༡ དེབ་འདི་རྩོམ་པ་པོའི་ཆེ་བ།
ཧ་བྷ་ཐ་རྗོ་རྗི་ཝེ་འོལ་སི༡༨༦༦༡༩༤༦ནི་དབྱིན་ཇིའི་སྒྲུང་གཏམ་རྩོམ་པ་པོ་གྲགས་ཅན་དང་དགེ་རྒན།ལོ་རྒྱུས་རིག་པ་བ།གསར་འགོད་པ།ཆབ་སྲིད་པ།སྤྱི་ཚོགས་རིག་པ་བ་སོགས་ཀྱི་མཁས་པ་གྲགས་ཏུ་ཆེ་བ་ཞིག་ཡིན་ཞིང་།ཁོང་གི་བརྩམས་ཆོས་རེ་འགའ་ནི་དུས་རབས་ཉི་ཤུ་སྐབས་ཀྱི་གླེང་གཞི་ཆེ་ཤོས་སུ་གྱུར་མྱོང་ཡོད། ཁོང་ནི་དབྱིན་ཇིའི་ཁེང་སེངས་དྷོན་ཚན་རིག་གི་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་པ་དང་སྐུ་ཚེ་ཧྲིལ་བོར་རྩོམ་པའི་བྱ་བས་དུས་འདའ་བར་བྱས་ཏེ་སྒྲུང་གཏམ་དང་ལྷག་པར་ཁོང་གི་བརྩམས་ཆོས་སུ་ཚན་རིག་དང་།རྩོམ་རིགལོ་རྒྱུས།སྤྱི་ཚོགས།ཆབ་སྲིད་སོགས་ཀྱི་ཁྱབ་ཁོངས་སུ་ཤུགས་རྐྱེན་ཐེབས་ཡོད་པར་གྲགས་སོ།།
༢ དེབ་འདི་བསྒྱུར་བ་པོའི་ཆེ་བ།
ལོ་ཙཱ་བ་འཇམ་དབྱངས་བཀྲ་ཤིས་ལགས་ནི་མདོ་སྨད་རྔ་པ་ཁུལ་མཛོད་དགེའི་མི་ཡིན་ཞིང་།ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་སྡེ་ཁག་ནས་མཐར་ཕྱིན་པ་དང་།ལོ་བཅུ་ལྷག་ལ་སློབ་ཆུང་དང་སློབ་འབྲིང་གི་སྐད་ཡིག་དགེ་རྒན་བྱས།ལོ་ཉི་ཤུ་ལྷག་ལ་སློབ་གསོའི་ཚན་རིག་ཞིབ་འཇུག་དང་རྒྱལ་ཡོངས་བོད་ཡིག་བསླབ་གཞི་ཞིབ་བཤེར་བྱ་བ་གཉེར་བ་དང་།རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་དཔྱད་རྩོམ་དུ་མ་སྤེལ་ལ།སློབ་གྲྭ་ཆུང་འབྲིང་གི་སློབ་དེབ་དང་སློབ་ཕྱིའི་ཀློག་དེབ་མང་པོ་སྒྱུར་སྒྲིག་བྱས།ད་ལྟ་རྔ་པ་ཁུལ་སློབ་གསོའི་ཚན་རིག་ཞིབ་འཇུག་ཁང་དུ་བྱ་བ་ལས་བཞིན་ཡོད་དོ།།
༣ དེབ་འཛམ་གླིང་ལོ་རྒྱུས་སྤྱི་བཤད་ཀྱི་ཆེ་བ།
⟪འཛམ་གླིང་ལོ་རྒྱུས་སྤྱི་བཤད⟫་ནི་ཝེ་འོལ་སིས་བརྩམས་པའི་ལོ་རྒྱུས་གྲགས་ཅན་ཞིག་ཡིན་པ་དང་།རྩོམ་པ་པོ་ཁོང་གིས་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གྱི་ཆགས་རིམ་ནས་བརྩམས་ཏེ་མིའི་རིགས་ཀྱི་བྱུང་འཕེལ་དང་ཤེས་རིག་གི་དར་རྒྱས་བྱུང་ཚུལ་གྱི་སོགས་སྤྲོས་པ་མཐའ་ཡས་པ་དང་།ལྷག་པར