གཅིག

ཆུང་དུས་སུ། བྱིས་པ་རེ་རེར་མཚར་སྣང་གིས་ཁེངས་པའི་མིག་ཟུང་རེ་ཡོད་ཅིང་། རྒྱུ་མཚན་ཅིའི་ཕྱིར་ཡིན་པ་ལ་བརྩད་ཅིང་འདྲི་བར་བྱེད་ལ། མ་འོངས་པར་བྱིས་པ་ཚང་མ་ཚན་རིག་པར་འགྱུར་ལོས་ཐུབ་སྙམ་པ་བྱུང་། དེའི་རྗེས་སུ། ང་ཚོ་ནི་ལས་བྱ་དང་རྒྱུགས་གཞི་ལ་བྲེལ་ཞིང་། དྲིས་ལན་ཚད་ལྡན་འབའ་ཞིག་ལ་མགོ་འཁོར་ནས་དེ་ལྟའི་འདྲི་རྩད་མི་བྱེད་ཅིང་། ཐ་ན་དགེ་རྒན་གྱི་ཁ་ངོའི་ཆེད་དུ་རྒྱུ་མ་ཕུ་འདེད་བྱེད་མི་སྤོབས་པར་གྱུར། དེ་ནས་བཟུང་ང་ཚོ་ཚང་མ་གཟབ་ནན་གྱིས་ཁེངས་པའི་བྱིས་པ་དག་ཏུ་གྱུར་ལ། ང་ཚོས་བསླབ་ཚན་རེ་རེར་རྒྱུགས་འབྲས་ཕུལ་དུ་བྱུང་བ་བླངས་ཀྱང་། ང་ཚོ་ནི་རང་བྱུང་ཁམས་ཆེན་མོ་དང་རྒྱང་དུ་གྱེས། སྐར་ཚོགས་རྣམ་པར་བཀྲ་བའི་དགུང་སྔོན་ལ་བལྟས་ཀྱང་མཚར་སྣང་མེད་པར་གྱུར་ཅིང་། མེ་ཏོག་གི་དྲི་བསུང་འཐུལ་ཡང་སྤྲོ་སེམས་མེད་པར་གྱུར་ལ། ལུ་གུ་དང་བེའུ་རྩེད་འཇོར་རོལ་པར་ཕྲད་ཀྱང་མི་བདའ་བར། དྲ་བའི་སྒང་གི་ཁྱོད་ཤི་ང་གསོན་གྱི་རོལ་རྩེད་དང་། གྲགས་སྐར་དང་རླངས་འཁོར་རྩ་ཆེན་འབའ་ཞིག་ལ་དགའ་བར་གྱུར། དེ་བཞིན་སྔ་མོ་ནས་བཟུང་སློབ་གཉེར་ལ་ཞེན་པ་ལོག་ཅིང་། གྲོགས་པོས་འཛུམ་གྱི་ལེར་འཚམས་འདྲི་ཞུས་ཀྱང་གདོང་ལ་རྣམ་འགྱུར་ཅི་ཡང་མེད་ཅིང་། ལམ་འགྲམ་དུ་སློང་མོ་བྱེད་པའི་སྤྲང་བོ་ལ་ལྷག་ཏུ་ཁ་ཡ་མི་བྱེད། ང་ཚོའི་མཚར་འཛིན་གྱི་བློ་དེ་ཡང་སྙིང་གང་དུ་ཕྱིན་སོང་ངམ། ང་ཚོ་ནི་ལྷན་སྐྱེས་ནས་སྤྲོ་སེམས་ཀྱིས་སྟོང་པའི་མི་རབས་ཤིག་ཡིན་ནམ། མཚན་སྙན་དང་ལྡན་ལ་རླབས་ཆེ་བའི་མི་སྣ་དག་ནི་ཆུང་དུས་ནས་མཚར་འཛིན་གྱི་བློ་གཡོས་ཤིང་། ཚེ་གང་བོར་བརྩོན་པ་རྡོ་རུས་ཐུག་པ་མཛད་པས་མཐར་ཐུག་རྒྱལ་ཁ་ཐོབ་པ་རེད། སོ་ཁི་ར་ཐེ་མཆོག་གིས་ངས་ཡང་སྙིང་ཅི་ཞིག་ཤེས་པའི་ཐད་ལ་འདྲི་རྩད་བྱས་ཤིང་། ཕི་ལ་ཐོ་ནི་ཚེ་གང་བོར་འཇིག་རྟེན་དུ་ཕུགས་བསམ་གྱི་རྒྱལ་ཁབ་ཅིག་ཇི་ལྟར་