སྒེའུ་ཁུང་ཕྱི་རོལ། ང་ཁྱོད་མེད་པའི་འཇིག་རྟེན།
ཀློག་གྲངས། 4,227      སྤེལ་དུས།2023 ལོའི་ཟླ 3 ཚེས 15 ཉིན།

སྣེ་མང་འདྲེས་འཛིང་གི་གནས་ལུགས་དང་། ཕྲ་བ་ཕྲ་བའི་རིགས་ལམ་གྱིས་གཏམས་པའི་མཚན་ཉིད་རིག་པའི་གླེགས་བམ་ཆེན་པོ་དེ་རེ་ཞིག་མདུན་ཅོག་སྟེང་བཞག་ནས། སྒེའུ་ཁུང་ཕྱེས་ཏེ་ཕྱི་རོལ་དུ་བལྟས་ཚེ། གནམ་སའི་འདྲེས་མཚམས་དེ་ནི་ཁུ་སིམ་མེ། དབེན་འཇགས་གེར་འདུག་ལ། དེ་ན་ང་ཁྱོད་མེད་ཅིང་། བདག་ཏུ་འཛིན་པ་མེད་པའི་ཞིང་ཁམས་དེ་ཡོད་དམ།

རྣམ་པ་གཅིག་ཏུ་ན། ཁ་ཁུ་སིམ་པོ་དང་འདུ་འཛི་ཆུང་བ་དེ་ནི་ཕྱི་ཡི་རྣམ་པ་ཙམ་ཞིག་ཡིན་ཞིང་། ཡུལ་གང་དང་གནས་གང་ལ་བསླེབས་ཀྱང་མི་ནི་སྔར་བཞིན་མི་ཡིན་པས། རི་ཆུ་མཛེས་བ་དང་། ཡུལ་ལྗོངས་བལྟ་ན་སྡུག་པ། གནམ་སའི་འདྲེས་མཚམས་ཀྱི་མཚར་སྡུག་སྣ་དགུའི་ཚོགས་ཀྱང་ངུ་བྲོ་བའི་རྒྱུ་ཞིག་ལས་ཅི་ཡང་ཡིན་མི་སྲིད།

དོན་དུ་ནི། རེ་དོགས་མེད་པར་ཀུ་ཡངས་སོས་དལ་ཞིག་བྱུང་ན། སྐྱིད་འགོ་ཚུགས་པར་སྙམ་མོད། ང་ཁྱོད་ཀྱི་དབྱེ་བ། བདག་གཞན་གྱི་ངོས་འཛིན། མཛེས་སྡུག་གི་ཐ་སྙད། ཡག་རྩོག་གི་རིམ་པ་སོགས་ཀྱི་རྣམ་གྲངས་རབ་ཏུ་རྒོད་པའི་འཇིག་རྟེན་འདིར། འཛིན་མེད་དབྱེར་མེད་ཀྱི་འབྲས་བཟང་དེ་དག་འབྱུང་བའི་གོ་སྐབས་ཡོད་རེ་སྐན།

ལར་ལེགས་ཉེས་ཀྱི་སྤུ་རིས་འབྱེད་པ། དར་རྒུད་ཀྱི་རྒྱུ་རྐྱེན་འཚོལ་བ་སོགས་ནི། བདེ་སྐྱིད་ཀྱི་གཞི་མ་རུ་གྱུར་ཡོད་པ་འདྲ་མོད། དེ་ལྟར་རྣམ་པར་དབྱེ་རྒྱུ་མང་དྲག་པས། བདག་གཞན་དང་ཆགས་སྡང་བྱུང་ཞིང་། རེ་དོག་དང་མི་བཟོད་པ་བྱུང་ནས། སེམས་ཡོངས་སུ་འཁྲུགས་པར་ཡང་འགྱུར་བས། བརྟགས་མི་བཟོད་པ་ཞིག་ལགས་ན། ཕྱིར་གླེགས་བམ་ཆེན་པོ་དེས་སུ་ངོས་སུ་ཅེར་དགོས་བྱུང་།

