུས་པས།”[31]ཞེས་ཡིག་ཆ་འདི་དག་ལས་ཤེས་ཐུབ་པ་ནི།  གཅིག་ནས་ནང་ཆེན་དང་ནང་སོ་ཞེས་པ་ནི་ཆབ་སྲིད་ཀྱི་གོ་གནས་མཚོན་བྱེད་ཅིག་ཡིན་པ།  གཉིས་ནས་ནང་སོ་དང་ནང་པ་ལས་ཀྱང་ནང་ཆེན་ཞེས་པ་གོ་གནས་མཐོ་བ།  གསུམ་ནས་ཁྱུང་པོ་གྲགས་པ་རྒྱལ་མཚན་ལ་ཧོར་གྱིས་གོ་ཐོབ་ཆེན་པོ་སྤྲད་ཡོད་པ།  བཞི་ནས་བླ་དཔོན་གྱི་མཚན་ཟུར་དུ་ནང་ཆེན་སོགས་ཀྱི་ཐ་སྙད་སྦྱོར་བ་དེ་དག་ཀྱང་སྤྱི་ལོ༡༢༦༥ལོའི་རྗེས་ཙམ་ལ་ཧོར་རམ་སོག་པོའི་དབང་སྒྱུར་འོག་བྱུང་བ་ཞིག་ཡིན་པ་ཤེས་ཐུབ།  ཁྱུང་རབས་ཁུངས་ཐུབ་དག་ལྟར་ན།  ནང་ཆེན་གྲགས་པས་སྐབས་དེར་བོན་སྲིད་གཉིས་ཐད་ནས་གོ་གནས་གལ་ཆེན་བཟུང་བ་གསལ་ཡོད།  ཕྱིས་ཀྱི་ཁྱུང་རབས་མང་པོ་ཞིག་ལས“བདག་ནི་ཕྱོགས་བཅུའི་བྱ་བྲལ་ཡིན་པས་ས་ཡུལ་མི་སྡེའི་མཁོ་ཆ་མེད”[32]ཅེས་ནང་ཆེན་གྲགས་པ་ནི་དམ་པའི་ལྷ་ཆོས་ཚུལ་བཞིན་སྒྲུབ་མཁན་ཞིག་ལས་འཇིག་རྟེན་མི་ཆོས་སམ་ཆབ་སྲིད་ཀྱི་ལས་ལ་སྤྲོ་བ་མེད་པར་བཤད་ཀྱང་།《ཁྱུང་པོའི་དཀར་ཆབ་ཆེན་མོ》ལས་དེ་ལས་ལྡོག་པར་ཁོང་གིས་ཆབ་སྲིད་ཐད་ནས་བྱ་བ་མང་པོ་ཞིག་བསྒྲུབས་པ་བསྟན་ཡོད་པ་རེད།  མ་གཞི་དེང་གི་ལོ་རྒྱུས་སྨྲ་བ་ཡིན་ཟེར་མཁན་ཕལ་མོ་ཆེས་འདས་ཟིན་པའི་མི་སྣའམ།  གནད་དོན་གང་ཞིག་གླེང་སྐབས་དོན་དངོས་གང་ཡིན་ལ་བསམ་བློ་མི་གཏོང་བར་རང་གི་འདོད་པ་ལྟར་དུ་འཆོས་བཞིན་ཡོད་པ་རེད།  དེ་ནི་ཁྱོད་རང་གི་རྟོག་བཏགས་ལས་གྲུབ་པའི་སྒྲུང་གཏམ་ཙམ་ལས་འདས་ཟིན་པའི་དོན་རྐྱེན་དང་མི་སྣ་དེའི་ལྟ་གྲུབ་སོགས་ལ་སྒྱུར་བཅོས་གང་ཡང་མི་ཐུབ་བོ།།  དེ་བས་སྒྲུང་ལ་དགའ་མཁན་དག་ལ་ལོ་རྒྱུས་ཚུལ་བཞིན་འཆད་པ་ནི་ངལ་བའི་རྒྱུའོ།།   ཁོ་ཚོར་སྒྲུང་གཏམ་སྙན་མོ་ཞིག་བཤད་ན་དགའ་ཡལ་ལེར་འདུག་པ་དེ་རེད། མ་གཞི་ནས་སྒྲུང་དང་བུ་རམ་ལ་དགའ་བ་ནི་བྱིས་པའི་རང་གཤིས་རེད།  བོད་རིགས་ནི་ནར་མ་སོན་པའི་བྱིས་པ་ཞིག་རེད།  ཁོ་ཚོ་ནམ་ཡང་གཞན་གྱིས་ཅི་ཞིག་སྟེར་བར་སྒུག་སྟེ་སྡོད་པའི་རིགས་དེ་ཡིན་པ་ལས།  རང་ལ་དམིགས་བསལ་གྱི་གོ་སྐབས་དང་ཆ་རྐྱེན་གང་འདྲ་འདུག་མིན་བསམ་བློ་གཏོང་སྟེ།  གོ་སྐབས་བཙལ་འཚོལ་བྱ་སྟེ་དཀའ་སྤྱད་ཆེན་པོས་རང་གི་རྐང་ཐོག་ཏུ་ཡར་ལངས་ཨི་ཐུབ་བྱེད་མི་ཤེས།   ཁོ་ཚོས་རང་ལ་རང་གི་བུ་རབས་ཚ་རྒྱུད་དང་བསྡུར་ན་ལས་རིགས་འཚོལ་བ་དང་བྱ་གཞག་གསར་གཏོད་བྱེད་པའི་གོ་སྐབས་མང་བ་དེ་ཤེས་མེད།  དེ་ལྟར་བསམས་ན།  ཁོ་ཚོ་ལ་བུ་རམ་ཁ་ཤས་སྦྱིན་ཞོར་དང་སྒྲུང་གཏམ་སྙན་པོ་འགའ་བཤད་ན་དེ་ཡང་དགེ་བ་ཞིག་ཡིན་ཀྱང་ཆོག།  གནས་ཚུལ་འདི་སྒྲུང་པ་དང་བུ་རམ་འཚོང་མཁན་དག་ལ་མཚོན་ན་གོ་སྐབས་དཔེ་བཟང་པོ་ཞིག་རེད། དཱ་ང་ཚོས་མུ་མཐུད་དེ་ནང་ཆེན་གྲགས་པའི་སྐོར་ལ་བསམ་གཞིག་བྱས་ན། སྐབས་འདིར་ཐོན་དུས་ཁྱོད་རང་ལ་དོགས་གཞི་མི་འདྲ་བ་བྱུང་ངམ།  དཔེར་ན།  ནང་ཆེན་གྲགས་པ་ལ་དེ་འདྲའི་གོ་གནས་ཆེན་པོ་ཞིག་གང་འདྲ་བྱས་ནས་ཐོབ་པ་ཡིན་ནམ།  ཁོང་དང་ས་སྐྱའི་བར་ལ་འབྲེལ་བ་གང་ཡོད།  ཁོང་དང་ཧོར་གྱི་བར་ལ་འབྲེལ་བ་གང་ཡོད་དམ།  ཕལ་ཆེ་བ་ལ་ནང་པ་ཞེས་འབོད་པ་ལ་ཁོང་ལ་ནང་ཆེན་ཞེས་འབོད་དགོས་དོན་གང་ཡིན་ནམ།  དྲི་བ་འདི་དག་རེ་རེ་བཞིན་གསེད་བཀྲོལ་དགོས་ན། སྐབས་བབ་ཀྱི་བརྗོད་བྱ་ཉོབ་པར་སེམས་ནས་དཀྱུས་གཅིག་ཏུ་ལན་འབུལ་བར་བྱའོ།།

