མཁས་ཤིང་གྲུབ་པ་ག་ཚད་ཆེན་པོ་ཡིན་པར་གྲགས་ཀྱང་འདས་ཚར་བ་ན་གར་སོང་འདིར་སོང་མེད་པར་གྱུར་ཏེ་སླར་ཡང་ཡོན་ཏན་རྣམས་མ་ཉམས་བཞིན་དུ་ཚུར་སྐྱེ་ཡོང་བ་ནི་ཧ་ལམ་མེད་པའི་ཚོད་དུ་འདུག་ལ།      བླ་མ་རྩ་ཆེན་འགའི་སྐྱེ་བ་ཕྱི་མ་རུ་གྲགས་པ་འགའ་ཞིག་བྱུང་རུང་དེ་ཚོ་ནི་བླ་མ་ཞིག་གིས་དེ་ལྟར་རེད་གསུངས་པས་ཡིན་རྒྱུ་རེད་ཅེས་པ་ལྟ་བུ་དང་། ཅུང་ཟད་དེའི་སྐྱེ་བ་ཡིན་པར་དྲན་གྱི་ཡོད་པ་རེད་ཟེར་བ་ལྟ་བུ་ལས་དྲིས་ཤིང་བརྩད་པ་ན་བླ་མ་དེའི་སྐྱེ་བ་ཕྱི་མ་ཡིན་ངེས་པའི་རྟགས་མཚན་ལ་གོང་མའི་ཡོན་ཏན་ཡོད་པ་སོགས་ཁས་མི་ལེན་རང་དབང་མེད་པ་དེ་འདྲ་ཅན་ཞིག་ཧ་ལམ་མེད་པ་རེད།   རྒྱུ་མཚན་དེས་ན་ནང་ཆོས་ནས་བཤད་པའི་ལྟ་གྲུབ་དེས་ཚེ་འདིར་ཅུང་ཡོན་ཏན་འདྲ་སྐྱེས་པ་ལས་ཤི་བ་ན་སྐྱེ་བོ་ཐ་མལ་པ་གཞན་དང་གཅིག་མཚུངས་ལ་འགྱུར་འགྲོ་བ་ཡིན་མིན་དོགས་པ་ཟ་དགོས་པ་ཞིག་རེད།
འོན་ཀྱང་དུས་མཁྱེན་གྱི་སྐྱེ་བ་ཕྱི་མར་གྲགས་པའི་ཀརྨ་པཀྴི་ཞུ་བ་དེ་འདས་ཚར་བ་ན་ཁོང་གི་ཡོན་ཏན་རྣམས་བོར་རླགས་སུ་མ་ཤོར་བའི་ཐོག་ནས་ཚུར་སྐྱེས་ཡོང་བ་རེད།   དང་ཐོག་མི་སུས་ཀྱང་དེ་ལ་ཀརྨ་པཀྴའི་མིང་ཐོབ་རྣམས་སྟེར་འདོད་མེད་དེ།   རྒྱ་བོད་ཧོར་གསུམ་ལ་འགྲན་ཟླ་བྲལ་བའི་བླ་མ་ཞིག་གི་མིང་ཐོབ་ཆེན་པོ་ཞིག་བྱིས་པ་སྣབས་འདྲུད་ཅིག་ལ་སྟེར་དགོས་པ་ནི་སྤྱིར་བློ་ཡུལ་དུ་ཡང་འཁོར་མི་སྲིད་པ་ཞིག་སྟེ། དེ་ཡང་དེ་འདྲའི་ལུགས་སྲོལ་ད་སྔ་འཛམ་བུ་གླིང་དུ་ཡོད་མ་མྱོང་བས་རེད།  