ངས་ནི་ཕལ་ཆེར་ལོ་ངོ་ཉི་ཤུ་ལྷག་ལ་སྒྲུང་གཏམ་བྲིས་མོད། འོན་ཀྱང་སྒྲུང་གཏམ་བྲིས་པའི་ཉམས་མྱོང་ཞིག་བརྗོད་དགོས་ཞེ་ན། དམིགས་བསལ་བརྗོད་རྒྱུ་མི་འདུག སྒྲུང་གཏམ་བྲིས་ཀྱིན་སྒྲུང་གཏམ་ལ་ཆ་རྒྱུས་ཇེ་ཡོད་དུ་འགྱུར་བཞིན་པ་མ་གཏོགས་སྒྲུང་གཏམ་གྱི་གནད་འགག་མང་པོ་ད་དུང་རྟོགས་ཐབས་བྲལ། དཔེར་ན་གྲོགས་པོ་ཞིག་ལ་ཆ་རྒྱུས་ཅི་འདྲ་ཡོད་ཀྱང་སྐབས་ལ་ལར་དེས་བསླུ་བྲིད་ཐེབས་འགྲོ་བ་ཇི་བཞིན་རེད། དེ་བས་བདག་གིས་སྒྲུང་གཏམ་འབྲི་བ་ནི་མིའི་སེམས་ཁམས་ལ་ཉམས་ཞིབ་བྱེད་པ་དང་གཉིས་སུ་མ་མཆིས་ཟེར་གྱིན་ཡོད། རྒྱུ་མཚན་ནི། སྒྲུང་གཏམ་ནི་མིའི་བསམ་བློ་འབྲི་རྒྱུ་དང་བསམ་བློ་ཇི་འདྲ་ལྡན་པའི་མིས་བྱ་བ་ཇི་འདྲ་སྒྲུབ་སྲིད་པ་དང་། བྱ་བ་དེས་མི་ཇི་འདྲར་འཕོག་ཐུག་ཐེབས་ཏེ་སྤྱི་ཚོགས་ལ་ཤན་ཤུགས་ག་འདྲ་བཟོ་ངེས་པ་དག་ནི་སྒྲུང་གཏམ་གྱི་འཇུག་ཡུལ་རེད།
ཁ་གསལ་དོན་གསལ་གྱིས་རྟོགས་ཐུབ་པ་ནི། སྒྲུང་གཏམ་ལས་དུས་རབས་སོ་སོའི་ཁྱད་ཆོས་མཐོང་ཐུབ་པ་དང་། གནའ་རབས་དང་དེང་རབས་བར་གྱི་མིའི་བསམ་བློའི་འགྱུར་བ་མང་པོ་སྔོག་ཐུབ། གལ་སྲིད། གནའ་རབས་ཀྱི་སྒྲུང་གཏམ་ཞིག་དེང་རབས་སྤྱི་ཚོགས་སུ་རྒྱུགས་ཐང་ཆེ་རུ་འགྲོ་རྒྱུའི་རེ་འདུན་ཇི་འདྲ་ཆེ་ཡང་། གནའ་མིའི་བསམ་བློ་གཏོང་སྟངས་ལ་དེང་སྐབས་གདེངས་འཇོག་ག་འདྲ་བྱེད་པ་དེ་བཞིན་དུ་གནའ་རབས་ཀྱི་སྒྲུང་གཏམ་ཞིག་དེང་རབས་སྤྱི་ཚོགས་སུ་དར་རྒྱུ་ཧ་ཅང་དཀའ། གནའ་རབས་ཀྱི་སྒྲུང་གཏམ་འབྲི་མཁན་ཁོང་མཚན་ཉིད་རིག་པ་བ་གྲགས་ཅན་ཞིག་ཡིན་ཀྱང་རུང་། ཁོའི་བརྩམས་ཆོས་ཀྱིས་དུས་རབས་མང་པོར་བསམ་བློའི་དྲང་དོན་གྱི་ཚངས་ཐིག་ཅིག་བསྒྲགས་ཏེ་ཀུན་གྱིས་ཁས་མི་ལེན་ཐུ་མེད་དུ་གནས་པ་མ་གཏོགས། བརྩམས་ཆོས་དེ་ཉིད་དེང་རབས་སྤྱི་ཚོགས་སུ་འཚམ་སྲིད་པའི་ངེས་པ་མེད། གནའ་རབས་གཏམ་རྒྱུད་འབྲི་མཁན་ཁོང་སྐད་བརྡ་རིག་པ་བ་གྲགས་ཅན་ཞིག་ཡིན་ཀྱང་རུང་།