 

བོད་བཙན་པོའི་རྒྱལ་རབས་འཐོར་ཞིག་སོང་བ་དང་བོད་སྤྱི་ལ་དབང་སྒྱུར་བའི་རྒྱལ་པོ་མེད་པར་གྱུར།  དེ་ལྟ་བུའི་སྤྱི་ཚོགས་གནས་སྟངས་འོག་བོད་ཡུལ་སྟོད་སྨད་གང་སར་ས་ཁུལ་རེ་ལ་དཔོན་ཆེན་རེས་བདག་བྱས་ཤིང་།  དེ་དང་མཉམ་དུ་ཆོས་ལུགས་གྲུབ་མཐའ་མི་འདྲ་བ་སྣ་ཚོགས་དར་རྒྱས་བྱུང་ཡོད།  ཆོས་ལུགས་གྲུབ་མཐའ་ཁག་དང་ས་གནས་ཀྱི་དཔོན་རིགས་བར་མཆོད་ཡོན་གྱི་འབྲེལ་བའམ་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་གྲུབ་ཡོད།  དེ་བས་སྐབས་དེའི་ཆོས་ལུགས་པ་དག་གིས་རང་རང་གི་རྒྱབ་རྟེན་བཙན་པོ་ཞིག་འཚོལ་བར་འབད་བརྩོན་བྱེད་བཞིན་ཡོད།  དེ་ནི་ཁོ་ཅག་གི་གྲུབ་མཐའ་འམ་དགོན་སྡེ་སོགས་ཡུན་རིང་གནས་ཐུབ་པའི་ཆེད་དུའམ།  འཕེལ་རྒྱས་གཏོང་ཐུབ་པའི་དགོས་མཁོ་གལ་ཆེན་ཞིག་ཆགས་ཡོད་པ་རེད།  གནས་ཚུལ་དེ་འདྲའི་འོག་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་དུ་ཨེ་ཤི་ཡའི་དབུས་ཤར་དུ་སོག་པའི་མི་རིགས་ཀྱི་སྟོབས་ཤུགས་ཆེས་ཆེར་རྒྱས་ཏེ་ཕྱོགས་མཚམས་ཀྱི་མི་རིགས་གཞན་དག་དྲག་པོའི་སྟོབས་ཀྱིས་བཅོམ།  དེ་ལྟར་ཧོར་དམག་གི་དཔའ་རྩལ་དང་གྲགས་པ་བསིལ་ལྡན་ཁ་བ་གངས་ཅན་པའི་རི་ལུང་གང་སར་ཁྱབ་སྟེ་བོད་ཀྱི་ཆོས་པ་དག་གིས་ཀྱང་ཧོར་ལ་རྒྱབ་རྟེན་བཅོལ་བར་འཚང་ཁ་བརྒྱབ་པ་རེད།《དུང་དཀར་ཚིག་མཛོད་ཆེན་མོ》ལས། ཧོར་རྒྱལ་གོ་དན“ཁྲི་ལོ་དྲུག་པ་ས་ཕག(༡༢༣༩)ལོར། ས་སྐྱ། ཕག་གྲུ། འབྲི་གུང། ཚལ་པ། སྟག་ལུང་བཅས་ནས་ཧོར་རྒྱལ་པོ་སོ་སོར་མགོ་བཏགས་ནས་འབྲི་གུང་དང་གཙང་མགུར་མོ་བས་མོང་གོལ་ཧན། ས་སྐྱ་བ་དང་ལྷ་སྡེ་གཞུང་པ་བཅས་ཀྱིས་གོ་དན། ཚལ་པས་སེ་ཆེན་ཧན། ཕག་གྲུ། གཡའ་བཟང། ཐང་པོ་ཆེ་བ་བཅས་ཀྱིས་ཧུ་ལའི་ཧུ། སྟག་ལུང་པས་ཨ་རི་ག་བཅས་ལ་མགོ་བཏགས།”[33]ཞེས་ཆོས་རྒྱུད་སོ་སོས་རང་རང་གི་རྒྱབ་རྟེན་མི་འདྲ་བ་རེ་བཙལ་ཡོད་པ་ཤེས་ཐུབ།  སྐབས་དེར་བོད་ཀྱི་ཆེ་དགུ་ནང་ནས་སྟོབས་འབྱོར་ཆེ་ཤོས་ནི་འབྲི་གུང་པ་ཡིན་པར[34]བཤད་ཅིང་།  ཁྱུང་རབས་ཁག་ལས་གསལ་བ་ལྟར་ན།  སྐབས་དེར་མདོ་གམ་གྱི་ཡུལ་སྡེ་ཕལ་མོ་ཆེས་བོན་ལ་སྤྱོད་པ་དང་མདོ་གམ་ཕྱོགས་སུ་བོན་གྱི་བླ་བྲང་གྲགས་ཆེ་བ་གསུམ་ཡོད་པ་ནི་མཐའ་བཞི་བོན་ཚང་དང་ཁྱུང་པོ་བོན་ཚང་། ཧོར་ལུ་བོན་ཚང་གསུམ་ཡིན།  དེ་དག་ལས་ཀྱང་ཁྱུང་པོ་ནི་བོན་སྡེ་ཕལ་མོ་ཆེས་དད་གུས་བླ་མེད་བྱེད་ས་ཞིག་ཏུ་གྱུར་ཡོད།  ཁྱུང་པོས་སྐབས་དེར་གཙོ་བོ་འབྲི་གུང་པ་ལ་འབྲེལ་འདྲིས་གནང་བ་ཁྱུང་རབས་ཁག་ཏུ་ལན་གཅིག་ཙམ་མིན་པར་ཡང་ཡང་གསལ་བ་དང་།《ཁྱུང་པོའི་དཀར་ཆབ་ཆེན་མོ》ལས“དུས་དེ་ཙམ་ན་མོ་འགོར་རྒྱལ་པོའི་རྒྱལ་ཁྲིམས་རྒྱུག་པས།  ཁྱུང་པོ་དཔོན་དགེ་དཔོན་དབུས་གཉིས་༢ལ།  འཇའ་ས་གསེར་གྱི་ཨེ་ཅན་དང་གནམ་དོ་ཡོན་གྱི་ལས་ཀ་བསྐོས།  སྟོད་ཡ་ཙེའི་རྒྱལ་ས་ཕྱིན་ཆད་དང་།  སྨད་ཅི་འགིན་གྱི་རྒྱལ་ས་ཡན་ཆད་དུ། དོ་ཡོན་རྣམས་ཀྱི་ཆེ་བ་དེ།  ཁྱུང་པོ་དོ་ཡོན་ཆེ་རུ་ཆུགས།  གནམ་དང་དོ་ཡོན་མཉམ་པོར་མཆོད།”[35]ཅེས་གསལ་བ་སོགས་གུང་བསྒྲིགས་ཏེ་དཔྱད་ན།  ཁྱུང་པོ་དང་འབྲི་གུང་གཉིས་ནས་ཧོར་རྒྱལ་མོལ་གོང་ཧན་ལ་སྐྱབས་བཅོལ་བྱས་པ་ཤེས་ཐུབ།  ཡང《དུང་དཀར་ཚིག་མཛོད་ཆེན་མོ》ལས“དེའི་ཕྱི་ལོ་རབ་བྱུང་བཞི་པའི་ལྕགས་བྱི(༡༢༤༠)ལོར་བློན་པོ་དོར་རྟ་ནག་པོས་སྣེ་ཁྲིད་པའི་དམག་དཔུང་བོད་དུ་བཏང། མདོ་སྟོད། མདོ་སྨད། སོག་ཆུ་ཁ་རྣམས་སུ་བོད་མི་མཐོང་ཚད་བསད་པ་དང། རྒྱལ་ལྷ་ཁང་མེས་བསྲེགས། རྭ་སྒྲེང་ལ་ཡང་གནོད་པ་ཆེན་པོ་བྱས། སྟག་ལུང་རྨུགས་པས་བསྒྲིབས་ནས་མ་མཐོང། གྲྭ་པ་རབ་བྱུང་བ་ལྔ་བརྒྱ་ཙམ་བསད། འབྲི་གུང་སྤྱན་སྔ་གྲགས་པ་འབྱུང་གནས་ཀྱིས་རྡོ་ཆར་ཕབ་པས་འབྲི་གུང་པར་མ་གནོད།”[36]ཅེས་ཧོར་རྒྱལ་གོ་དན་གྱི་བློན་པོ་དོར་རྟ་ནག་པོས་སྣེ་ཁྲིད་པའི་དམག་དཔུང་གིས་བོད་ཡུལ་བཅོམ་པ་དང་ལྷག་ཏུ་མདོ་གམ་ཕྱོགས་ནས་ཆེད་དམིགས་ཀྱིས་ཁྱུང་པོའི་སྒར་ས་རྩ་གཏོར་བཏང་བ་མ་ཟད།  དཔོན་དགེ་དཔོན་དབུས་གཉིས་བཀྲོངས། ཁྱུང་དབུས་ཤེས་རབ་རྒྱལ་མཚན་དངུལ་ཆུ་རྒྱུད་དུ་བྲོས་བྱོལ་དུ་ཕེབས།  ཁྱུང་ཨ་བླ་དགུང་ལོ་དྲུག་པ་ཧོར་ཡུལ་ལ་ཁྱེར་བ་དང་ཧོར་དམག་ལྷགས་པའི་ནངས་མོ་དེར་གཡོག་མོ་ཞིག་ལ་ནང་ཆེན་གྲགས་པ་རྒྱལ་མཚན་འཁྲུངས།  ཧོར་དམག་གིས་ཁྱུང་པོའི་སྟོབས་ཤུགས་མེད་པ་བཟོས་པ་དང་མུ་མཐུད་ཡར་དབུས་སུ་སོང་སྟེ་འབྲི་གུང་ལ་དམག་དྲངས།  འབྲི་གུང་སྤྱན་སྔ་གྲགས་པ་འབྱུང་གནས(1175-1255)ཀྱིས་ཉེ་གནས་སྒོམ་པ་ཤཱཀྱ་རིན་ཆེན་བྱ་བ་དམག་དཔོན་དུ་མངག་སྟེ་ཧོར་དམག་འགོག་པའི་གྲབས་གཤོམ་བྱས་མོད།  དམག་ཕམ་སྟེ་སྲོག་ཉེན་ལ་འཕྲད་པས་འབྲི་གུང་སྤྱན་སྔ་གྲགས་པ་འབྱུང་གནས་ཀྱིས་ཧོར་དམག་ལ་མགོ་བཏགས་སྣེ་ལེན་བྱས་པ་ཡིན་འདུག[37] ཁྱུང་རབས་ཁག་ཏུ་ཧོར་དོར་རྟས་ཁྱུང་སྒར་བརླག་དགོས་པའི་རྒྱུ་རྐྱེན་འགའ་ཙམ་བགྲངས་ཡོད་དེ།  དཔེར་ན།  སྐྱེ་བ་སྔ་མའི་ལན་ཆགས་ཀྱི་སྲོག་ལན་ཡོད་པ།  ཧོར་ལ་ཁྲལ་དུས་ཐོག་ཏུ་མ་འཕྲོད་པའམ་ཆད་ལྷག་ཤོར་བ། ཁྲོམ་ཚང་གི་མི་འཁྱམ་ཞིག་གིས་སོག་པོའི་གསེར་ཡིག་པའི་རྟ་བརྐུས་ཏེ་ཁྱུང་པོའི་རྟ་ར་ནང་བཏང་བ། ཚབ་བེ་ཁྲོམ་ཚང་སོགས་མདོ་ཁམས་སྨད་ཀྱི་ཡུལ་སྡེ་འགའ་ཡར་སྟོད་ཕྱོགས་སུ་ཁྲིད་པས་ལན་པ[38]སོགས་རེད།  རྒྱུ་རྐྱེན་མི་འདྲ་བ་འགའ་ཡོད་ཆོག་ཀྱང་གཙོ་བོ་ནི་ཁྱུང་པོ་དང་འབྲི་གུང་གིས་ཧོར་རྒྱལ་མོལ་གོང་ཧན་ལ་རྒྱབ་སྐྱོར་བྱས་པ་དེ་གོ་དན་གྱི་བློ་ལ་མ་བབ་པས་ཆེད་དུ་དྲག་དམག་བཏང་སྟེ་འབྲི་གུང་དང་ཁྱུང་པོའི་གཉའ་བཅག་པ་རེད་སྙམ།  སྤྱི་ལོ༡༢༥༠ལོའི“སྔ་རྗེས་སུ་ཇིང་གིར་རྒྱལ་རྒྱུད་ནང་ཁུལ་དུ་ཤོག་ཁ་གཉིས་ཆགས་ཏེ་འགལ་བ་ཆེན་པོ་ཡོད་པ་གསལ་པོར་མཚོན་ཞིང་།  གནས་ཚུལ་དེ་ལྟའི་འོག་བོད་དབུས་གཙང་གི་བླ་ཆེན་ཁག་གིས་ཀྱང་ཧོར་གྱི་རྒྱལ་རྒྱུད་སོ་སོའི་སྟོབས་ཤུགས་ལ་བརྟེན་ནས་བོད་དུ་རང་རང་གི་གྲུབ་མཐའི་སྟོབས་ཤུགས་སྤེལ་ཐབས་བྱེད་ཀྱི་ཡོད།”[39]ཅེས་བོད་ཀྱི་ལོ་རྒྱུས་ཡིག་ཆ《གཡུ་ཡི་ཕྲེང་བ》ནང་བཀོད་ཡོད་པ་རེད། དོར་དམག་གིས་སྤྱི་ལོ༡༢༤༠ལོར་ཁྱུང་པོ་དང་འབྲི་གུང་ལ་དམག་དྲངས་པ་དང་།  སྤྱི་ལོ༡༢༩༠ལོར་སྐད་གྲགས་ཆེ་བའི་འབྲི་གུང་གླིང་ལོག་སོགས་ཀྱི་དོན་རྐྱེན་ལྷགས་པར་བསམས་ན།  ས་སྐྱ་དང་འབྲི་གུང་།  མོལ་གོང་ཧན་དང་གོ་དན་གཉིས།  ཧུ་ལ་ཧུས་དང་སེ་ཆེན་ཧན་གཉིས་བར་གྱི་གནས་ཚུལ་རགས་ཙམ་རྟོགས་ཐུབ་པ་རེད།

 