འོན་ཀྱང་ང་ནི་ཀརྨ་པཀྴིའི་སྐྱེ་བ་ཕྱི་མ་ཡིན་ཞེས་ཤོད་མཁན་གྱི་ཨ་ཉོག་དེ་ལ་དྲིས་ཤིང་བརྩད་པ་ན་ཀརྨ་པཀྴིའི་ཡོན་ཏན་རྣམས་མ་ཉམས་པར་ཡོད་པ་དང་། སྔ་མའི་དོན་དག་ཆེ་ཆུང་སྣ་སོགས་ཀྱང་བརྗེད་མེད་པས་ཕྱིའི་ལུས་ཀྱི་རྣམ་པ་ཙམ་ལས་ནང་ཤེས་པ་ནི་སྔར་གྱི་ཀརྨ་པཀྴའི་དང་ཁྱད་མེད་པ་མིག་མཐོང་ལག་ཟིན་དུ་གྱུར་ནས་མི་འདོད་བཞིན་དུ་དང་། རང་དབང་མེད་པར་མི་རྣམས་ཀྱིས་ཨ་ཉོག་དེ་ཀརྨཔཀྴིའི་སྐྱེ་བ་ཕྱི་མ་རུ་ཁས་ལེན་དགོས་ཐུག་པ་རེད།   སྐབས་དེར་མི་རྣམས་ཀྱིས་གནས་ཚུལ་དེ་མུ་མཐུད་ནས་འབྱུང་ཡོང་བ་དྲན་ཤེས་ཀྱི་མེད། འོན་ཀྱང་ཀརྨ་པཀྴིའི་སྐྱེ་བ་ཕྱི་མ་རང་བྱུང་རྡོ་རྗེ་ཞེས་གྲགས་པ་དེ་ཉིད་འདས་པ་ན་སླར་ཡང་དོན་དག་དེ་འདྲ་ཞིག་བྱུང་བ་རེད།   དེའི་སྐྱེ་བ་ཕྱི་མ་རོལ་པའི་རྡོ་རྗེ་ཞེས་གྲགས་པ་དེ་འདས་པ་ན་ཡང་དོན་དག་དེ་འདྲ་ཞིག་བྱུང་བ་རེད།
དེ་ལྟར་ངོ་མཚར་བའི་གནས་ཚུལ་དེ་མུ་མཐུད་ནས་བྱུང་བས་དེའི་སྐུ་ཕྲེང་འགའ་ཞིག་སྔར་གྱི་བླ་མའི་ཡང་སྲིད་ཡིན་པའི་ཐག་ཆོད་ནས་ཁྲི་ལ་བཀོད་པ་ཙམ་ལས།  སྐབས་དེར་ད་དུང་བོད་འདིར་སྤྲུལ་སྐུའི་ལམ་ལུགས་དར་མེད་པར་འདུག་པས་བྱིས་པས་ཚུར་དགོན་པ་བཙལ་མ་ཡོང་ན་དགོན་པས་ཕར་བྱིས་པ་འཚོལ་ཡོང་བ་མ་ཡིན་ནོ། །
དེ་ལྟར་སྐྱེ་བ་བཞི་ལྔ་ཙམ་ལ་གནས་ཚུལ་དེ་ལྟར་མུ་མཐུད་ནས་བྱུང་བས་མི་རྣམས་ཧ་ལས་ཐག་ཆོད་དེ། དེ་ནི་སངས་རྒྱས་ཀྱི་སྤྲུལ་སྐུ་ངོ་མ་ཞིག་ཡིན་རྒྱུ་ཐག་བཅད་པ་ནི་སྐབས་དེའི་བོད་ཀྱི་མཁས་པ་འགོས་ལོ་གཞོན་ནུ་དཔལ་དང་ཚལ་པ་ཀུན་དགའ་རྡོ་རྗེ་ལྟ་བུས་ཀྱང་སངས་རྒྱས་ངོ་མ་ཞིག་ཏུ་འཛིན་གྱི་ཡོད་པའི་བདེན་དཔང་ནི་དེ་དག་གི་ཆོས་འབྱུང་དུ་མཐོང་རྒྱུ་ཡོད་པ་རེད།   