གླེང་གཞི།

འཇོན་ཐང་མངོན་རྒྱུ་ཟེར་ནས་སྟ་གོན་ཞིག་དང་།ཐོབ་ཐང་རྩོད་རྒྱུ་ཟེར་ནས་ཧུར་ཐག་ཅིག་གི་བར་ནས་ཡོད་ཚད་ཕྲག་དོག་དང་ཚུལ་འཆོས་ཀྱིས་སིམ་ནས།ཡོད་པའི་མཇུག་འབྲས་རྫོབ་པོ་དག་ལ་དག་ཐེར་ཡོད།

བུད་མེད་སྤྱིར་བཤད་པ།

ཐོབ་སྐལ་གཙིགས་སུ་མི་འཛིན་ཞིང་མི་ཐོབ་པ་ཡོད་ཚད་ལ་ཧུར་ཐག་གིས་བརྩོན་ལེན་གྱི་ཁྲོད་ནས་རྒས་ཤིང་འཆི་ནའང་རང་སྐྱོན་ལ་ཡོ་བསྲང་གི་སྙིང་སྟོབས་ཆུང་བ་དེར་རྒྱུན་འཁྱོངས་ཁོ་ནའི་ཁྲོད་དུར་ཁྲོད་ཕྱིར་མི་ལོག་པའི་འཇིག་རྟེན་འགྲིམས་འགྲོ

བུད་མེད་ཤེས་ཡོན་པའི་སྡེ།

སྤྱིར་ཤེས་ཡོན་དགོས་པ་རེད། ལྷག་པར་དུ་མི་རིགས་ཤིག་ཁུངས་སྐྱེལ་དང་ངེས་འཛིན་ལ་དེ་བས་དགོས་ངེས་རེད། དེ་ལ་ཞོགས་དུང་གིས“འདི་འདྲའི་རིག་གནས་སྙིང་སྟོབས་ཆགས་པའི་མི་རིགས་ཤིག་ཡིན་ན་དེ་ལ་ཅི་ནས་ཀྱང་གསོན་ཤུགས་རྒྱས་འོང་ལ་དེའི་རྒྱུ་རྐྱེན་དུ་གྱུར་པའི་མཁས་པ་དང་དཔའ་པོ། མཛངས་མི་སོགས་དང་དེ་དག་གི་དོགས་གཅོད་དང་འགྱོད་བསམ། གསར་གཏོད་སོགས་ནི་འུ་ཚོའི་ངེས་པ་དོན་གྱི་གཅེས་ནོར་ཡིན“ཞེས་པ་ལྟར་ཡིན་ནའང་ང་ཚོར་མི་གཤིས་དང་སྒལ་ཚིགས་མཁོ་བ་རེད། བྱ་དངོས་ཅི་ཞིག་ཡིན་ཡང་དགོས་པ་དང་མཁོ་བ་ལ་ཚབས་ཆེ་ཆུང་གི་ཧེ་བག་ཅིག་ཡོད་པ་ཉིན་རྒྱུན་གྱི་བྱེད་ལས་སྤྱོད་གསུམ་ཁྲོད་ནས་ཀྱང་གསལ་ཁ་ཕྱེ་ཐུབ། དེར་ བརྟེན་ང་ཚོ་བུད་མེད་ཤེས་ཡོན་པ་ཚོས་ཀྱང་རང་ཉིད་ལ་ཤེས་ཡོན་ཡོད་པའི་སྟེང་ལ་མི་རིགས་ཀྱི་སྲོལ་རྒྱུན་གྱི་གཤིས་སྤྱོད་གཙང་མ་དང་ཡང་ན་དངོས་ཡོད་ འཚོ་བའི་ཀུན་སྤྱོད་རྣལ་མ་སོགས་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་ཡོད་ན་དེ་ནི་ཁྱེད་ཀྱི་མི་ཚེའི་རིན་ཐང་དང་མཛེས་སྡུག་གི་ལང་ཚོ་རང་ཡིན། མ་ཟད་ཡིག་རྨོངས་ཀུན་པོའི་མིག་དཔེར་འགྱུར་ངེས་བས་ན་ཁྱེད་ཀྱིས་སྦྱངས་པའི་ཡོད་དོ་ཅོག་རྩ་ཆེན་རིག་གནས་ཤིག་གི་མ་ལག་དང་འཁོར་བ་ཆུང་ཆུང་འདིར་བདེ་སྣང་གི་འཚོ་བའི་དབུ་ཁྱུད་གསར་བ་ཞིག་བྲིས་པ་མ་ཡིན་ནམ། དེ་མིན་ཚོད་ཚོད་ལ་རང་ཉིད་ཀྱི་བསམ་བློ་གུ་ཡངས་པོ་ཡོད་རབས་དང་ཤེས་ཡོན་པའི་སྡེ་ཡིན་རབས་སོགས་ལུང་བ་གང་བཤད་ཀྱང་དགེ་མཚན་ཞིག་ཕར་ཞོག ཐ་ན་དྲིན་ཆེན་ཕ་མས་སྤྲད་པའི་མི་ལུས་རིན་ཆེན་འདིའི་ངོ་བོ་ཡང་རང་དགར་ཤོར་འགྲོ གང་ལྟར་ལག་ལེན་གྱི་སྟེང་དང་གནད་འགག་གི་སྣེ་ནས་རང་བཞིན་གྱི་བསམ་བློ་དཀྱེལ་ཡངས་པོ་དང་ངང་རྒྱུད་བག་ལྷོད་པོ་ཞིག་དགོས་པ་མ་ཟད། ད་དུང་མི་སྒེར་གྱི་འཚོ་གནས་དང་རང་ཉིད་ཀྱི་ཚོར་བའི་སླད་དུ་མྱི་རབས་ཤིག་གི་བླ་སྲོག་རྒྱབ་ཏུ་ བསྐྱུར་མི་ཉན་པར་མི་རིགས་ཤིག་གི་གནའ་རབས་ལོ་རྒྱུས་དང་ཉེ་རབས་ལོ་རྒྱུས་གླེང་བར་དོ་སྣང་དམིགས་བསལ་ཅན་དེ་རང་ཉིད་ཀྱི་འགན་འཁྲི་ལ་སེམས་དགོས་པའི་སྲོལ་ཞིག་ཀྱང་འདུག ཕྱིའི་ཀུན་སྤྱོད་དང་ནང་གི་བསམ་བློ་ཚགས་ཚུད་པོ་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཐུས་ཚང་། འཐུས་ཚང་ནས་ཚད་ལྡན་དུ་བསྒྱུར་ཐུབ་པའི་ནུས་པ་ཁྱད་པར་བ་ཞིག་ ཡོད་ན་ད་གཟོད་ཤེས་ཡོན་པའི་སྡེ་ལ་ཤེས་ཡོན་པའི་རིན་ཐང་རྙེད་དཀའ་བ་ཞིག་ཡོད་པ་རེད། ཡིན་ན་ཡང་ཤེས་ཡོན་པའི་ཐོབ་ཐང་ལ་རྩོད་ལེན་བྱེད་པ་ཙམ་མིན་པར་ཡིག་རྨོངས་པའི་བུད་མེད་དག་ལ་སྣེ་ཁྲིད་དང་ན་མཉམ་ཤེས་ཡོན་པ་ལ་བློ་འདྲི་སོགས་ཀྱིས་བུད་མེད་ཀྱི་ལས་དབང་ལ་འཕོ་འགྱུར་གཏོང་ཐུབ་ན་གཞི་ནས་བུད་མེད་ཤེས་ཡོན་པ་དེ་ཤེས་ཡོན་པ་ཚད་ལྡན་ཞིག་ཏུ་གྱུར་པ་ལས་ཚོད་ཚོད་ལ་ཤེས་ཡོན་པ་གཞན་དག་ལ་ཕྲག་དོག་དང་ཡིག་རྨོངས་པའི་སྡེ་ལ་མཐོང་ཆུང་གི་ཀུན་སློང་ཡོད་ན་ཁྱེད་ནམ་ཡང་སྔོན་ཐོན་གྱི་བུད་མེད་ཅིག་ཕར་ཞོག