དུས་རབས་བརྒྱད་པའི་ནང་བོད་ཡུལ་དབུས་གཙང་དུ་བོན་གཤེན་གྱི་མངའ་ཐང་ལ་གས་ཁ་ཤོར་བ་དང་།  དུས་རབས་བཅུ་པའི་ནང་ལྷ་བླ་མ་ཡེ་ཤེས་འོད(947-1019)སོགས་ཀྱིས་མངའ་རིས་ཁུལ་དུ་བོན་གཤེན་དང་བོན་དཔེ་མང་པོ་ཞུགས་ལ་ཕུལ་བ[40]སོགས་ཀྱི་ཆག་འཇིག་རབ་དང་རིམ་པ་ཞིག་བརྒྱུད་རྗེས། ད་ནི་བོན་སྡེ་རྣམས་དུས་སྐབས་དེའི་ཆབ་སྲིད་གནས་བབ་དང་སྤྱི་ཚོགས་འཕོ་འགྱུར་སོགས་ལ་ལྟ་བཞིན་འཚོ་སྡོད་དགོས་པ་ཆགས་ཡོད།  ཁྱུང་པོ་རྒྱ་ཚ་སྤུན་དྲུག་གི་སྐབས་དབུས་ནས་འབྲི་གུང་དར་ཞིང་སོག་པོ་ནས་མོལ་གོང་ཧན་སྟོབས་འབྱོར་ཆེ་བས་དེ་གཉིས་ལ་སྐྱབས་ཞུས།  ཐ་ན་ཁྱུང་པོ་དོར་དམག་གིས་རླག་སྐབས་དཔོན་དགེ་དཔོན་དབུས་གཉིས་དབུས་སུ་འབྲི་གུང་སར་སྐྱབས་འཚོལ་བར་འབྲོས་གྲབས་བྱས་ཀྱང་ལམ་ལྷོང་མ་བྱུང་བར་བསད།  ཁྱུང་དབུས་ཤེས་རབ་རྒྱལ་མཚན་གྱིས་རང་ཉིད་སྐུ་གཤེགས་ཁར་ད་དུང་ཡང་ཆིབས་རྟ་ལྡིང་ཁྱུང་འབྲི་གུང་གཅུང(1210-1278)རིན་པོ་ཆེ་ལ་འབུལ་དགོས་ཞེས་ཁ་ཆེམས་བཞག་པ་ལྟ་བུ་རེད།  སྐབས་དེར་མདོ་གམ་ཕྱོགས་སུ་བོན་སྡེ་མང་བ་དང་ཁྱུང་པོ་ནི་བོན་ལ་གྲགས་ཆེ་བས་སོག་པོས་ཀྱང་དེའི་རིན་ཐང་ལོས་ཧ་གོ་སྟེ།  དོར་རྟ་ནག་པོས་སྤྱི་ལོ༡༢༤༠ལོར་མོལ་གོང་ཧན་གྱིས་འཇའ་ས་གསེར་གྱི་ཨེ་ཅན་གནང་སའི་ཁྱུང་པོ་དཔོན་དགེ་དཔོན་དབུས་གཉིས་བཀྲོངས་པ་དང་།  བྱིས་པ་ཨ་བླ་ཧོར་ཡུལ་དུ་ཁྱེར།  ཨ་བླ་མཆོག་ནར་སོན་པ་དང་ཧོར་ཡུལ་ནས་ཧོར་གྱི་མི་ཆེན་ཨ་རམ་འགུ་བའི་བུ་མོ་ཧུ་ཟི་བྱ་བ་ཞིག་བག་མར་བསུས་པ་རེད།  ཁྱུང་རབས་ཁག་གི་ནང་བུ་མོ་འདིས་ཁོང་ལ་སེམས་ཤོར་བ་དང་ཁོང་ཆུང་དུས་སྲོག་བསྐྱབས་མྱོང་བས་ཁོ་གཉིས་མཉམ་དུ་བསྡད་པར་བཤད་ཀྱང་། དོན་དངོས་ཐོག་སྐབས་དེའི་ཧོར་གྱི་ཆབ་སྲིད་ཀྱི་དགོས་མཁོའམ་ཐབས་ཇུས་ཤིག་ཡིན་པ་རེད།  དཔེར་ན།  འགྲོ་མགོན་འཕགས་པའི་གཅུང་པོ་ཕྱག་ན་རྡོ་རྗེས(1239-1267)ཧོར་རྒྱལ་གོ་དན་གྱི་བུ་མོ་ཁབ་ཏུ་བཞེས་པ་དང་།  འགྲོ་མགོན་འཕགས་པའི་ཚ་བོ་བསོད་ནམས་བཟང་པོས་ཀྱང་ཧོར་མོ་ཞིག་ཁབ་ཏུ་བཞེས་པ་ལྟ་བུ་རེད།  དེ་ནས་ཤུལ་ལུས་ཀྱི་བོན་སྡེ་ཁག་གིས་ཁྱུང་པོའི་གདུང་རྒྱུད་འཆད་པར་དོགས་ཏེ་གྲགས་པ་རྒྱལ་མཚན་ལ་འདན་བཟའ་མ་ཞིག་བསུས་ཀྱང་ཁོང་རབ་བྱུང་བ་ཡིན་པས་དང་ལེན་མ་བྱས།  དེར་ཨ་བླ་དང་ཆུང་ནས་འདྲིས་ཆེ་བའི་ནག་སངས་ཞིག་པོ་དང་ཆུང་དུས་ཀྱི་བུ་རྫི་གཉིས[41]ཧོར་ཡུལ་དུ་ཨ་བླ་འཚོལ་དུ་བཏང་བར་བཤད།  སྐབས་དེར་བོད་ཡུལ་ནི་གཙོ་བོ་ས་སྐྱས་དབང་སྒྱུར་བ་དང་།  ཧོར་ཡུལ་སོགས་སུ་གཙོ་བོ་རྒྱལ་པོ་སེ་ཆེན་ཧན(1215-1296)གྱིས་རྒྱལ་སྲིད་བཟུང་བའི་དུས་སྐབས་དང་ཁེལ་ཡོད། སེ་ཆེན་ཧན་གྱིས་ཐོག་མར་ཨ་བླ་མདོ་གམ་ཕྱོགས་ཀྱི་བོན་སྲིད་བདག་པོ་རུ་བསྐོ་བསམ་མོད།  ནང་ཆེན་གྲགས་པ་ནི་ཆུང་དུས་ནས་ཡིག་རྩིས་སོགས་བསླབས་ཤིང་འཇོན་ནུས་དང་ཤེས་ཡོན་ཆེ་ལ།  ཞུ་ཚང་གདན་སར་ཕེབས་ནས་རབ་བྱུང་མཛད་ཅིང་ཆོས་ཕྱོགས་ལ་ཐོས་བསམ་མང་པོ་སྦྱངས་བས་བོན་སྡེ་ཁག་གི་ཁྲོད་དུ་གདེང་འཇོག་དང་ཤུགས་རྐྱེན་ཨ་བླ་ལས་ཀྱང་ཆེ་བས་ན།《ཁྱུང་པོའི་དཀར་ཆབ་ཆེན་མོ》“དེ་རྗེས་སེ་ཆེན་རྒྱལ་པོའི་རིང་ལ།  ནང་ཆེན་གྲགས་པ་རྒྱལ་མཚན་ལ་ཐམ་ཁ་སྟག་མགོ།  བསྟན་པ་ཤེད་བསྐྱེད་ཀྱི་འཇ་ས།  གནམ་དོ་ཡོན་གྱི་ལས་ཁ།  ས་དོ་ཡོན་གྱི་ལས་ཁ།  ཆེན་པོ་དོ་ཡོན་གྱི་ལས་ཁ།  མང་པོ་དོ་དོན་གྱི་ལས་ཁ་རྣམས་བསྐོས་ཤིང་།  ཟོན་བུ་ཟི་བའི་མི་དཔོན་ཐམས་ཅད་ཀྱིས་མདོ་གམ་སྤྱི་ཡི་བླ་མཆོད་དུ་བཏེགས་ནས།  ཞྭ་དཀར་མོ་ཅན་གྱི་ཁྲིམས་སྒོ་ཕྱེས།  ཞྭ་ལྕགས་གཉིས་ཀྱི་ལམ་ཕྱེས། རྒྱ་ལ་ངོ་ཆེ།  བོད་ལ་དྲིན་ཆེ།  བོན་གཤེན་གྱི་སྡེ་བཀོད།  སྲུང་བའི་གཤེན་བཞི། བླ་མཆོད་ཁག་བཞི།  བསྟན་པ་ཡ་༤།  ཐུགས་ཀྱི་སྲས༤།  ཁྲ་སྐྱ་གོ་གསུམ་ལ་སོགས་བསྟན་འཛིན་དུ་མའི་མངའ་བདག་ཏུ་གྱུར།”[42]ཞེས་གསལ་བ་ལྟར།  ཧོར་གྱིས་ནང་ཆེན་གྲགས་པ་ལ་གོ་ཐོབ་ཆེན་པོ་བསྩལ་བ་རེད། ཁོང་གིས་ཀྱང་མདོ་གམ་ཕྱོགས་ཀྱི་བོན་སྲིད་གཉིས་ལ་མཛད་རྗེས་རླབས་པོ་ཆེ་བཞག་པས་མ་ཚད།  ས་སྐྱ་སོགས་ལ་འབྲེལ་བ་དམ་ཟབ་བཙུགས་ཏེ་དུས་དང་བསྟུན་པའི་བོན་བསྟན་བསྐྱངས་བ་རེད།  ཁོང་ནི་རབ་བྱུང་འདུལ་བ་འཛིན་པ་ཡིན་པ་དང་ཧོར་གྱིས་ཐམ་ཁ་སྟག་མགོ་ནོར་བུ་བདུན་པ་སོགས་གཏད་དེ་ནང་ཆེན་ཞེས་པའི་གོ་མིང་བསྩལ་ནས་མདོ་གམ་བོན་སྡེ་སྤྱི་ཡི་བླ་དཔོན་དུ་བསྐོས་པས།  ཁོང་གི་མཚན་ཟུར་གྱི་ནང་ཆེན་ཞེས་པའི་ཐ་སྙད་དེ་བྱུང་བ་འདྲ།  ཁྱུང་པོའི་བླ་རབས་ཁག་གི་ཁྲོད་ནས་བོན་སྲིད་གཉིས་ལ་མཛད་རྗེས་ཆེ་ཤོས་འཇོག་མཁན་གཙོ་བོ་གཅིག་ཁོང་ཡིན་པས་ནང་ཆེན་ཞེས་འབོད་སྲོལ་བྱུང་བ་འདྲ།  སྐབས་དེར་ཧོར་གྱིས་རབ་བྱུང་བ་ལ་སྩོལ་བའི་གོ་གནས་ཀྱི་མིང་ལ།  ནང་སོའམ་ནང་པ་ཞེས་འབོད་པ་འདྲ། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱལ་མཚོས(1845-1915)ནང་སོ་ཞེས་པ་ནི་བཙུན་པ་ལ་སྟེར་རྒྱུའི་གོ་ས་ཞིག་ལ་ཟེར་ཞེས་གསུངས་པར་རྒྱུ་མཚན་ངེས་ཅན་ཞིག་ཡོད་སྙམ།  འོན་ཀྱང་།  ཕྱིས་སུ་ཁྱུང་པོའི་བླ་རབས་ཁག་གི་ཁྲོད་དུ་ནང་པའམ་ནང་སོ་མཚན་ཟུར་ཐོན་ཚད་རབ་བྱུང་བ་རེད་མི་འདུག་པས།  ཕལ་ཆེར་རབ་བྱུང་བ་ལ་འདོགས་པའི་གོ་གནས་ཀྱི་ཐ་སྙད་དེ་བར་སྐབས་ཤིག་ལ་ཡོངས་ཁྱབ་ཏུ་སྤྱོད་པ་ཞིག་ལ་གྱུར་བ་འདྲ།  རེད་དེ།  བླ་རབས་རེ་ལ་ནང་པའི་གོ་ཐོབ་ཡོད་མཁན་རེ་རེ་ཙམ་ཡིན་ཞིང་།  དེ་དག་མང་པོ་ཞིག་སེར་མོ་བ་ཡིན་པ་དང་ཡང་ན་ཐོག་མར་སེར་མོ་བ་ཡིན་པ་ཕྱིས་སུ་སྐྱ་སར་བབ་པ་དེ་འདྲ་ཡིན་ཤས་ཆེ་སྙམ་མོ།།