དེས་ན་ཡང་ཡང་ངོ་མཚར་དང་བཅས་ཏེ་སྐྱེས་ནས་ང་དེའི་སྐྱེ་བ་ཕྱི་མ་ཡིན་ཞེ་སྔར་གྱི་ཡོན་ཏན་རྣམས་སྟོན་རྒྱུ་ཡོད་མཁན་དེ་ལ་སངས་རྒྱས་སྤྲུལ་བའི་སྐུའམ་སྤྲུ་སྐུ་ཞེས་བོད་ཁམས་ཡོངས་སུ་གྲགས་སོང་བ་རེད་ལ།  བོད་ཙམ་དུ་མ་ཟད་རྒྱ་ནག་གི་གོང་མ་ཡུང་ལི་ཟེར་བ་དེས་ཀྱང་སངས་རྒྱས་ཡིན་པར་ཐག་བཅད་དེ་如来大宝法王西天善自在佛)དེ་བཞིན་གཤེགས་པ་རིན་པོ་ཆེ་ཆོས་ཀྱི་རྒྱལ་པོ། ནུབ་ཕྱོགས་ཀྱི་བྱམས་པ་ཆེན་པོ་ཞི་བར་དབང་ཕྱུག་གི་སངས་རྒྱས། ཞེས་པའི་མཚན་གསོལ་བ་དང་། རྒྱལ་པོ་ཙམ་དུ་མ་ཟད་སྐབས་དེ་ནས་བཟུང་རྒྱ་མི་དག་གིས་ཀྱང་སངས་རྒྱས་གསོན་པོ་སྟེ་活佛ཞེས་ཡོངས་གྲགས་ཀྱིས་བོས་པ་རེད།
དེས་ན་ལོ་རྒྱུས་ཐོག་སངས་རྒྱས་ཀྱི་རྗེས་འཇུག་ཞིག་ལ་མི་ཚོས་སྤྲུལ་སྐུ་དང་སངས་རྒྱས་གསོན་པོ་ཞེས་རྒྱ་བོད་ཧོར་གསུམ་ལ་རྒྱ་ཁྱབ་ཏུ་ཆེས་ཐོག་མར་འབོད་ས་ནི་ཀརྨ་པ་ཞེས་པའི་བན་དེ་དེ་ཡིན་པ་རེད།    གལ་ཏེ་འདི་འདྲའི་བྱུང་བ་ཅན་གྱི་བླ་མ་ཞིག་རྒྱ་གར་དུ་བྱུང་ཡོད་ན་རྒྱ་གར་དུ་སྤྲུལ་སྐུའི་ལམ་ལུགས་འདི་དར་ཡོད་པར་ངེས་ལ།  རྒྱ་ནག་སོགས་གཞན་ལ་ཡང་བྱུང་ཡོད་ན་དེར་ལམ་ལུགས་འདི་བྱུང་ཡོད་པར་ངེས།  དེས་ན་བླ་མ་གཞན་དང་། ཆོས་བརྒྱུད་གཞན་དང་། མི་རིགས་གཞན་དང་། རྒྱལ་ཁབ་གཞན་དང་། ཆོས་ལུགས་གཞན་ལ་སྤྲུལ་སྐུའི་ལམ་ལུགས་མ་བྱུང་བ་ནི་གང་ཟག་ངོ་མཚར་ཅན་དེ་འདྲ་མ་བྱུང་བས་ལན་པ་ལས་ཕོ་གྲུང་ཆེ་ནས་ནི་མ་ཡིན་པ་གཟུར་བོར་བསམས་ན་ཤེས་ནུས་སོ། ། དེ་ལྟར་ལོ་བརྒྱ་ཕྲག་དང་མི་རབས་དུ་མར་སོང་བ་ན་སངས་རྒྱས་སྤྲུལ་པའི་སྐུ་དང་སངས་རྒྱས་གསོན་པོ་ཞེས་ཡོངས་སུ་གྲགས་པ་དེའི་མཚན་སྙན་དང་མཛད་པའི་ཕྲིན་ལས་རྒྱ་དཀར་ནག་འཇང་ཧོར་ལ་སོགས་པའི་ཡུལ་གྲུ་དུ་མར་དར་ནས་ཀརྨ་པའི་ཆོས་ལ་ཞུགས་མཁན་གཏོས་ཆེ་བ་བྱུང་སྟེ།  བླ་མ་གཞན་པ་དང་ཆོས་བརྒྱུད་གཞན་པ་རྣམས་དེ་ལ་ཡིད་སྨོན་དང་འགྲན་སེམས་སྣ་ཚོགས་པ་སྐྱེས་པར་གྱུར་པ་རེད།