ཁོའི་བརྩམས་ཆོས་ཀྱིས་དུས་རབས་མང་པོར་བརྗོད་བྱེད་ཚིག་ཚོགས་སྟོབས་ཆེན་པོ་ཞིག་རྒྱུན་བསྐྱངས་ཏེ་ཀུན་གྱིས་སློབ་སྦྱོང་མི་བྱེད་ཐུ་མེད་དུ་གནས་པ་མ་གཏོགས། བརྩམས་ཆོས་དེ་ཉིད་དེང་རབས་སྤྱི་ཚོགས་སུ་འཚམ་པའི་ངེས་པ་མ་མཆིས། འདི་ལས་མཐོང་ཐུབ་པ་ནི། སྒྲུང་གཏམ་ནི་གོམ་གང་མདུན་སྤོས་སྒོས་མིའི་བསམ་ཚུལ་དང་འདུ་ཤེས་ཁོ་ནའི་རྗེས་བསྙེགས་ཏེ་བགྲོད་མཁན་ཞིག་ལས། དུས་སྐབས་ངེས་ཅན་ཞིག་གི་གནས་མལ་བཟུང་ནས་ཤུལ་གཅིག་ཏུ་སྡོད་མཁན་ཞིག་ཡེ་ནས་མིན་པ་ཚོར།
རང་རེའི་བོད་ལའང་སྔ་མོའི་དུས་སུ་སྒྲུང་གཏམ་བརྩམས་ཆོས་ཕུལ་བྱུང་ཅན་ཧ་ཅང་མང་ཡང་། དེ་དག་དེང་རབས་སྒྲུང་གཏམ་གྱི་བླང་བྱ་དང་བསྡུར་ན་ཕན་ཚུན་མཐུན་པོ་མེད་ཅིང་བརྗོད་པའང་ཁ་ཁ་སོ་སོ་ཆགས། གནའ་བོའི་སྒྲུང་གཏམ་གྱིས་ང་ཚོའི་དེང་རབས་སྒྲུང་གཏམ་གྱི་འཇུག་སྒོར་ཕན་ཐོགས་ཆེན་པོ་མེད་པ་ལྟར་དུ་ལུས། དེ་ཡང་དབྱེ་ཞིབ་བྱས་ན། གནའ་མི་དང་དེང་མིའི་བསམ་བློ་གཏོང་སྟངས་བར་ལ་ཁྱད་པར་ཆེན་པོ་བྱུང་འདུག་པ་མཚོན་གྱིན་མཆིས་པ་ལས། གནའ་བོའི་སྒྲུང་གཏམ་རང་ངོས་ནས་བརྗོད་ན་སྒྲུང་གཏམ་གྱི་ལས་འགན་ཡོངས་སུ་གྲུབ་འདུག་པ་སྟེ། རང་ཅག་གི་མེས་པོ་ཚོའི་བསམ་བློ་གཏོང་སྟངས་ནི་མིའི་མཐར་ཐུག་འཚང་རྒྱ་བ་གཙོ་བོར་འཛིན་པའི་མཇུག་འབྲས་གལ་ཆེན་དུ་བརྗོད་པ་དང་། འཚང་རྒྱ་མཁན་ནི་སྒྲུང་གཏམ་ནང་གི་མི་སྣ་གཙོ་བོ་དག་རེད། མི་སྣ་གཙོ་བོའི་བསམ་བློར་ཉམས་ཞིབ་བྱས་མཐར། སྒྲུང་གཏམ་གྱི་མཇུག་འབྲས་ཀྱང་འཚང་རྒྱ་རྒྱུར་རམ་འདེགས་བྱེད་པར་གྱུར་པས། བོད་ཀྱི་གནའ་རབས་སྒྲུང་གཏམ་གྱིས་མིའི་བསམ་བློར་ཉམས་ཞིབ་བྱས་པ་ཧ་ཅང་གཏིང་ཟབ་ཏུ་མཆིས།