 

    བོད་རབ་བྱུང་བཅུ་བདུན་པའི་ཆུ་ཡོས་ལོའི་ཟླ་བ་དང་པོའི་ཚེས་བཅོ་དྲུག་དང་སྤྱི་ལོ༢༠༢༣-༣-༨སྟེ་རྒྱལ་སྤྱིའི་བུད་མེད་དུས་ཉིན་མདོ་གམ་ཁྱུང་ཡུལ་གྱིམ་ཤོད་ཤེལ་བྲག་ཚལ་ནས་དགེ་བཤེས་གཙུག་གཤེན་རྒྱལ་མཚན་གྱིས་མཇུག་རྫོགས་པར་བྲིས་པའོ།།

 

 


མཆན།

[1] སྟག་ཤོད་པདྨ་མཚོ་ནི་ཁྱུང་ཡུལ་གྱི་བུད་མེད་དམིགས་བསལ་བ་ཞིག་ཡིན།   ཁོང་གི་སྐོར་བན་བོན་གཉིས་ཀྱི་ལོ་རྒྱུས་ནང་གསལ་བ་དང་ཁོང་གི་ཆབ་གསེར་གྱིས་ཡི་གེ་བྲིས་པའི་གཏམ་རྒྱུད་བན་བོན་གཉིས་ལ་གྲགས་པས་མ་ཚད། ཐ་ན་ཁྱུང་པོ་ལས་གཞན་པའི་རི་བོ་ཆེ་སོགས་སུ་ཡང་དེ་འདྲའི་གཏམ་རྒྱུད་ཡོད་པ་རེད།

[2] པོ་ཏི་འདི་གཉིས་ལ་ཡིག་རྙིང་བྲིས་མ་ཁག་ཏུ་མགུར་འབུམ་ཞེས་བྲིས་ཡོད།  དེའི་གོ་དོན་ནི་འདིའི་ནང་གི་ལེའུ་རྣམས་ནི་ཁོང་གི་མཇལ་སྣང་དང་ཉམས་རྟོགས་སྐོར་ཞིག་མགུར་གླུ་ལ་བཞེངས་པ་ཞིག་རེད། འདི་ལ་དེང་སང་གསར་དུ་དཔར་བའི་དཔེ་ཚོགས་ཁྲོད་དུ་ཁོང་གི་རྣམ་ཐར་ཞེས་བྲིས་ཡོད།  དེ་ནི་འདིའི་རྩོམ་པ་པོ་ཁོང་ཡིན་པ་དང་ཁོང་གི་གསང་བའི་རྣམ་ཐར་ལྟ་བུ་ཞིག་ཡིན། གསང་བའི་རྣམ་ཐར་ཞེས་པ་ནི་བླ་མ་གང་དེས་ཕལ་གྱིས་མི་མཐོང་བའི་ཞིང་ཁམས་སུ་བསྐྱོད་དེ་རིག་འཛིན་དང་མཁའ་འགྲོ་གང་ཞིག་ལས་དབང་གདམ་ཞུས་པ།  ཡང་ན་ལྷ་དང་ཀླུ།  ཡུལ་ས་གཞི་བདག  མཁའ་འགྲོ་སྲུང་མ་དག་མཇལ་ཏེ་དེ་དག་དང་ཞུ་ལན་བྱས་པའི་ནང་དོན་རྣམས་ཡི་གེར་ཕབ་པ་ཞིག་ལ་གོ་དགོས།

[3]ཕྲན་གྱིས་ལོ་ཤས་སྔོན་ལ་རྩེ་དྲུག་དགོན་གྱི་སྒོམ་གྲྭ་མཁན་པོ་ཚུལ་ཁྲིམས་རབ་རྒྱས་རྣམ་དག་མཆོག་ལ་བློ་ལྡན་མགུར་འབུམ་སྐོར་ནས་བཅར་འདྲི་ཞུས་པ་ཡིན།  ཁོང་གིས་གསུངས་དོན།ཁོང་གིས་སྔོན་མ་སོག་སྡེ་བསྟན་པའི་ཉི་མ་མཆོག་གི་ཕྱག་རོགས་གནང་སྟེ་བཀའ་བརྟེན་པར་སྐྲུན་གྱི་མ་དཔེ་འཚོལ་བསྡུ་གནང་སྐབས།  བློ་ལྡན་མགུར་འབུམ་གྱི་མ་དཔེ་གཉིས་ལག་སོན་བྱུང་བར་བཤད་ཅིང་།  གཅིག་ནི་ཀོང་པོ་རྒྱལ་རི་དགོན་དུ་བཞུགས་ཡོད་པ་དང་།  གཞན་དེ་ནི་རྩེ་དྲུག་དགོན་དུ་ཡོད་ཟེར།  དེ་གཉིས་ནས་རྒྱལ་རི་དགོན་དུ་བཞུགས་པ་དེ་རྙིང་ཉམས་ཆེ་བས་སྐབས་དེར་མ་དཔེ་དེ་བཞག་པ་ཡིན་ཟེར།  ཕྱིས་སུ་གུས་པས་སོག་སྡེའི་དཔར་མ་དང་རྩེ་དྲུག་གི་དཔེ་རྙིང་གཉིས་གཤིབ་བསྡུར་བྱས་པ་ཡིན་པས་ལེའུ་ཁ་ཤས་སོག་སྡེའི་དཔར་མ་དེ་མང་གི་འདུག་ལ།  ཐ་སྙད་ཁ་ཤས་ལ་ཁྱད་པར་མངོན་གསལ་དོད་པོ་འདུག

[4] སྤྲུལ་སྐུ་བློ་ལྡན་སྙིང་པོ།   སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྣམ་ཐར་བཞུགས་སོ།།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  སྤྱི་ལོ༢༠༢༡ལོར་དཔར།  ཤོག་ངོས། ༣༢༨ གསལ།

[5] སྤྲུལ་སྐུ་བློ་ལྡན་སྙིང་པོ།   སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྣམ་ཐར་བཞུགས་སོ།།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  སྤྱི་ལོ༢༠༢༡ལོར་དཔར།  ཤོག་ངོས། ༦༠༠ གསལ།

[6] སྤྲུལ་སྐུ་བློ་ལྡན་སྙིང་པོ།   སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྣམ་ཐར་བཞུགས་སོ།།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  སྤྱི་ལོ༢༠༢༡ལོར་དཔར།  ཤོག་ངོས། ༡༠༠ གསལ།

[7] སྤྲུལ་སྐུ་བློ་ལྡན་སྙིང་པོ།  སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྣམ་ཐར་བཞུགས་སོ།།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  སྤྱི་ལོ༢༠༢༡ལོར་དཔར།  ཤོག་ངོས། ༤༥༨ གསལ།

[8] སྤྲུལ་སྐུ་བློ་ལྡན་སྙིང་པོ།  སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྣམ་ཐར་བཞུགས་སོ།།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  སྤྱི་ལོ༢༠༢༡ལོར་དཔར།  ཤོག་ངོས། ༥༣༩ གསལ།

[9] འདིའི་སྐོར་ཕྲན་གྱིས་བྲིས་པའི་ཤེལ་ཞིག་གཡུང་དྲུང་རྒྱལ་པོའི་མི་ཚེ་དང་ལྟ་གྲུབ་སྐོར་ལ་དཔྱད་པ་ཞེས་པར་གསལ།

[10] འོད་ཟེར་སྦྱིན་པ། «གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས»པོད(༦༥)པ། «མ་འོངས་ལུང་བསྟན་གསལ་བའི་མེ་ལོང»ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།ཤོག་ངོས། ༣༥༤གསལ།

[11] ཁྱུང་རབས་ཞེས་པ་ནི་བོན་གྱི་གདུང་རིགས་གྲགས་ཅན་ཁྱུང་པོའི་རུས་ཁུངས་དང་འཕོ་འགྱུར།  ད་ལྟའི་གནས་བབ་སོགས་བཀོད་པའི་ལོ་རྒྱུས་ཡིག་ཆ་ཞིག་ཡིན།  ཁྱུང་རབས་སྣ་ཁ་གཅིག་ལ་མ་དཔེ་མི་འདྲ་བ་ཡོད་པ་མ་ཟད།  དུས་རིམ་སྔ་ཕྱི་མི་འདྲ་བ་དང་རྩོམ་པ་པོ་མི་འདྲ་བས་བརྩམས་པའི་ཁྱུང་རབས་སོགས་ཡོད།  ཁྱུང་རབས་དཔེ་རྙིང་ཕྱོགས་བསྒྲིགས་ཞེས་པའི་དེབ་ནང་ཁྱུང་རབས་སྣ་ཁ་མི་འདྲ་བ་བཅུ་བསྡུས་ཡོད། དེར་མ་བསྡུས་པའི་ཁྱུང་རབས་ཕྲན་གྱིས་མཐོང་བ་གཉིས་ཡོད།  ད་དུང་ཁྱུང་རབས་དཔེ་དཀོན་གཞན་ཡོད་སྲིད།  འོན་ཀྱང་། ཁྱུང་རབས་མང་པོ་ཞིག་ལ་ཕྱིས་སུ་ནང་དོན་གསར་པ་མང་པོ་ཁ་སྣོན་བྱས་པས་མ་ཚད།  ནང་དོན་ཁ་ཤས་རང་གི་འདོད་པ་ལྟར་དུ་བཅོས་ཡོད་པས་ང་ཚོས་ཞིབ་ཏུ་དཔྱད་དགོས།