དེའི་ཚེ་མ་རུང་པ་འགའ་ཞིག་གི་ཁོག་ལ་འདྲེ་ཞུགས་པ་ལྟ་བུས་ཀརྨ་པ་ལ་ལད་མོ་བྱས་ཏེ་འཁོར་སློབ་བརྒྱ་བསྐྱེད་དུ་གཏོང་བའི་ཆབ་སྲིད་དྲན་ནས།  སྤྲུལ་སྐུ་ཞེས་པའི་མིང་ཁུར་མཁན་གྱི་བླ་མ་གཞན་པ་དང་ཆོས་བརྒྱུད་གཞན་པ་མང་པོ་ཞིག་བྱུང་ཏེ།  སྤྲུལ་སྐུ་ཞེས་པའི་མིང་འོག་ནས་བོད་རྣམས་མགོ་བསྐོར་ཞིང་། སངས་རྒྱས་གསོན་པོ་活佛ཞེས་པའི་མིང་ཁུར་ནས་རྒྱ་མི་རྣམས་མགོ་བསྐོར་བ་རེད།    རྫུན་མ་མང་ན་བདེན་པ་རྫུན་དུ་གཏོང་བའི་དཔེ་ལྟར་སོང་ནས་ད་ནི་བོད་ལ་གྲགས་པའི་སྤྲུལ་སྐུ་ཞེས་པ་དང་活佛སངས་རྒྱས་གསོན་པོ་ཞེས་པའི་མིང་ལ་ཧ་ལམ་་་་སྐྲུ་རྐུ་་་སྟེ་སྐྲུ་ས་ནས་སྐྲུ་ཞིང་རྐུ་ས་ནས་རྐུ་མཁན་ཞིག་དང་་་་་་་་ཡང་ན་་་་སྟུ་རྐུ་་་་་་་སྟེ་་་་་་བན་ཆས་གོན་ནསདངོས་ལྐོག་ཅི་རིགས་ནས་སྟུ་སྐུ་མཁན་ཞིག་དང་། ཐ་མལ་པ་ཞིག་གིས་སངས་རྒྱས་གསོན་པོ་ཡིན་པར་བཤད་པའི་མི་ཆོས་བླ་མའི་རྫུན་ལབ་མཁན་ཞིག་ཡིན་པའི་སྣང་བ་བསྐྱེད་དགོས་པ་ལྟ་བའི་ཚད་དུ་བསྐྱལ་བ་རེད།
དེའི་ཚེ་སྤྲུལ་སྐུའི་ལམ་ལུགས་འགོག་མཁན་བློ་གྲོས་ཡོད་མེད་སྣ་ཚོགས་བྱུང་ཞིང་།  བླ་མ་དམ་པ་འགའ་རེས་ནི་དེས་ད་སྐབས་བསྟན་པ་ལ་གནོད་པར་གཟིགས་ནས་རང་ཉིད་ལ་སྤྲུལ་སྐུ་མེད་པའི་བཀའ་སློབ་གནང་དགོས་ཐུག་པ་རེད།