སྤུནཟླ་ནང་དམེ་བྱེད་པའི་གཏེ་བོ་ཆུང་ཆུང་ཞིག་ལས་མ་འདས། དེ་བས་མིའི་རིགས་ལ་ཤེས་ཡོན་ཡོད་པ་ཙམ་གྱི་མི་འགྲིག རིག་གནས་ཀྱི་ འཇིག་རྟེན་ཞིག་ནས་ང་རྒྱལ་གྱི་ཀློང་ནས་ཕྲག་དོག་ གིས་ཟིན་ནས་བསྡད་ན་གཞན་ལ་ཕན་མི་ཐོགས་པ་དང་ཆུང་བྱིས་པའི་དུས་ནས་ཕ་མའི་རྔུལ་ཁྲག་གི་ལོ་ཟླ་ཤེས་ཡོན་ལ་བརྗེས་ཀྱང་དོན་གོ་མ་ཆོད་པ་རེད། ཤེས་ཡོན་གྱི་དགེ་མཚན་ནི་མི་སྒེར་རང་ཉིད་ཀྱི་བྱེད་ལས་སྤྱོད་གསུམ་གྱི་སྟེང་ནས་གསལ་ཁ་ཕྱེ་ཡོང།

བུད་མེད་ཡིག་རྨོངས་པའི་སྡེ།

སྒང་བ་བོད་པ་ཚང་ཙམ་མ་ཡིན་པར་མིའི་རིགས་ འདིར་ཤེས་ཡོན་དགོས་གལ་ཆེ་བ་བདེན་ནའང་། དེ་ལས་ལྷག་པའི་གལ་ཆེའི་ནང་གི་དོན་ཆེན་ནི་མི་གཤིས་དྭངས་མ་ཞིག་དང་ཀུན་སྤྱོད་རྣལ་མ་ཞིག འདུ་ཤེས་གཙང་མ་ཞིག མི་རིགས་ལ་དུང་ཞེན་ཞིག་ཡོད་ན་ཤེས་ཡོན་ཡོད་མེད་ལ་དེ་འདྲའི་ཧེ་བག་ཅིག་མེད་པར། དེ་ནི་གང་ཟག་སྒེར་བ་ཞིག་གི་ཆ་རྐྱེན་དུ་གོ་བ་བླངས་ཆོག་ན་གནོང་འགྱོད་ཅི་ཡང་མེད་པར་མུ་ནས་རྒྱུན་དུ་རང་གི་ཁམས་དང་ནུས་པ་ལ་བསྟུན་ནས། རང་གི་ཐོབ་སྐལ་ལ་བརྩོན་ལེན་བྱ་རྒྱུ་ནི་མི་བུ་རང་གི་འགན་འཁྲི་ཞིག་ཏུ་སེམས་པ་ལས་རང་ཉིད་ལ་རང་ཉིད་ཀྱིས་བརྩི་མཐོང་མེད་པ་དང་ཁེངས་སྐྱུང་གི་ཀུན་སློང་མི་སྐྱེས་བར་རླབས་ཆེན་གྱི་ཨ་མ་ཚད་ལྡན་ཞིག་བྱ་དགོས། ཡང་སློབ་གསོ་བ་ཞིག་གིས“ཁེངས་སྐྱུང་ནི་ང་རྒྱལ་གྱི་གཉེན་པོ་ཡིན་ལ་ཡིད་ཆེས་ནི་སྤོབས་པའི་གཏེར་མཛོད་ཡིན། དེ་བས་མི་སུ་ཞིག་ཡིན་ཀྱང་ཚུལ་མིན་གྱི་ང་རྒྱལ་དང་ཁེངས་སེམས་ཇེ་ཉུང་ངམ་ཇེ་ཆུང་དུ་གཏོང་དགོས་ན་ཐོག་མར་རང་ཉིད་ ཀྱིས་རང་ཉིད་ལ་ངོས་འཛིན་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས་པ་ལས་ཆུང་དུས་ནས་ཚད་ལས་བརྒལ་བའམ་བཅོས་མའི་ཁེངས་སྐྱུང་གི་སློབ་གསོ་གཏོང་དྲགས་ན། བྱིས་པའི་སྤོབས་པ་དང་རང་ཉིད་ལ་ཡིད་ཆེས་བྱེད་པ་སོགས་ལ་ངན་ཤན་ཚབས་ཆེན་ཐེབས་ནས་མཐར་མི་ཚེ་ཕམ་ཁའི་ལམ་དུ་འགྲོ་བ་ཧ་ཅང་མང“ཞེས་པ་ལྟར་ཡིན་དུས་མི་རང་རང་གི་འོས་བབས་ལ་འབད་འབད་དུང་དུང་གིས་བརྩོན་དང་ཁྱེད་ཚོ་ནི་གངས་ཅན་བོད་ཀྱི་ཨ་མ་ཞིག་ཡིན་པ་མ་ཟད་སྲོལ་རྒྱུན་གྱི་རྔམས་ན་འགྱིང་པའི་བླ་མེད་ཀྱི་རིག་གཞུང་ཞིག་གི་རྒྱུད་འཛིན་ངོ་མ་ཡིན། ཁྱེད་ཚོས་བཞག་པའི་རྐང་རྗེས་རེ་རེ་ན་བོད་མི་རིགས་ཀྱི་འདས་མ་ད་གསུམ་གྱི་ལོ་རྒྱུས་དངོས་མ་ཞིག ལར་འཇིག་རྟེན་སྟེང་གི་མི་སུ་འདྲ་ཞིག་ཡིན་ཀྱང་རང་རང་ལ་ཚད་རིམ་མི་འདྲ་བའི་འཚོ་བའི་རེ་སྙེག་ལོས་ཡོད། ཡིན་ནའང་ཐོབ་ཐང་རྩོད་རྒྱུ་དང་འགྲན་སློང་བྱ་རྒྱུ་ཟེར་ནས་ཚོད་ཚོད་ལ་སྤྱི་ཚོགས་འདིར་ཟིང་ཟིང་ལ་མི་གཏོང་བར་ཤེས་ཡོན་ཡོད་པའི་མི་ཚད་སྤྱོད་བཟང་ཀུན་ལེགས་ཀྱི་བུད་མེད་རིག་བཟང་དག་ལ་མིག་དཔེདང་རང་གི་འོས་འགན་ལ་ལག་བསྟར་མཛོད་དང་སྔར་གྱི་སྲོལ་རྒྱུན་དང་ད་ལྟའི་སྲོལ་གསར་གཉིས་ཀྱི་ཧྲག་ བར་ནས་ཁ་ཞེ་གཉིས་མེད་ངང་ལས་ཀྱིས་བརྐོས་པའི་རང་གི་ཟླ་བོ་དང་ཕ་མར་གོང་བཀུར་བརྩི་འཇོག་དང་ཁ་ལེན་ཚིག་བརྩི་བྱོས་དང་ཁ་བླངས་ན་ཁ་ལས་དགེ ཚིག་བརྩིས་ན་ཚེ་ཐག་རིང་། མ་ཟད་ཤེས་ཡོན་པའི་སྡེའི་བུད་མེད་དེ་ཚོའི་ཕྱིའི་བྱ་སྤྱོད་དང་ནང་གི་འདུ་ཤེས་བཟང་བོ་དག་ལ་མིག་དཔེ་དང་ལོངས་སྤྱོད་བྱོས་དང་གཅིག་བྱས་ན་ཁོང་མོ་ཚོའི་དོན་ལྔ་སྣོད་དྲུག་གིས་ལོ་དགུའི་གསོ་སློབ་ལམ་ལུགས་ལ་སྦྱངས་བ་ཐར་སོན་པ་ཞིག་བྱས་ཡོད་ནའང་ཐང། དེ་བས་ཁོང་ཚོར་ཕྲག་དོག་གི་མིག་ཞགས་མི་འཕེན་པར་རང་ལས་ལ་ངང་ངར་ཤུགས་ཀྱིས་བརྩོན་དང་རང་རྒྱུད་ལ་མཛེས་སྡུག་གི་བླ་བྲང་ཞིག་བཞེངས་ཐུབ་པའི་ངེས་པ་ཡང་ཡོད་པ་རེད། དེ་མིན་རངཉིད་ཀྱིས་རང་ཉིད་ཨ་མ་ཞིག་ཡིན་པའི་འདུ་ཤེས་མཐོར་འདེགས་ཀྱིས་བྱིས་པའི་ཡིད་ཆེས་ལ་སྐྱེད་སྲིང་བྱེད་རྒྱུ་ནི་ཨ་མ་ཞིག་ལ་མེད་དུ་མི་རུང་བའི་རྩ་བའི་གྲུབ་ཆ་ཡིན། དེ་ལ་དགེ་ཆོས་ཀྱིས“གཞན་གྱི་སྒྲོས་དང་འགལ་གྱིས་དོགས་པའི་ཞུམ་པ་ཆེར་བྱས་ཚེ། ཤེས་རབ་འཕེལ་ནུས་པའི་གོ་བ་ཡང་མི་སྐྱེད“ཅེས་གསུངས་པ་ལྟར་ཡིན་དུས་ངའི་བུས་འདི་ཡང་བྱེད་མི་ཆོག གན་ཡང་བྱ་མི་ཉན། དེ་ཡང་འཇོན་གྱི་མ་རེད་སོགས་འོལ་ཚོད་ཀྱི་སྐད་ཆ་ཆོ་མེད་པ་བཤད་རྒྱུ་མང་དྲགས་ན་བུ་ཡི་ཡོད་ཚད་ལ་ཤན་ཤུགས་ཐེབས་ནས་འཚར་ལོངས་ཀྱི་གོམ་ཁ་བརྟན་པོ་སྤོབས་མི་ཐུབ་པའི་ངེས་པ་ཡང་ཡོད་པས་དེའི་ཕྱོགས་ལ་ཡིད་གཟབ་དང་བསམ་རྒྱ་གནང་ནས་སྔོན་ཐོན་གྱི་གྲས་སུ་ཤུགས་ཀྱིས་བསྐྱོད་དང་བུ་ཕྲུག་གི་འབྱུང་འགྱུར་ལ་འོད་སྟོང་འཚེར་བ་མ་ཟད་མི་རིགས་ཤིག་གི་རེ་བ་བཅོལ་ས་ཡང་བྱ་ཆོག གང་ལྟར་ཆེས་སྡུག་རྩུབ་ཅན་གྱི་བསམ་བློའིི་བཀག་རྒྱ་ལས་ཐར་བར་བརྩོན་དང་དེ་ནི་ཁྱེད་ཚོའི་ཚེ་འདིའི་མི་མངོན་པའི་སེམས་ཀྱི་ཞི་བདེ་ཁོ་ན་ཡིན།

མཇུག་གི་གཏམ།

སྤྱིར་སྐྱེས་པ་ཕོ་ལ་ཉེས་སྐྱོན་ཏོག་ཙམ་ཡང་མེད་ཀི་ཟེར་ནི་མིན་ལ། བྱ་བ་ཆེ་ཆུང་གང་གི་སྟེང་ནས་བཤད་ཡོང་ན་ཧེ་བག་ཅིག་ཡོད་པ་མངོན་གསལ་དོད་པོ་ལྟ་བུའི་སྣང་བ་ཞིག་འདུག