[12] ཁྱུང་རབས་དཔེ་རྙིང་ཕྱོགས་བསྒྲིགས།   ཤོག་ངོས། ༡༠༠-༡༠༡བར་གསལ་ཡོད།

[13] ཁྱུང་རབས་དཔེ་རྙིང་ཕྱོགས་བསྒྲིགས།   ཤོག་ངོས། ༡༩༣གསལ་ཡོད།

[14] རྒྱལ་ཁྱུང་དཀར་པོའི་གདུང་རབས་རྣམ་ཐར་གྱི་དཀར་ཆབ་ཆེན་མོ་བཞུགས་སོ།།  ཤོག་ངོས། ༡༥ནང་གསལ།  འདི་ནི་ཁྱུང་རབས་དཔེ་དཀོན་ཞིག་ཡིན། མིང་གཞན་ལ་ཁྱུང་མཛོད་ཀྱང་ཟེར། དེང་སང་གསར་དུ་རྙེད་སོང་བྱུང་བ་ཞིག་ཡིན་ལ།  ཐ་སྙད་ཀྱི་འགྲོས་དང་ནང་དོན་སོགས་གང་ལ་གཞིགས་ཀྱང་ཕྱིས་སུ་བཟོ་བཅོས་ཆེན་པོ་མ་ཐེབས་པའི་ཡིག་ཆ་རྩ་ཆེན་ཞིག་ཡིན།  ཕྲན་གྱི་ལག་ལ་བྱུང་བའི་ཡིག་ཆ་ནི་པར་བཤུས་བརྒྱབ་པ་ཞིག་ཡིན་ལ།  མཇུག་གི་ཤོག་ལྡེབ་ཚང་མི་འདུག།  དེ་བས་རྩོམ་པ་པོ་སུ་ཡིན་མིན་ཁ་ཚོན་གཅོད་དཀའ། རེད་དེ།  དེང་སང་ཞིབ་འཇུག་པ་འགའ་ཤས་ཀྱིས་ཡིག་ཆ་འདི་ཁྱུང་པོ་བླ་ཆུང་བློ་གྲོས་རྒྱལ་མཚན་གྱིས་བརྩམས་པར་བཞེད་ཀྱིན་ཡོད་པ་རེད།  དེར་རྒྱུ་མཚན་མེད་པ་མིན་ཏེ་འདིའི་དཀྱིལ་གྱི་ལེའུ་ཁ་ཤས་ཁོང་གིས་བརྩམས་པ་དངོས་སུ་གསལ་ཡོད་པ་རེད།  གཞན་ཡང་ཁོང་གིས་བརྩམས་པའི་ཁྱུང་རབས་གཞན་པ་ཞིག་ཡོད་པ་དེ་དང་འདི་གཉིས་བརྗོད་བྱ་བསྟན་སྟངས་སོགས་འདྲ་བ་རེད།  ཁོང་གི་འཁྲུངས་འདས་སྐོར་ལ་ཞིབ་འཇུག་གནང་མཁན་མང་ཡང་གཅིག་མཐུན་ཞིག་བྱུང་མེད་པས་ད་དུང་དཔྱད་དགོས་པར་མཐོང་།

[15] ཁྱུང་རབས་དཔེ་རྙིང་ཕྱོགས་བསྒྲིགས།  ཤོག་ངོས། ༡༩༢གསལ་ཡོད།

[16] རྒྱལ་ཁྱུང་དཀར་པོའི་གདུང་རབས་རྣམ་ཐར་གྱི་དཀར་ཆབ་ཆེན་མོ་བཞུགས་སོ།།  ཤོག་ངོས། ༡༤ནང་གསལ།

[17] འདིའི་རྒྱ་ཚ་ཞེས་པའི་རྒྱ་ནི་རྒྱ་མི་རིགས་ལ་གོ་བ་མ་ཡིན་པར་ཁོ་ཅག་གི་མ་ཡུམ་ནི་མདོ་གམ་ཕྱོགས་ཀྱི་བོད་རིགས་རྒྱལ་རབ་གདའ་བཟའ་དབྱི་སྤ་མ་བྱ་བ་ཡིན་པས་དེ་ཚིག་བསྡུས་པས་རྒྱ་བཟའ་ཞེས་འབོད་པ་རེད།

[18]ཁྲིན་ཆེན་དབྱིན་གྱིས་བརྩམས།  སྐལ་བཟང་དར་རྒྱས་ཀྱིས་བསྒྱུར།  ཡོན་རྒྱལ་རབས་ཀྱི་ཏི་ཤྲི་འགྲོ་མགོན་འཕགས་པའི་མཛད་རྣམ།  ཀྲུང་གོའི་བོད་རིགས་པ་དཔེ་སྐྲུན་ཁང་ནས་སྤྱི་ལོ༢༠༡༡ལོར་པར་ཐེངས་གཉིས་པ་བརྒྱབ།  ཤོག་ངོས།  ༣༦༥གསལ།

[19]ཡིག་ཆ་འདིར་ཀུན་དགའ་དབང་ལྡན་ཞེས་བྲིས་པ་ནི་ནོར་བ་ཞིག་སྟེ། ཁྱུང་རབས་རྙིང་གྲས་ཁྱུང་མཛོད་སོགས་སུ་ཀུན་དགའ་རྒྱལ་མཚན་ཞེས་བྲིས་ཡོད།

[20] ཁྱུང་རབས་དཔེ་རྙིང་ཕྱོགས་བསྒྲིགས།  ཤོག་ངོས། ༡༠༠གསལ་ཡོད།

[21] རྒྱལ་ཁྱུང་དཀར་པོའི་གདུང་རབས་རྣམ་ཐར་གྱི་དཀར་ཆབ་ཆེན་མོ་བཞུགས་སོ།།  ཤོག་ངོས། ༡༧གསལ།

[22]ཁོང་གི་འཁྲུངས་ལོ་ལ་གསེར་སྒམ་ལས་ཆུ་རྟ་ལོར་འཁྲུངས་པར་བཞེད་པ་དང་།  ཞང་བོད་ཚིག་མཛོད་ལས།  དེའི་རྗེས་སུ་འབྲངས་ཏེ“ཆུ་རྟ་སྟེ་སྤྱི་ལོ༡༢༢༣ལོར་འཁྲུངས”ཞེས་བཀོད་ཡོད་མོད།  རབ་བྱུང་བཞི་པའི་ཆུ་རྟ་ཡིན་ན་ནི་སྤྱི་ལོ༡༢༢༢ལོར་ཁེལ་ཡོད།   འོན་ཀྱང་།  ཁྱུང་རབས་ཁུངས་བཙན་དག་ཏུ་ཁོང་དོར་རྟ་ནག་པོས་ཁྱུང་སྒར་བཅོམ་པའི་ནངས་མོར་འཁྲུངས་པར་བཤད་པས།  དོར་དམག་བོད་ཡུལ་ལྷགས་པའི་དུས་ནི་སྤྱི་ལོ༡༢༣༩དང་༡༢༤༠གང་རུང་ཡིན་པ་ཡིག་ཆ་ཚད་ལྡན་དག་ན་གསལ།  དེར་བརྟེན་གུས་པས་ཁོང་གི་འཁྲུངས་ལོ་༡༢༤༠ལོར་བཀོད་ཡོད།

[23] ཁྱུང་རབས་དཔེ་རྙིང་ཕྱོགས་བསྒྲིགས།   ཤོག་ངོས། ༢༢༧གསལ་ཡོད།

[24]ཞང་བོད་ཚིག་མཛོད་ཆེན་མོ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ༢༠༡༩ལོར་དཔར།  ཤོག་ངོས།  བར་ཆ། ༣༠༥གསལ།

[25]མཚོ་སྔོན་ཞིང་ཆེན་ཁོངས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་རྒྱུད་དང་རྫ་ཆུའི་ལྷོ་འགྲམ་དུ་ཡོད།