འཛུགས་པ་ལ་སྤྲོ་བས་བརྟས། ཨ་རི་སི་ཏོ་ཏལ་ནི་འཇིག་རྟེན་ཁམས་ཀྱི་གསང་བ་ལྐོག་གྱུར་ལ་ངོ་མཚར་ཞིང་། སངས་རྒྱས་ཤཱཀྱ་ཐུབ་པས་འགྲོ་བའི་སྡུག་བསྔལ་ལས་སྒྲོལ་བའི་ཐུགས་དམ་བཅས་ལ། སྟོན་པ་ཡེ་ཤུ་མཆོག་གིས་འགྲོ་བ་མིའི་རྣམ་ཤེས་སྐྱོབ་པ་ལ་རྩེ་གཅིག་གཞོལ། དེ་བཞིན་ནེའུ་ཐིན་དང་། ཨེན་སི་ཐེན། ཧྥ་ལ་ཏེ་ལ་སོགས་པའང་མཚར་འཛིན་གྱི་བློ་གཡོས་པས་འཇིག་རྟེན་གྱི་གསང་བ་བརྟོལ་བར་རེ་བས་ཁེངས། ཀྱེ་སྙིང་རྗེ་བའི་མི་དག ང་ཚོའི་མཚར་འཛིན་གྱི་བློ་དེ་ཡང་སྙིང་གང་དུ་ཕྱིན་པ་ཡིན་ནམ།

གཉིས།

སྡོམ་རྩིས་བྱས་པ་ལྟར་ན། ཀྲུང་གོའི་བྱིས་པ་ནི་སློབ་ཆུང་ལོ་རིམ་བཞི་པ་ནས་སློབ་གཉེར་ལ་ཞེན་པ་ལོག་ཅིང་། དམའ་འབྲིང་དང་མཐོ་འབྲིང་གི་སྐབས་སུ་སློབ་གཉེར་ལ་ཞེན་པ་ལོག་ཚད་ནི་བརྒྱ་ཆའི་དགུ་བཅུ་ཡན་ཟིན་འདུག ཁྱིམ་བདག་ཕལ་ཆེ་བས་ཁྱིམ་སྦྱོང་ལས་བྱ་དང་རྒྱུགས་འབྲས་ལ་རྩིས་མཐོང་ཆེན་པོ་བྱེད་ཅིང་། སློབ་མར་མཚོན་ན་སློབ་གྲྭར་འགྲོ་བ་ནི་སྤྲོ་བས་སྟོང་ལ་སྡུག་བསྔལ་གྱིས་མནར་བའི་དོན་ཞིག་ཏུ་གྱུར་ཡོད། དབྱིན་ཇིའི་སློབ་གསོ་བ་ཞ་ལོ་ཐི་མེ་སིན་ནི་ཁྱིམ་ཚང་སློབ་གསོའི་ཡུམ་ཆེན་དུ་འབོད་ཅིང་། མོས་མཛད་པའི་<>ཞེས་པར། བྱིས་པ་སྐྱེས་མ་ཉིད་ནས་མི་ཡིན་ལ། ཁོ་ཚོ་ནི་ལྷན་སྐྱེས་སུ་རང་བཞིན་བཟང་བའམ་རང་བཞིན་ངན་པ་མ་ཡིན་པར། རང་བཞིན་བཟང་བའམ་ཡང་ན་རང་བཞིན་ངན་པ་གང་རུང་ལ་མངོན་པར་ཕྱོགས་སྲིད། དབང་གྲགས་ཆེ་བ་དང་ཅི་གསུང་དེ་སྒྲུབ་ནི་ཕྱོགས་གཉིས་ཡིན་ལ། ཞེས་དང་། རྩ་དོན་གཉིས་ཀྱིས་བྱིས་པའི་མི་གཞི་འཕེལ་བ་ལ་ཤུགས་རྐྱེན་ཐེབས་ངེས་ཡིན། ཞེས་སོ།། མིག་སྔར་ཀྲུང་གོའི་ཤེས་ཡོན་སློབ་གསོ་ནི་སྲོལ་རྒྱུན་དུ་གྱུར་ཚར་ལ། གནད་དོན་ཆེས་ཆེ་བ་ནི་བྱིས་པ་ཚང་མ་སློབ་གཉེར་ལ་ཞེན་པ་ལོག་པ་མ་ཟད་བློ་སེམས་རྩེ་གཅིག་ཏུ་གནས་མི་ཐུབ་པ་དང་། བརྙན་འཕྲིན་དང་དྲ་བའི་རོལ་རྩེད་ལ་མགོ་འཁོར་བ་དེ་ཡིན་ལ། འདི་ནི་ཀྲུང་གོའི་སློབ་གསོའི་གནད་དོན་ཆེ་ཤོས་དེ་ཡིན། བྱིས་པའི་ཁྱིམ་སྦྱོང་ལས་བྱ་ནི་དཔེ་ཁྲིད་དང་འདྲ་བར་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡིན་འོས་ཏེ། སྐབས་འགར་ཀླད་པ་འགུལ་ནས་བསམ་བློ་གཏོང་བ་དང་། ལན་རེར་སྐད་ཆའི་ལམ་ནས་མཚོན་པར་བྱེད་པ། སྐབས་འགར་ལག་པ་འགུལ་བ་དང་། ལན་རེར་རྐང་བ་འགུལ་བ། མཚམས་ལན་རེར་རྣ་བར་སྙན་པའི་རོལ་དབྱངས་དང་ཡིད་དུ་འོང་བའི་དབྱངས་རྟ་བཅས་ཡིན་འོས། བྱིས་པ་ནི་སྤྲོ་བ་མེད་ལ་སྣ་རྐྱང་དུ་ངེས་པ། བསྐྱར་ཟློས་ཀྱི་ལས་ལ་ཆེས་ཤིན་ཏུ་མི་དགའ་བར་འགྱུར་ལ། གོང་བཞིན་དུ་བྱས་ན་བྱིས་པའི་བློ་རྩེ་གཅིག་ཏུ་བསྒྲིམ་ཐུབ་པ་མ་ཟད། ཆུང་དུས་ནས་སློབ་གཉེར་ལ་ཞེན་པ་ལོག་པར་མི་འགྱུར་རོ།། དེར་བརྟེན། ཀྲུང་གོའི་དཔེ་ཁྲིད་བཅོས་བསྒྱུར་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་ལ། དེའི་འགག་རྩ་གཙོ་བོ་ནི་ལམ་ལུགས་ཙམ་དུ་མ་ཟད། དགེ་རྒན་དང་ཁྱིམ་བདག་དག་གི་རྒྱུད་ལ་གོམས་ཡོད་པའི་སྔར་གྱི་བསམ་གཞིག་གཏོང་སྟངས་ཀྱང་ངོ་།།

གསུམ།

དྲི་བ་ཞིག་ནི་ཧ་ཅང་ལེགས་པར་དྲིས་ཡོད་དེ། འཇིག་རྟེན་དུ་སློབ་མ་ནི་ཅིའི་ཕྱིར་ཡོད་པ་ཡིན་ནམ་ཞེ་ན། དེ་ནི་དགེ་རྒན་གྱིས་མི་ཤེས་པའི་གནད་དོན་མང་པོ་ཡོད་པས། དེ་ལ་སློབ་མས་ལན་འདེབས་དགོས་པའི་ཕྱིར། ཞེས་སོ།།
ཀྲུང་གོ་རུ་སློབ་གཉེར་ནི་ཆེས་ཆེར་སྤྲོ་བས་སྟོང་བའི་དོན་ཞིག་ཡིན་ལ། སློབ་མ་ཕལ་ཆེ་བ་སློབ་གཉེར་ལ་སྤྲོ་བ་ཅུང་ཟད་ཙམ་ཡང་མེད་པས་སློབ་གཉེར་ལ་ཞེན་པ་ལོག་ཅིང་སློབ་གྲྭར་འགྲོ་འདོད་མེད་པར་ཆགས་ཡོད།
ཨི་ཟི་རེལ་དུ་སློབ་གཉེར་ནི་ལོངས་སྤྱོད་ཅིག་ཡིན་ལ། སློབ་གསོ་བྱེད་ཐབས་ཀྱང་སྣ་མང་ཕུན་སུམ་ཚོགས་པ་ཡིན། ཡ་ཧུ་དཱ་པའི་སློབ་གསོའི་ལྟ་དགོངས་སུ་དཔེ་ཁྲིད་ནི་སློབ་མར་ཁྲིད་པ་ཡིན་གྱི་སློབ་དེབ་ཁྲིད་པ་ནི་མ་ཡིན་ནོ།། དེར་བརྟེན་སློབ་མ་ཚང་མ་ཉིན་རྒྱུན་དགའ་སྣང་གིས་ཁེངས་ཤིང་། སློབ་མ་རེ་རེས་སློབ་གཉེར་བྱེད་པ་ནི་སྦྲང་རྩི་ཟ་བ་བཞིན་ཞིམ་མངར་དང་ལྡན་པས་སློབ་གཉེར་ལ་ནམ་ཡང་ཞེན་པ་ལོག་མི་སྲིད།