ཇི་བཞིན། དུས་འགྱུར་མང་པོས་རང་རེའི་སྤྱི་ཚོགས་འདི་བཙན་གྱིས་དེང་རབས་(བརྡ་འཕྲིན་ལ་བརྟེན་ནས་འཛམ་གླིང་གི་མིའི་འདུ་ཤེས་གཅིག་འདྲ་ཆགས་ཀྱིན་པའི་སྤྱི་ཚོགས་ཤིག)སུ་སླེབས་པར་བྱས་པས། ང་ཚོ་དང་གནའ་མིའི་བར་གློ་བུར་དུ་བར་ཐག་ཆེན་པོ་ཞིག་ཕྱེས་ཤིང་། མེས་པོའི་བསམ་བློ་གཏོང་སྟངས་ཀྱི་སྣེ་མཐུད་མ་ཐུབ་པར། གཞན་གྱི་རིགས་ལམ་དང་ཚད་གཞིས་གྲུབ་པའི་སྤྱི་ཚོགས་གསར་པའི་བསམ་བློ་གཏོང་སྟངས་དྭང་ལེན་མི་བྱེད་རང་བྱེད་ཆགས་ཏེ། སྒྲུང་གཏམ་གྱི་བླང་བྱ་ཡང་རྦད་དེ་དེང་རབས་མིའི་འདུ་ཤེས་ཀྱི་རྗེས་སྙེགས་དགོས་པར་གྱུར་ལ། དེང་རབས་སྤྱི་ཚོགས་ཁྲོད་སྐབས་མང་པོར་རང་རེའི་མི་མང་པོ་མགོ་འཁོར་བ་ཇི་བཞིན། སྒྲུང་གཏམ་ཀྱང་ཡང་ཡང་མགོ་འཁོར་གྱིན་མཆིས།
རྒྱུ་མཚན་ནི། སྒྲུང་གཏམ་འབྲི་མཁན་དག་གིས་ཐོག་མར་སྒྲུང་གཏམ་ལ་ངེས་ཤེས་གསལ་བོ་མེད་ཐོག སྒྲུང་གཏམ་ནི་རྩོམ་ཡིག་ཅིག་ཨུ་ཚུགས་ཀྱིས་སྒྲིག་པའམ། མི་རིགས་གཞན་པའི་ཁྲོད་དུ་དར་ཆེ་བའི་སྒྲུང་གཏམ་ལ་ལད་མོ་བྱེད་པ། མཐའ་ན་ནའོ་སྦེལ་རྩོམ་རིག་གཟེངས་རྟགས་ཐོབ་པའི་སྒྲུང་གཏམ་དག་དཔེ་རུ་བལྟས་ནས། སྒྲུང་གཏམ་ལ་ཚད་གཞི་བརྒྱབ་སྟེ། སྒྲུང་གཏམ་མུ་ནས་མུར་རང་ལ་ཆ་མེད་རྒྱུས་མེད་ཅིག་གི་ལམ་དུ་ཕྱིན་མཐར། མེས་པོའི་སྒྲུང་གཏམ་དང་ཁ་གྱེས་ཤིང་། དེང་རབས་སྒྲུང་གཏམ་གྱི་འདུ་ཤེས་མ་རྙེད་པར། སྒྲུང་གཏམ་ཞེས་པ་ཧ་ཅང་དཀའ་གནད་ཅན་ཡིན་པའི་བསམ་ཚུལ་སྐྱེས་མཁན་ཇེ་མང་དུ་གྱུར།
མིའི་བསམ་བློར་ཉམས་ཞིབ་བྱེད་པ་ནི་སྒྲུང་གཏམ་གྱི་རྩ་བའི་འདུ་ཤེས་འཛིན་སྟངས་ཉིད་རེད། ཡིན་ཡང་མིའི་བསམ་བློར་ཉམས་ཞིབ་བྱེད་པའི་གོ་རིམ་ཁྲོད་སྒྲུང་གཏམ་ལོག་ལམ་དུ་འགྲོ་བར་ཉེན་ཁ་ཧ་ཅང་ཆེ་བ་སྟེ། སྒྲུང་གཏམ་ཚད་མ་རིག་པ་ལྟར་གཏན་ཚིགས་གྱིས་གྲུབ་དགོས་པ་ཞིག་མིན་ལ། རྩིས་རིག་ལྟར་སྤྱི་འགྲོས་དབང་དུ་འགྲོ་བ་ཞིག་ཀྱང་མིན་ཏེ། མིའི་འདུ་ཤེས་ཀྱི་རང་དབང་དང་གཡོ་འགུལ། གློ་བུར་འགྱུར་ལྡོག་གིས