རེད་ཡ། མཚན་ཉིད་རིག་པ་བ་དག་གིས་བཤད་ན། “འགྱུར་ལྡོག་ནི་རྒྱུ་འབྲས་ཆོས་ཉིད་ཀྱི་གོ་རིམ་ཞིག་ལགས་པས། དེ་ལ་ཧ་ལས་ཧོན་འཐོར་དགོས་པའི་རྒྱུ་མཚན་ཅི་ཡང་མེད། དེ་བཞིན་དུ་གཅེས་བའི་མཛའ་བཤེས་དང་བྲལ་བ་ཡང་དེ་དེ་བཞིན་ནོ”ཟེར་ལ། ཆོས་ཉིད་ནི་དེ་ལྟ་ཞིག་ཡིན་དུ་སྲིད་མོད། དབྱར་གྱི་གནམ་ངོ་ལྟ་བའི་དངོས་ཡོད་ཀྱི་རྣམ་འགྱུར་དེ་མདུན་དུ་ལྷགས་ནས། སྐྱེ་བོ་དག་གི་གཤིས་ཀ་ལ་ཚོད་བགམ་བྱེད་ཐེངས་རེ་རེར། དགའ་སྐྱོ་དང་ཆགས་སྡང་སོགས་ཀྱི་སེམས་བྱུང་དེ་དག་གི་འགྱུ་བ་རྒོད་པའི་བར་ན། ཆོས་ཉིད་ཀྱི་གཏན་ཚིགས་བཙན་པོ་དེ་ཉམ་ཆུང་ནུས་ཞན་ཞིག་ཏུ་འགྱུར་གྱིན་པ་འདྲ།

དེ་ལྟ་ལགས་ཏེ། སྙིང་དུ་སྡུག་པའི་ཡུལ་གང་དེ་དང་མཉམ་དུ་འདུ་བ་ལ་དགའ་སྤྲོ་དུང་བ། བྲལ་བ་ལ་སྐྱོ་སྣང་ཡི་ཆད་བྱུང་བའི་ཚོར་བའི་རླབས་ཤུགས་ཆེན་པོ་དེ་དག་རྒྱུ་མཚན་དང་རྒྱབ་རྟེན་མི་དགོས་པར། ངང་ངམ་ཤུགས་ཀྱིས་འགོག་མེད་དུ་འཕྱུར་འོང་བ་ནི། ཐ་སྙད་ཤིག་གིས་བཤད་དགོས་ན། “གཉུག་གཤིས”ཅེས་པ་འདི་ཙམ་ལས་མེད་པར་སྣང་།

འདིའི་མཚམས་ན། གཞུང་ལུགས་དང་དངོས་ཡོད་བར་གྱི་འགལ་འདུ་འམ། ཚོར་བ་དང་གནས་ལུགས་བར་གྱི་སྟོབས་ཤུགས་ལྕི་ཡང་གི་ཧེ་བག་ཞིག་ཡོད་པར་སྣང་སྟེ། མར་བ་ལོ་ཙྭ་བས། “ངའི་སྒྱུ་མ་ནི་སྒྱུ་མའི་ནང་ནས་སྒྱུ་རྒོད་ཤིག་ཡིན”གསུང་དགོས་ཐུག སྔོན་བྱོན་མཁས་པས་ཀྱང་གཅེས་ཤིང་ཕན་པའི་ཐུགས་ཀྱིས་དགོངས་ནས”ཧ་ཅང་དགའ་བའི་དུས་དང་ཁྲོ་བའི་དུས།། སེམས་ལ་གང་ཡོད་ཁ་ལ་འཆོར་ཉེན་ཡོད”① ཅེས་བསྙད་འདུག་པས་སོ།།