ལྷག་བསམ་རྣམ་དག་གིས་ད་ཆ་སྤྲུལ་སྐུའི་ལམ་ལུགས་ལེགས་བཅོས་དགོས་པའི་བསམ་འཆར་བཤད་ན་མི་ལེགས་པ་མེད་ཀྱང་།  བླ་རྒན་དེའི་སྐྱེ་བ་ཕྱི་མ་ཡིན་ངེས་པའི་རྟགས་དང་རྒྱུ་མཚན་རྣམ་དག་ཅན་ནི་ད་དུང་འབྱུང་སྲིད་པས་དེ་དག་ལམ་ལུགས་ལྟར་སྔར་མའི་མིང་ཐོབ་སྟེར་ན་མི་ཆོག་པ་ཅི་ཞིག་ཡོད། གཞན་ཡང་བླ་མ་དང་ཆོས་བརྒྱུད་གཞན་པ་འགའ་རེས་ནི་སྤྲུལ་སྐུའི་ལམ་ལུགས་སྲོལ་གཏོད་པས་མ་ལེགས་ཞེས་དེ་ནི་ཀརྨ་པའི་སྐྱོན་དུ་བརྩི་བ་ལྟ་བུ་མཐོང་མོད། དེ་ནི་ཀརྨ་པ་ལ་སྤྲུལ་སྐུ་དང་སངས་རྒྱས་གསོན་པོ་ཞེས་པའི་མཚན་སྙན་བྱུང་བའི་མཚན་སྙན་དེ་རང་ཉིད་དམ་རང་གི་ཆོས་བརྒྱུད་ཀྱིས་བེད་སྤྱད་ནས་ཅི་ཡང་མི་རུང་བར་བསྒྱུར་ཚར་བ་ན་ཀརྨ་པ་ལ་སྐྱོན་འདོགས་པ་ནི་རང་གིས་ནོར་བུ་བརྫད་དེ་ནོར་བུ་ལེན་པའི་དེད་དཔོན་ལ་སྐྱོན་བརྗོད་པ་ལྟར་ཤིན་ཏུ་ཐ་ཆད་དོ། །
དེ་བཞིན་དུ་བསྟན་པ་བསམས་ནས་ང་ལ་སྤྲུལ་སྐུ་མེད་ཅེས་གསུངས་ན་ཧ་ཅང་ལེགས་མོད།  ཡང་རང་ཉིད་ཆེ་བསྟོད་ཀྱི་ཆེད་དུ་ང་ལ་སྤྲུལ་སྐུ་མེད་ཅེས་ལབ་མཁན་ཇེ་མང་དུ་ཡོང་བར་སྣང་བས་ཤེས་དགོས་པ་ཞིག་ནི།
གལ་ཏེ་ཀརྨ་པཀྴི་དང་རང་བྱུང་རྡོ་རྗེ་ལྟ་བུ་སྔར་གྱི་ཡོན་ཏན་མ་ཉམས་པའི་ཐོག་ནས་སླར་ཡང་སྐྱེ་བ་ལེན་ཐུབ་མཁན་ཞིག་ཡིན་ན་ནི་དེ་ལྟར་སྐྱེ་བ་བླངས་ནས་སྔར་གྱི་མིང་ཐོག་ནས་སེམས་ཅན་ལ་ཕན་བཏགས་ན་མཛད་པ་ཕྲིན་ལས་ཤིན་ཏུ་རྒྱ་ཆེ་བ་ནི་མིག་མཐོང་ལག་ཟིན་ཡིན་པས་དེ་ལྟར་མཛད་ན་ཡག་པ་ལས་ང་ལ་སྤྲུལ་སྐུ་མེད་ཅེས་འཇམ་ཐེངས་ངེར་མེད་སོང་ན་ཅི་ཡང་མི་ཡག་གོ། །

   ཞེས་པ་འདི་ནི་བན་དེ་འགྲོ་ཕན་པའི་བློ་གྲོས་ཀྱི་རྩལ་ལས་འོངས་པའི་ལེགས་བཤད་དོ། །

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3215