་ཁེངས་པའི་རྗེས་སུ་འགྲོ་ཞིང་། རང་བྱུང་གི་དཔྱིད་དབྱར་སྟོན་དགུན་དང་ནམ་ཟླའི་འཕོ་འགྱུར་ལྟར་ངེས་པ་གཏན་ནས་མེད་པ་ཞིག་ལགས་པས། ད་ལྟའི་བར་དུ་སྒྲུང་གཏམ་ལ་མངའ་བརྙེས་པ་ཞིག་ཡོད་མྱོང་མེད་པར་མ་ཟད། ནའོ་སྦེལ་རྩོམ་རིག་གཟེངས་རྟགས་ཐོབ་པའི་སྒྲུང་གཏམ་དག་གིས་ཀྱང་ཕྱི་མཛེས་ནང་མཛེས་ཀྱི་སྐྱེ་བོ་ཞིག་བསྟན་ཏེ་འདི་མི་ལས་མཆོག་ཏུ་གྱུར་པ་ཞིག་གོ་ཟེར་བ། ཕྱི་རྫིག་ནང་སྟོང་གི་མི་ཞིག་བསྟན་ཏེ་འདི་ཕྱི་རྫིག་ཀྱང་ནང་སྟོང་བའོ་ཟེར་བ། ཕྱི་བཙོག་ལ་ནང་ཤེས་རབ་འབར་བ་ཞིག་བསྟན་ཏེ་འདིའི་ཕྱི་བཙོག་ཀྱང་ནང་ལ་ཤེས་རབ་ཀྱིས་སྤུད་འདུག་ཟེར་བཞིན་པ་དང་ཡང་དག་མཚུངས་པས། མདོར་ན། སྒྲུང་གཏམ་ནི་མི་རང་ངོས་དང་ཚོགས་སྤྱི་གང་ཞིག་གི་ཁེ་ཕན་དྲིལ་སྒྲོག་སླད་དུ་བེད་སྤྱོད་པའི་ཡོ་བྱད་ཅིག་ཡེ་ནས་མིན་པར། མི་རང་ངོས་དང་ཚོགས་སྤྱི་དེ་ཇི་མ་ཇི་བཞིན་ཞིབ་འབྲི་བྱེད་པའི་རིགས་ལམ་ཞིག་རེད། རང་རེའི་གནའ་རབས་ཀྱི་སྒྲུང་གཏམ་ནི་མི་རང་ངོས་དང་ཚོགས་སྤྱི་ཞིག ཡང་ན་མི་རིགས་ཤིག་གི་ཁེ་ཕན་དྲིལ་སྒྲོག་བྱེད་པའི་ཡོ་བྱད་ལྟ་བུར་གྱུར་པས། དེ་ནི་སྒྲུང་གཏམ་གྱི་འདུ་ཤེས་འཛིན་སྟངས་དང་རྩ་བ་ནས་རྒྱབ་འགལ་དུ་གྱུར་ཅིང་། སྒྲུང་གཏམ་གྱི་རང་དབང་ལའང་རྡོག་རོལ་བཏང་བས། རང་རེའི་གནའ་རབས་སྒྲུང་གཏམ་དག་སྒྲུང་གཏམ་གྱི་གར་སྟེགས་སུ་ཡུན་རིང་ཚུགས་ཐབས་མེད་པའི་རྒྱུ་རྐྱེན་ཀྱང་དེའོ། །
གནད་འདི་བདག་གིས་སྒྲུང་གཏམ་འབྲི་སྦྱོང་བྱས་པ་ལས་ཐོབ་པའི་ངོས་ཟིན་གལ་ཆེན་ཞིག་ཡིན་ལ། སྒྲུང་གཏམ་གྱི་རྨང་གཞིའི་ཤེས་བྱའང་ལགས་པས། བདག་ནི་སྒྲུང་གཏམ་ལ་ཐོག་མར་འཇུག་མཁན་ཚོ་དང་ཆབས་ཅིག་སྒྲུང་གཏམ་གྱི་རོལ་རྩེད་འདིའི་དབུ་ནས་འཇུག་རྒྱུ་ཡིན་ཞེས་སྨྲ་བཞིན་ཡོད།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3274
དཔྱད་མཆན་སྤེལ།