སྤྱིར་ཆ་ཡོད་འདྲ་ཡང་ཆ་མེད་དུ་འདུག་པའི་ལམ་ཀ་འདི་དེད་ན་དོན་དམ་དུ་ཅི་ཞིག་ཡོད་དམ་ཟེར་བའི་འདྲི་བ་འདི་ནི། རང་གིས་རང་ལ་མི་འདོད་མི་མོས་བཞིན་དུ་དྲིས་པའི་དྲི་བ་ཅུང་རྩུབ་པོ་ཞིག་ཡིན་ཕྱིར། མུ་ནས་མུ་རུ་དེ་དོན་ཀྱི་སྤྱི་རྣམ་གཅིག་ཐོག་གཅིག་བརྩེགས་ཀྱི་ཚུལ་དུ་བློ་ཡིད་དུ་ཤར་འོང་བས། མི་ཕོད་མི་ནུས་བཞིན་དུ་བསམ་བཞིག་མང་པོ་དང་དུ་ལེན་དགོས་བྱུང་།

རེད་ཡ། སྐྱེ་བོ་སུ་ཡིན་ཡང་མ་འོང་བའི་དོན་དུ་བསམ་གཞིག་གཙོ་ཆེར་གཏོང་བ་ལས། འདས་པ་ཇི་ལྟ་བུ་ཞིག་ཡིན་མིན་གཞིག་རིན་ཆེར་མེད་དེ། དེ་ནི་ཇི་ལྟར་ཡང་འདས་ཟིན་པས་ཕྱིར་ན། མདུན་ལམ་ཟེར་བ་དེ་འདོད་མིན་མ་བལྟས་བར་གདོང་གཏོད་དགོས་བྱུང་བ་རེད་ལ། ཕུགས་བསམ་ཟེར་བ་དེར་གལ་ཆེན་པོར་གྱུར་ནས། རྨི་ལམ་སྣ་ཚོགས་དོན་དངོས་སུ་བསྒྱུར་བའི་སྦྱོར་བ་རྩོམ་དགོས་བྱུང་ངོ་།།

གྲུབ་མཐས་བཏགས་པའི་འགྲེལ་བཤད་ཇི་བཞིན་གོ་རིམ་ལྡན་པའི་ངང་མདུན་དུ་བསྐྱོད་ན། སྨྲ་བསམ་བརྗོད་དཀའི་ཞིང་ཁམས་མཚར་སྡུག་ཅན་དེ་འདྲ་ཞིག་ཡོད་དམ། རྟོག་གེའི་རིགས་ལམ་གྱིས་འཆད་པའི་གནས་ལུགས་ཟབ་མོ་དེ་འདྲ་ཞིག་རྟོགས་རྒྱུ་ཡོད་དམ། གནས་ལུགས་དེ་མཐོང་བ་ན་ད་གཟོད་བླང་དོར་ལ་མི་རྨོངས་བ་ཐག་ཆོད་དམ། མི་ཚེ་ནི་རེ་བ་ཆེན་པོ་ཞིག་ཡིན་པའི་གཏན་ཚིགས་དེའི་རྗེས་སུ་བསྙེགས་ན། གཏན་དུ་བདེ་བའི་ཐོབ་བྱ་ཞིག་ཡོད་དམ། བྲམ་ཟེའི་གསང་ཚིག་དང་མཚུངས་བའི་དྲི་བ་འདི་དག་གི་དྲིས་ལན་ཇི་ལྟར་འཚོལ་དགོས། ངས་ཤེས་མ་སོང་།

ཇི་ལྟར་ཡང་དངོས་ཡོད་ནི་གཞན་ཞིག་ནས་ཁྱེད་ཀྱི་མདུན་དུ་སླེབས་པ་མིན་པར། རང་སྣང་གི་བསྡུས་པའི་ཞལ་གཟིགས་ཤིག་རེད་ལ། བག་ཆགས་བཟང་ན་མཛེས་སྡུག་གི་ཞིང་ཁམས་དེའང་རེད་པས། ཉིན་རྟག་པར་རང་སེམས་ཀྱི་བག་ཆགས་བཟང་པོ་རེ་གསོས་འདེབས་རྒྱུ་ནི། འཚོ་བ་དོན་སྙིང་དང་ལྡན་ཞིང་མི་ཚེ་སྐྱིད་ལ་རོལ་བའི་གཞི་མ་རུ་གྱུར་ཡོད་པ་འདྲའོ།།