ང་ཚོས་དཔེ་ཁྲིད་མ་བྱས་པའི་སྔོན་ལ་རང་ལ་ཤེས་ཡོན་ཕུན་སུམ་ཚོགས་པོ་དང་ལྡན་པར་བྱེད་དགོས།(གནའ་དེང་ཕྱི་ནང་གི་དགོད་གཏམ་དང་། གཏམ་རྒྱུད། གབ་སྒྲུང་། སྙན་ཚིག་བསྟོད་གླུ་ལ་སོགས་པ་སློབ་དགོས) བྱིས་པས་རང་ལ་དྲི་བ་འདྲི་དུས་ལན་ཆུ་བཞུར་བཞུར་བྱས་ནས་བཏབ་ཆོག་པ་མ་ཟད། བྱིས་པར་དྲི་བ་དེ་ལས་ཀྱང་མང་པོ་ཞིག་འདྲི་བར་སྐུལ་མ་བྱས་ཆོག ཁྱེད་ཀྱིས་ག་དུས་ཡིན་ཡང་སྐད་ཆ་བཤད་དུས་བདེན་པ་དང་། ལྷག་བསམ་རྣམ་དག ཡང་དག་པ་བཅས་ཆ་རྐྱེན་གསུམ་འདང་དགོས་ལ། དེ་ལྟར་འབྲེལ་འདྲིས་བྱས་ན་ད་གཟོད་ཕན་འབྲས་འབྱུང་ཐུབ།
ང་ཚོ་ནི་དགེ་རྒན་ཡིན་པས། ང་ཚོས་འབྲེལ་འདྲིས་བྱ་ཡུལ་ནི་སློབ་མ་ཙམ་དུ་མ་ཟད་ཁྱིམ་བདག་ཀྱང་ཡོད། དཔེར་ན་སློབ་མ་ཞིག་ལ་སློབ་གྲྭ་ནས་རྨས་སྐྱོན་བྱུང་བའམ་སློབ་གྲོགས་གཞན་གྱིས་གཅར་བ་ན། ཁྱིམ་བདག་གདོན་མི་ཟ་བར་སློབ་གྲྭར་ཡོང་ནས་དགེ་རྒན་དཀའ་ལས་ལ་གཏོད་ངེས། དེ་ན་ཁྱེད་ཀྱིས་དེ་ལ་ཇི་ལྟར་བྱེད་དགོས་སམ་ཞེ་ན།
1 ཁྱིམ་བདག་ཁོང་ཁྲོ་ཅི་འདྲ་བླངས་ཡང་། རང་ཉིད་ཁོང་ཁྲོ་ལངས་མི་རུང་བ་མ་ཟད། ཁོང་ཁྲོ་ལངས་པའི་རྣམ་འགྱུར་ལྷག་ཏུ་སྟོན་མི་རུང་། ཐོག་མཐའ་བར་གསུམ་དུ་ཁྱིམ་བདག་འཛུམ་གྱིས་བསུ་དགོས་ལ། ངེས་པར་དུ་བཟོད་བསྲན་བྱེད་ཐུབ་དགོས།
2 ཁྱིམ་བདག་གི་གཏམ་ལ་ནན་ཏན་གྱིས་ཉན་དགོས། གལ་སྲིད་ང་ཚོའི་ནོར་འཁྲུལ་དང་འཐུས་ཤོར་ཡིན་ན། འཕྲལ་མར་ཁྱིམ་བདག་ལ་དགོངས་དག་ཞུ་དགོས། གལ་ཏེ་ཕན་ཚུན་གོ་བ་ལོག་པ་ཡིན་ན། མགྱོགས་པོར་ཁྱིམ་བདག་གི་སེམས་བདེ་ལ་འབབ་ཏུ་འཇུག་དགོས།
3 ཁྱིམ་ཚང་དུ་འཚམས་འདྲིར་ཕྱིན་ནས་གནས་ཚུལ་ལ་རྒྱུས་ལོན་དང་། ཁྱིམ་བདག་དང་བྱིས་པར་འབྲེལ་འདྲིས་བྱེད་དགོས།