་དུས་རབས་སོ་སོའི་ཆབ་དཔལ་རིག་གསུམ་གྱི་འགྱུར་ལྡོག་གིས་བསམ་གཞིགས་གསར་པ་དང་གྲུབ་མཐའ་གསར་པ་ལག་ལེན་གསར་པ།བསྒྱུར་བཅོས་གསར་པ།དབང་བསྒྱུར་གསར་པ་སོགས་བསྐྱེད་པས་བརྒྱུད་རིམ་ནི་བེའུ་རྡང་ལ་བཏགས་པ་ལྟར་གོ་རིམ་གྱི་དབྱེ་བ་གསལ་ཞིང་ལོ་རྒྱུས་ཀྱི་དུས་ཚིགས་གསལ།དེ་ནས་འཛམ་གླིང་ཤར་ནུབ་ཀྱི་ཤེས་རིག་ལ་བསམ་སྤྱོད་གཉིས་ཀྱི་སྒོ་ནས་ཤུགས་རྐྱེན་བླ་ན་མེད་པ་ཐེབས་མྱོང་བའི་གྷི་རིག་གི་མཚན་ཉིད་སྨྲ་བའི་ཡབ་ཆེན་དག་དང་།རྒྱ་གར་གྱི་རྟེན་འབྲེལ་སྨྲ་བ་དང་བདག་མེད་སྨྲ་བའི་ཡབ་ཆེན།འཇིག་རྟེན་བྱེད་པོ་བཞེད་པའི་ཡེ་ཤུའི་ཡབ་ཆེན།ཀྲུང་གོའི་ཀུན་སྤྱོད་སྨྲ་བའི་ཡབ་ཆེན་ཁུང་ཙི་སོགས་ཞི་བའི་སྟོན་པ་རྣམས་ཀྱི་བྱུང་རིམ་དང་།ཨ་ལི་ཁ་གཟན་དྷ།ཆོས་རྒྱལ་མྱ་ངན་མེད།རོམ་གྱི་རྒྱལ་རབས།ཨུ་རུ་སུའི་གོང་མ།དེ་ལས་ཀྱང་སོག་པོ་ཇིང་གུར་སོགས་ཀྱིས་རྒྱལ་ཁབ་ཀྱི་མངའ་ཐང་རྒྱ་བསྐྱེད་ལ་བློ་གྲོས་འབར་ཞིང་གཡུལ་ལ་དཔའ་བའི་སྙིང་སྟོབས་བདག་གིར་བཞེས་ནས་བསྐལ་བའི་བར་ཏུ་ཟད་པ་མེད་པའི་ལོ་རྒྱུས་རྡོ་རིང་གི་བྱུང་བ་ཕུན་སུམ་ཚོགས་ལ།དུས་རབས་རེ་རེའི་ལོ་རྒྱུས་ཀྱི་འཕོ་འགྱུར་དེས་ང་ཚོ་མིའི་རིགས་ལ་ཅི་ཞིག་གི་གནས་ལུགས་གསལ་འདོན་བྱེད་ཀྱི་ཡོད་པ་དང་།རྒྱལ་ཕམ་དག་གི་འབྱུང་རྩ་གང་ཡིན་གྱི་གནད་དོན་དྲུང་ནས་འབྱིན་ཡོད།རྩོམ་པ་པོ་ཁོང་གིས་ཀྱང་དུས་རབས་རེ་རེའི་འགྱུར་ལྡོག་ལ་འོས་ཐོབ་ཀྱི་སྡོམ་ཚིག་བསླུ་བ་མེད་པ་དང་ཚད་མར་གྱུར་བའི་སྡོམ་ཚིག་རེ་བསྐྱོན་ཡོད་པ་དང་།ཡང་རྩོམ་པ་པོ་ཁོང་གིས་འཛམ་གླིང་འཁྲུག་ཆེན།ཧྤ་རན་སིའི་གསར་བརྗེ་ཆེན་པོ།ཨ་རིའི་ནང་འཁྲུག དབྱིན་ཇིའི་བཙན་རྒྱལ་རིང་ལུགས་ཀྱིས་ཨེ་ཤ་ཡ་གླིང་གི་རྒྱལ་ཁབ་དག་ལ་ཚུར་རྒོལ་བྱས་ཏེ་གཞན་ས་བདག་དབང་བྱས་པའི་བྱུང་རིམ་སོགས་རིམ་པར་བརྗོད་ཡོད།ཞོར་དུ་དངོས་ལུགས་དང་ས་ཁམས།སྐྱེ་དངོས་སོགས་ཚན་རིག་གི་ཤེས་བྱ་སྣ་ཚོགས་དེབ་ཀྱི་བརྗོད་བྱ་ཧྲིལ་བོའི་རྣ་རྒྱན་བཏགས་ནས་ཡོད་ལ།སྤྲོས་བྱེད་