དེར་རྟེན། སྟོན་པ་མཆོག་གི་ཞལ་ནས། “གང་དག་ཆོག་ཤེས་པར་བྱེད་པ་དེ་ནི་སྐྱིད་པའོ། གང་དག་བདེན་པ་མཐོང་ཞིང་ཐོས་པ་རྣམས་ནི་བདེ་བའོ། གང་དག་སེམས་ཅན་ཀུན་ལ་ལྷག་བསམ་དང་མཐུན་སྒྲིལ་བྱེད་པ་ནི་སྐྱིད་པའོ། གང་དག་སྣོད་བཅུད་ཀྱི་འཇིག་རྟེན་ལ་ཆགས་ཞེན་དང་བྲལ་ཏེ་འདོད་པ་ལ་འདུན་པ་ལས་ཕ་རོལ་ཏུ་སོན་པ་ནི་ཡང་སྐྱིད་པའོ”ཞེས་ཚིག་འདི་འདྲའི་སྟེང་ནས། ནང་སེམས་ཀྱི་སྣང་ཚུལ་དང་། གནས་རིམ་དུ་མར་སྦྱར་ནས། བདེ་སྐྱིད་ཀྱི་རྒྱུ་ངོ་བོ་འབྲས་བུ་དང་བཅས་པར་ཚད་མཐོ་བའི་མཚན་ཉིད་རིགས་ལམ་ནས་འགྲེལ་བཤད་གནང་སྟེ། ཆོག་ཤེས་དང་། ལྷགས་བསམ། སྙིང་རྗེ་སོགས་ཀྱི་འཛིན་སྟངས་གསོས་བཏབ་ན། ཕྱི་རོལ་ནི་སྤྲོ་སྣང་བདེ་སྐྱིད་ཀྱི་གཟུགས་སུ་ཤར་ཆོག་པར་གསུངས་པ་རེད།

གལ་ཏེ། དངོས་ཡོད་ནི་སེམས་ཀྱི་ཚུར་སྣང་ཞིག་མིན་ན། གྲོགས་པོས་ཁྱོད་ལ་གཞུས་པའི་ཁུ་ཚུར་ནི་བརྩེ་མོ་དང་། དགྲ་བོས་ཁྱོད་ལ་གཞུས་པའི་ཁུ་ཚུར་ནི་རྡུང་རྡེག་ཏུ་གྱུར་བའི་དོན་དངོས་ཀྱང་ཡོད་མི་སྲིད་པས། ལེགས་ཉེས་དང་། བདེན་དགེ་ཡོད་ཚད་ཀྱི་འཇལ་ཤིང་ཕྱིའི་རྣམ་འགྱུར་ཙམ་དུ་གྱུར་ནས། དངོས་ཡོད་དང་བརྫུས་མ་གཉིས་ཀྱི་ཁྱད་དབྱེ་དཀའོ།།

དེ་བས། རང་སེམས་ཀྱི་བགས་ཆགས་བཟང་པོ་རེ་གསོས་གདབ་རྒྱུ་ནི། “དངོས་ཡོད་ནི་སེམས་ཀྱི་ཚུར་སྣང་ཞིག”ཡིན་པའི་དོན་དངོས་ལ། ཧ་ཅང་འཕྲོད། འོན་ཏེ། བག་ཆགས་བཟང་པོར་གསོས་གདབ་རྒྱུ་ཡིན་ཟེར་བ་ཡང་སླ་མོ་ཞིག་ག་ལ་ཡིན་ཏེ། “སྒོམ་པས་བླ་མའི་ཞལ་རས་ཡིད་ལ་འཆར་རྒྱུ་མི་འདུག”པར། “མ་བསྒོམ་བྱམས་པའི་ཞལ་རས་ཡིད་ལ་ཝ་ལེ་ཝ་ལེར་ཤར”འོང་བ་མིན་ནམ།

① 《བསླབ་བྱ་ནོར་བུའི་ཕྲེང་བ།》②《སྟོན་པའི་མཛད་རྣམ།》

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3266

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

© 2024 རྩོམ་པ་པོ་དྲ་བ།

རྩེར། ↑