[26] ཁྱུང་རབས་དཔེ་རྙིང་ཕྱོགས་བསྒྲིགས།   ཤོག་ངོས། ༢༢༧གསལ་ཡོད།

[27]རྒྱལ་ཁྱུང་དཀར་པོའི་གདུང་རབས་རྣམ་ཐར་གྱི་དཀར་ཆབ་ཆེན་མོ་བཞུགས་སོ།།  ཤོག་ངོས། ༡༢ནང་གསལ།

[28] ཁྱུང་རབས་དཔེ་རྙིང་ཕྱོགས་བསྒྲིགས།   ཤོག་ངོས། ༡༡༠གསལ་ཡོད།

[26] མ་དཔེ་བྲིས་མ་ཞིག་ཏུ་དེ་ལྟར་གསལ་ཡོད། དེང་གི་པར་མ་འགའ་ཤས་སུ་ལོ་བརྒྱད་མི་སྡེ་ཞེས་བཀོད་པ་ནི་འོ་དང་ལོ་ནོར་བ་ཞིག་རེད།

[30] ཁྲིན་ཆེན་དབྱིན་གྱིས་བརྩམས།   སྐལ་བཟང་དར་རྒྱས་ཀྱིས་བསྒྱུར།  ཡོན་རྒྱལ་རབས་ཀྱི་ཏི་ཤྲི་འགྲོ་མགོན་འཕགས་པའི་མཛད་རྣམ།  ཀྲུང་གོའི་བོད་རིགས་པ་དཔེ་སྐྲུན་ཁང་ནས་སྤྱི་ལོ༢༠༡༡ལོར་པར་ཐེངས་གཉིས་པ་བརྒྱབ།  ཤོག་ངོས།  ༢༠༨གསལ།

[31] རྒྱལ་ཁྱུང་དཀར་པོའི་གདུང་རབས་རྣམ་ཐར་གྱི་དཀར་ཆབ་ཆེན་མོ་བཞུགས་སོ།།   ཤོག་ངོས། ༥༩ནང་གསལ།

[32] ཁྱུང་པོ་སྟེང་ཆེན། དེབ་དང་པོ།  སི་ཁྲི་མི་རིགས་དཔེ་སྐྲུན་ཁང་།  སྤྱི་ལོ་༢༠༠༥ལོར་དཔར།  ཤོག་ངོས།  ༡༢༢གསལ།

[33] དུང་དཀར་བློ་བཟང་འཕྲིན་ལས།  དུང་དཀར་ཚིག་མཛོད་ཆེན་མོ། ཁ་པར་ནང་གི་དུང་དཀར་ཚིག་མཛོད་མཉེས་ཆས་ནང་གསལ་ཡོད།

[34] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།  བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ།(ཧྲག་བསྡུས་དེབ།) བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།  སྤྱི་ལོ༢༠༡༦ལོར་པར་ཐེངས་གཉིས་པ་བརྒྱབ།  ཤོག་ངོས། ༩༢ གསལ།

[35] རྒྱལ་ཁྱུང་དཀར་པོའི་གདུང་རབས་རྣམ་ཐར་གྱི་དཀར་ཆབ་ཆེན་མོ་བཞུགས་སོ།།  ཤོག་ངོས། ༡༩ནང་གསལ།

[36]དུང་དཀར་བློ་བཟང་འཕྲིན་ལས།  དུང་དཀར་ཚིག་མཛོད་ཆེན་མོ། ཁ་པར་ནང་གི་དུང་དཀར་ཚིག་མཛོད་མཉེས་ཆས་ནང་གསལ་ཡོད།

[37] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།  བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ།(ཧྲག་བསྡུས་དེབ།) བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།  སྤྱི་ལོ༢༠༡༦ལོར་པར་ཐེངས་གཉིས་པ་བརྒྱབ།  ཤོག་ངོས། ༩༢ གསལ།

[38] རྒྱུ་མཚན་འདི་ནི་དོན་དངོས་དང་ཐག་ཉེ་བ་ཞིག་རེད། སྐབས་དེར་མདོ་གམ་སྨད་ཀྱི་ཡུལ་སྡེ་མང་པོས་ཧོར་རྒྱལ་གོ་དན་ལ་ཁྲལ་འཇལ་དགོས་པ་དང་།  སྟོད་ཕྱོགས་ཀྱི་ཡུལ་སྡེས་ཧོར་རྒྱལ་མོལ་གོང་ཧན་ལ་ཁྲལ་འཇལ་དགོས་པ་འདྲ།  གནས་ཚུལ་དེ་ལྟ་བུའི་འོག་ཁྱུང་པོས་མདོ་གམ་སྨད་ནས་ཚབ་བེ་ཁྲོམ་ཚང་སོགས་ཡུལ་སྡེ་འགའ་སྟོད་དུ་ཁྲིད་པས་ཧོར་རྒྱལ་གོ་དན་ལ་ཕོག་ཐུག་ཤོར་བ་ནི་དོན་དང་མཐུན་པ་ཞིག་རེད།  ད་དུང་འདི་དག་སྐོར་ནས་ཡུལ་སྡེ་ཁག་གིས་ཁྲལ་འཇལ་སྟངས་འདྲ་མཉམ་མིན་པ་སོགས་ཀྱི་གནས་ཚུལ་མང་པོར་དཔྱད་རྒྱུ་འདུག་གོ།

[39] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།   བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ།(ཧྲག་བསྡུས་དེབ།) བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།  སྤྱི་ལོ༢༠༡༦ལོར་པར་ཐེངས་གཉིས་པ་བརྒྱབ།  ཤོག་ངོས། ༡༠༣ གསལ།

[40] གུ་གེ་པཎྚིཏ་གྲགས་པ་རྒྱལ་མཚན།   ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ་བཞུགས་སོ།།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  སྤྱི་ལོ༢༠༡༩ལོར་པར་ཐེངས་གསུམ་པ་བརྒྱབ།  ཤོག་ངོས། ༡༡གསལ།

[41] ཁྱུང་རབས་མང་པོ་ཞིག་གི་ནང་ནག་སངས་དང་ཆུང་དུས་བུ་རྫི་གཉིས་མངགས་ཞེས་བཤད་ཡོད་པ་རེད།   དེའི་དོན་ནི་སྐབས་དེར་མི་གཉིས་མངགས་པ་དང་གཅིག་ནི་ནག་སངས་ཚང་གི་མི་ཡིན།  གཞན་དེ་ནི་ཁོང་ཆུང་དུས་ཀྱི་བུ་རྫི་ཡིན་པ་རེད།  གཞན་ཡང་ནག་སངས་ཞིག་པོ་དང་ཁྱུང་པོ་ཚང་གཉིས་སྔར་ནས་འབྲེལ་འདྲིས་ཡོད་པ་སོགས་འདི་དག་སྐོར་ནས་ཕྲན་གྱིས་བྲིས་པའི་རྩོམ་ཡིག་ནག་གསང་ཞིག་པོའི་ལོ་རྒྱུས་དཔྱོད་ལྡན་དགྱེས་པའི་རོལ་མོ། ཞེས་པར་ཞིབ་ཏུ་གླེང་ཡོད།

[42] རྒྱལ་ཁྱུང་དཀར་པོའི་གདུང་རབས་རྣམ་ཐར་གྱི་དཀར་ཆབ་ཆེན་མོ་བཞུགས་སོ།།   ཤོག་ངོས། ༢༠གསལ།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3309