4 དེ་འཕྲལ་གོང་རིམ་མགོ་ཁྲིད་ལ་སྙན་ཞུ་འབུལ་དགོས་པ་མ་ཟད། དགེ་རྒན་གཞན་དང་འབྲེལ་བ་བྱས་ནས་ཐབས་མཆོག་རྙེད་པར་འབད་དགོས།
5 མགོ་ཁྲིད་ཀྱིས་ཐོག་མར་དགེ་རྒན་ལ་སྐྱོན་བརྗོད་བྱས་ནས་ཁྱིམ་བདག་གི་སེམས་བདེ་ལ་འབབ་ཏུ་འཇུག་དགོས་ཤིང་། དེའི་རྗེས་སུ་དགེ་རྒན་ལ་སེམས་གསོ་བྱེད་དགོས།
6 དངོས་གནས་ཅི་བྱ་གཏོལ་བྲལ་དུ་གྱུར་ན་ཁྲིམས་ཀྱི་ཐབས་ལ་བརྟེན་དགོས།
ཡ་ཧུ་དཱ་པའི་སློབ་གསོ་ནི་སྣ་མང་ཕུན་སུམ་ཚོགས་ལ། དེས་ང་ཚོའི་འཇིག་རྟེན་ལྟ་ཚུལ་དང་། མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་བཅས་ཆགས་པར་བྱེད་པ་མ་ཟད། ལྷག་པར་མིའི་སྐྱེ་མཆེད་རང་བཞིན་དང་ལྡན་པའི་བསམ་གཞིག་བྱེད་ཐབས་གསོ་སྐྱོང་བྱེད་ཐུབ། ང་ཚོས་བྱིས་པར་ཕན་འབྲས་དང་ལྡན་པའི་ལམ་སྟོན་དང་བློ་སྒོ་འབྱེད་དགོས་པ་མ་ཟད། ད་རུང་ཁྱིམ་བདག་དང་ལྟ་ཚུལ་ཐུན་མོང་བ་ཆགས་པར་བྱས་ནས། ཁྱིམ་བདག་དང་། བྱིས་པ། དགེ་རྒན་བཅས་མཉམ་དུ་འཚར་ལོངས་འབྱུང་ཐུབ་པར་བྱེད་དགོས།

མཆན། ཧི་ཞུང་ཧྥེ།(贺雄飞) སྐད་གྲགས་ཅན་གྱི་དཔེ་སྐྲུན་པ། རིག་གཞུང་མཁས་པ། ཡ་ཧུ་དཱ་པར་ཞིབ་འཇུག་མཁན། ནན་ཁེ་སློབ་ཆེན་གྱི་གདན་ཞུས་སློབ་དཔོན་ཆེན་མོ། ཡ་ཧུ་དཱ་པའི་སྐོར་གྱི་དཔེ་ཆ་ནི་ཐོག་མར་རྒྱ་ནག་གི་མཁས་པ་ཆེན་པོ་ཧི་ཞུང་ཧྥེ་ཞེས་པ་ཁོང་གི་བརྩམས་ཆོས་དག་ལ་གཟིགས་ཐུབ་པ་བྱུང་ན་ཅུང་ཟད་བཟང་སྙམ། ཅིའི་ཕྱིར་ཞེ་ན། ཁོང་ནི་ཆེད་དུ་ཡ་ཧུ་དཱ་པར་ཞིབ་འཇུག་གནང་མཁན་ཡིན་པ་རེད་ལ། དེའི་སྐོར་གྱི་བརྩམས་ཆོས་ཀྱང་པོ་ཏི་བཅུ་ལྷག་བཏོན་མྱོང་། ཁོང་གི་ཞིབ་འཇུག་བྱེད་སྟངས་དང་དཔྱད་འབྲས་ལྟ་ཚུལ་སོགས་གཞན་དང་བསྡུར་ན་ཟུར་ཕྱིན་ལ་དྲང་བཞག་ཏུ་འདུག་ཅེས་རྒན་ཉི་གཞོན་གྱིས་སྒྲིག་སྒྱུར་བྱས་པའི་《ཡ་ཧུ་དཱ་པའི་སློབ་གསོའི་མན་ངག》ཅེས་པའི་དེབ་ཀྱི་འགྱུར་བྱང་དུ་གསལ།

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3302