ཚིག་གི་འགྲོས་ལ་སྒེག་པའི་ཉམས་ལྡན་ཞིང་ཀློག་པ་པོ་འཇུག་པའི་ཀུན་སློང་གི་གཞི་བཅོས་པ་ཙམ་གྱིས་མུ་ནས་མུ་རུ་ཀློག་འདོད་ཀྱི་འདུན་པ་འགོག་ཐབས་མེད་པ་ལྟ་བུའི་དབྱངས་གསལ་ལ་བརྒྱུས་པའི་ཚིག་གི་འཕྲེང་བ་ལ་མཛེས་པ་རང་ཆས་སུ་ཡོད་པ་ལྟར་སྣང་།ཡིན་ཡང་ང་ཚོས་ལོ་རྒྱུས་ཀློག་བཞིན་བཞིན་སྔ་མའི་འདས་ཟིན་གཏམ་རྒྱུད་དེ་རྣམ་པ་གཞན་ཞིག་དང་ངོ་བོ་གཞན་ཞིག་ཏུ་བསྒྱུར་ནས་དེ་བསྐྱར་འཁྲབ་བྱེད་བཞིན་ཡོད་པ་མ་ཡིན་ནམ།ང་ཚོས་འདས་པའི་ལོ་རྒྱུས་ལས་ཉམས་མྱོང་ལེན་གྱི་ཡོད་དམ་ཡང་ན་འདས་པའི་ལོ་རྒྱུས་ལ་ལད་མོ་བྱེད་ཀྱི་ཡོད་དམ་སོགས་ནི་དེབ་འདིས་ཁོ་བོར་བྱིན་པའི་ཚོར་བ་མོག་མོག་ཅིག་ཡིན།རེད་དེབ་འདི་ལེའུ་རེ་བདུན་གྱི་བརྗོད་བྱ་ཆེ་ཆེ་མིན་ལ་ཉུང་ཉུང་མིན་པའི་གྲུབ་པ་དང་འཛམ་གླིང་གི་དོན་ཆེན་ལོ་ཚིགས།ཐ་སྙད་སྐད་གསུམ་ཤན་སྦྱར།འགྱུར་བྱང་བཅས་བསྡོམས་པའི་ཤོག་གྲངས་ལྔ་བརྒྱ་ཞེ་དྲུག་གི་བདག་ཉིད་ཅན་ཏུ་གྲུབ་ཡོད་དོ།།
༤ མྱོང་བ་ཐ་ནེ་ཐུན་ནེ།
དེབ་འདི་ཀློག་པའི་གོ་རིམ་ཁྲོད་རང་ཉིད་ལ་བག་ཆགས་ཆེས་ཟབ་ཤོས་དེ་ནི་ཡིག་ནོར་གྱི་རིགས་ཉུང་བ་དེ་ཡིན།ཕྲན་གྱིས་རང་གི་མོས་པའི་ཤོང་ཚོད་ལྟར་འགྱུར་དེབ་སྣ་ཚོགས་བཀླགས་མྱོང་ལ།དེ་ལས་མང་ཆེ་བ་ནི་ཡིག་ནོར་ཧ་ཅང་མང་པ་དང་།ལན་རེར་ཀློག་ན་ཀློག་པའི་སྤྲོ་སྣང་དེ་མི་ཐོན་པར་བློ་བསྐྱེད་རེ་དང་བློ་སྒོ་གསར་པ་རེ་ཕྱེ་པའི་ཕྱིར་ཨུ་ཚུགས་ཀྱིས་ཀློག་དགོས་པའི་འགྱུར་དེབ་ལ་འཕྲད་པ་ཉུང་ཉུང་མིན།རོང་བོ་གངས་དཀར་ལགས་ཀྱིས་བསྒྱུར་བའི་རྫོང་སར་མཁྱེན་བརྩེ་མཆོག་གི་⟪ནང་པ་ཡིན་ནམ་མིན⟫་ཞེས་པ་རང་ལ་མཚོན་ན་ཡིག་ནོར་ཆེས་ཉུང་ཤོས་དེ་ཡིན་ལ།འདི་ཡི་འཕྲོར་ཡིག་ནོར་ཉུང་ཤོས་ཅན་གྱི་འགྱུར་དེབ་ནི་⟪འཛམ་གླིང་ལོ་རྒྱུས་སྤྱི་བཤད⟫་འདི་ཉིད་ཁོ་ན་ཡིན་ལ་དེའང་འགྱུར་དེབ་འདིའི་ཐུན་མིན་གྱི་ཁྱད་ཆོས་ཡིན་ཞེས་བསྙད་ན་མི་འགྲིག་པ་མེད་པར་སྣང་།ཉེ་ལམ་བདག་གི་གྲོགས་པོ་ཕུན་ཚོགས་འབར་གྱིས་འགྱུར་དེབ་འདི་དང་འབྲེལ་བའི་བཀླགས་བྱང་ཅིག་བྲིས་པ་དེ་ཉིད་ལས་འགྱུར་དེབ་འདིིའི་ནང་དུ་ཡིག་ནོར་གཉིས་མ་གཏོགས་མ་མཐོང་ཞེས་གླེང་པ་མཐོང་མྱོང་མོད།ཁོ་བོས་འགྱུར་དེབ་འདི་ལས་ཡིག་ནོར་ལྔ་ལས་མི་ཉུང་བ་དང་བཅུ་ལས་མི་མང་པ་ལྟ་བུ་ཤིག་མཐོང་མོད།གལ་ཏེ་བདག་ཉིད་བརྡ་རྙིང་སོགས་ལ་རྨོངས་པའི་དབང་གིས་ཡིན་ན་ལོ་ཙཱ་བ་ལ་མཐོལ་ལོ་བཤགས།ལོ་ཙཱ་བ་ཁོང་གིས་བྱ་བའི་བྲེལ་ཟུང་གི་བར་ནས་དེབ་འདི་བསྒྱུར་བ་ལ་བློ་ཡི་གཡོ་བ་བླ་ན་མེད་པ་ཤིག་སྔོན་དུ་བཏང་ཡོད་དེ་ལོ་ཙཱ་པ་ན་རེ།⟪འཛམ་གླིང་ལོ་རྒྱུས་སྤྱི་བཤད⟫་འདི་བོད་ཡིག་ཏུ་བསྒྱུར་བའི་ཆེད་དུ།ཁོ་རང་དམིགས་བསལ་གྱིས་རྒྱལ་ཁབ་བཅོ་ལྔ་སོང་ནས་རྒྱུས་ལོན་བྱས།ལོ་རྒྱུས་འདིའི་དབྱིན་ཡིག་གི་མ་ཡིག་གཅིག་དང་རྒྱ་ཡིག་གི་འགྱུར་མི་འདྲ་བ་ལྔ་སྟེ་དེབ་དྲུག་གི་ནང་དོན་གཤིབ་བསྡུར་བྱེད་བཞིན་ལོ་བཞིའི་རིང་ལ་བོད་ཡིག་ཏུ་བསྒྱུར་ཞེས་བསྙད་འདུག་པས་ཁོང་གི་ལོ་ཙཱའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་བྱེད་ཀྱིན་ཡོད།ལྷག་པར་འགྱུར་དེབ་འདི་ནི་ལོ་ཙཱ་བས་སྒེར་གྱི་དཔལ་འབྱོར་དོན་དུ་མིན་པ་ནི་དེབ་འདི་ལ་གཏོང་བའི་དུས་ཚོད་ཀྱི་བརྒྱུད་རིམ་དེ་དང་ཡིག་ནོར་གྱི་གྲངས་ཀ་ཉུང་བའི་མཐུ་ལས་དཔོག་པར་ནུས།ཡང་རང་ཉིད་ལ་མཚོན་ན་དེབ་འདི་བཀླགས་པའི་གོ་རིམ་ཁྲོད་དཀའ་ངལ་ཆེ་ཤོས་དེ་དབྱིན་ཡིག་ལ་རྨོངས་པའི་དབང་གིས་ས་མིང་དང་མི་མིང་སོགས་ལ་ངོས་འཛིན་གསལ་བོ་མ་ཐོབ་པ་དེ་ཡིན།མདོར་ན་དེབ་འདི་ཀློག་པ་ནི་ས་ཡི་གོ་ལའི་གནས་ཡུལ་དང་ན་ཚོད་ཀྱི་བྱུང་བ་ཙམ་མ་ཡིན་པར་མིའི་རིགས་ཀྱི་འདས་པའི་ཆབ་དཔལ་རིག་གསུམ་དང་།འཛམ་གླིང་སྟོན་པ་རྣམ་གསུམ་གྱི་བྱུང་བ།ཤར་ནུབ་རྒྱལ་རབས་སྣ་ཚོགས་ཀྱི་དར་རྒུད་སྣ་ཚོགས་ཀྱི་བྱུང་བ་ལག་མཐིལ་གྱི་སྐྱུ་རུ་ར་བཞིན་མངོན་སུམ་མིག་གི་དགའ་སྟོན་དུ་འཇོ་བ་ལྟར་སྣང་ངོ་།།
2023.2.18ཉིན་གྱི་ཕྱི་དྲོ་རང་ཤག་ནས།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3189
དཔྱད་མཆན་སྤེལ།