ཡང་གཅིག་བཤད་ན། རིགས་མཐུན་གྱི་ཤ་ཞེན་དང་ལ་རྒྱས་ཀུན་ནས་བསླངས་བ་ཡིན་ནའང་ཐང། གང་ལྟར་བུད་མེད་ཀྱི་བྱེད་ལས་སྤྱོད་གསུམ་ལ་དག་ཐེར་དང་མ་འདང་བ་ལ་ཁ་གསབ་ཞིག་ཡོང་ན་བསམ་ནས། འདི་ལྟར་འཐུས་མི་ཚང་བའི་གཏམ་གླེང་ཞིག་སྨྱུག་ཁར་ལྷུང་གིན་འདུག སྐྱེས་པ་ཞིག་ཡིན་ནའང་དོན་ཆེ་ཆུང་གང་ཞིག་བསྒྲུབ་དགོས་ན་ཡང་རྒྱབ་བསྙེ་ས་དང་དཔུང་རོགས་ལོས་དགོས། དེ་ལ་གཅན་རོང་བསྟན་འཛིན་གྱིས“ཁྱོ་བོ་ཞིག་གི་བྱ་བཞག་གྲུབ་འབྲས་དང། མཚན་སྙན་གྲགས། ལུས་སེམས་བདེ་སྡུག་སོགས་ཚད་གཞི་ངེས་ཅན་སྒོས་གང་དེའི་བུད་མེད་ཡག་ཉེས་ལ་རགས་ལས་པ་མ་གཏོགས“གཞན་མེད་པ་ལྟ་བུ་ཞིག་གསུངས་འདུག་པ་བཞིན། སོ་སོའི་བཟའ་ཚང་ལ་མཐོང་ཆེན་དང་ཕ་མ་བུ་ཕྲུག་ལ་གཉོར་སྐྱོང་བྱ་རྒྱུ་ནི་ཨ་མ་ཞིག་ལ་མཚོན་ནས་བཤད་ན་ཆེས་མ་མཐའི་འགན་འཁྲི་དང་འོས་བབ་རེད། ཡང་གཅིག་བཤད་ན་དེང་གི་སྤྱི་ཚོགས་འདིའི་ཁྲོད་ཀྱི་བུད་མེད་ལ་ལས་འཇིག་རྟེན་གྱི་ཡོད་ཚད་སྒོར་མོས་ཐག་གཅོད་ཐུབ་པར་ཡིད་ཆེས་ཀྱིས་རང་ཉིད་ལ་ཚོད་འཛིན་དང་བུད་མེད་ཀྱི་སྒལ་ཚིགས་ཀྱང་བཅག་ཡོད་པ་འདྲ།དེ་ནི་བུད་མེད་དར་མ་ཞིག་གི་ལང་ཚོ་རྒྱས་ཡོད་ནའང་ནང་བསམ་བློའི་གཉོམ་ལག་རྒྱས་མེད་པ་ཏན་ཏན་རེད། གང་ལྟར་ངས་བཤད་འདོད་པ་ནི་རྒྱུ་ནོར་དབང་ཐང་གིས་མིའི་རིགས་ཀྱི་འཚོ་བར་ཁ་སྣོན་ཙམ་ལས་ལས་དབང་ལ་ཁ་ལོ་བསྒྱུར་ཐུབ་ནི་མ་རེད། དེ་བས་རང་ཉིད་ཨ་མ་ཡིན་པའི་འགན་འཁྲི་ལ་བརྩོན་ལེན་དང་ཁྱིམ་ཚང་ལ་བདེ་སྐྱིད་བསྐྲུན་དང་། དེ་ཡང་ང་ཚོའི་འཐུས་སྒོ་ཚང་བའི་བསམ་བློའི་རྨང་གཞིར་བྱ་ཆོག་ལ་མི་རིགས་ཤིག་གི་བུད་མེད་ཀྱི་སེམས་གཤིས་དྭངས་མའི་མངོན་མཚོན་དུའང་བསྒྲགས་ཆོག

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3121