དང་པོ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་བདག་གཞན་མཉམ་བརྗེ་ཡི་ལྟ་བ།

  འབྲོམ་སྟོན་རྒྱལ་བའི་འབྱུང་གནས་(1005——1064)ནི་བོད་དུ་ཐོག་མར་བསམ་བློའི་འདུ་ཤེས་སྤེལ་མཁན་དང་མི་ཚེའི་ཤེར་རྟོགས་རིག་པ་བ། མིའི་རིགས་ལ་ཞི་བདེའི་མཛུབ་སྟོན་པ་ཞིག་ཡིན་པ་མ་ཟད། མི་ཧྲེང་གི་འཚོ་བར་གོམས་མཁན་ཞིག་ཀྱང་ཡིན། ནུབ་ཕྱོགས་སུ་འཇར་མན་གྱི་ནེ་ཁྲེ་(尼采)ནས་རྣལ་འབྱོར་ཤེར་རྟོགས་རིག་པའི་(超人哲学)མགོ་བརྩམས་ཤིང་། ནེ་ཁྲེས་མིའི་རིགས་ཀྱི་འཚོ་སྡོད་དམིགས་ཡུལ་ནི་རྣལ་འབྱོར་བ་བསྐྱེད་བསྲིང་དང་། རྣལ་འབྱོར་བས་མིའི་རིགས་ཀྱིས་འགལ་བ་ཐམས་ཅད་སེལ་དགོས་པར་བཤད། འབྲོམ་སྟོན་པས་མིའི་རིགས་འཚོ་སྡོད་ཀྱི་དམིགས་ཡུལ་ནི་གཞན་དོན་སྒྲུབ་མཁན་གསོ་སྐྱོང་དང་། དེས་གཞན་དོན་ཁུར་དུ་བཟོད་པའི་ནུས་པར་བརྟེན་ནས་མིའི་ཁྲོད་དུ་གནས་པའི་འགལ་བ་སྣ་ཚོགས་བསལ་ཏེ་མིའི་རིགས་ལ་ཞི་བདེ་སྟེར་དགོས་བར་གསུངས། འབྲོམ་སྟོན་ཁོང་གི་མི་ཧྲེང་གི་འཚོ་བའི་ལམ་དུ་ཞུགས་པའང་སྐབས་དེའི་དགོངས་གཞི་ཇི་ཡིན་ལ་མ་ལྟོས་པར་ད་ལྟའི་དོན་སྙིང་གི་ཐོག་ནས་བལྟས་ཚེ། མིག་སྔར་མིའི་སྐྱེ་འཕེལ་མྱུར་དྲགས་པ་དང་ས་སྟེང་གི་འཚོ་བའི་འབྱུང་ཁུངས་ཉིན་རེ་ལས་ཉིན་རེར་ཞན་པར་འགྱུར་བཞིན་པའི་གནས་ཚུལ་ལ་མ་འོངས་སྔོན་གཟིགས་བྱུང་བ་ལྟ་བུའི་ངོ་མཚར་དུ་སེམས་ན་མི་ཆོག་པ་གང་ཡང་མེད། དཔེར་ན་ཁོང་གིས་བརྩམས་གནང་མཛད་པའི་མི་ཆོས་གནད་ཀྱི་ཕྲེང་བར་མཇལ་ཚེ་མི་གཤིས་གྱོང་པོའི་མདུད་པ་སོགས་རིང་དུ་བཀྲོལ་ཡོད་པས་ཨ་རིའི་ཁཱ་ན་ཅིས་(卡纳基)ཀྱང་སླར་ཡང་མནོ་སེམས་ཀྱི་ཕྱོགས་ལ་སྐུལ་བ་དང་ཉེ་བར་མཚུངས། དེས་བདག་གཞན་མཉམ་བརྗེ་ནི་རང་ལས་གཞན་གཅེས་པར་བྱེད་པའི་འཛིན་སྟངས་སྟེང་གི་བསམ་གཞིགས་ཤིག་ཡིན་པས། དང་ཐོག་རང་གཞན་མཉམ་པ་བྱས་ཏེ་བསྒོམ། རྗེས་སུ་ཕན་ཚུན་བརྗེས་ཏེ་བསྒོམ་དགོས་ཤིང་།སྔ་མ་ནི་ཕྱི་མ་འཐུས་ཚང་བཟོ་བྱེད་ཀྱི་ཆ་རྐྱེན་དུ་གྱུར་ཡོད། གཞན་གྱི་བདེ་བ་སྲུང་ཞིང་གཞན་ལ་ཕན་པ་དང་བདེ་བ་སྒྲུབ་པ། རང་གཅེས་པར་འཛིན་ཞིང་གཞན་ཡལ་བར་དོར་བའི་བསམ་ཚུལ་དེ་གོ་ས་བརྗེས་པ་གང་ལ་དེ་སྐད་དོ། །

 

གཉིས་པ། མ་གཅིག་ལབ་སྒྲོན་གྱི་ཞི་གཅོད་ཀྱི་ལྟ་བ།

  བོད་ཀྱི་རྩོམ་པ་པོའི་ལོ་རྒྱུས་སྟེང་མ་གཅིག་ལབ་སྒྲོན་(1032——1129)ལས་བོད་ཀྱི་གཅིག་ཀྱང་བཀོད་མེད། དེ་ནི་ལོ་རྒྱུས་སྨྲ་བའི་ཕྱོགས་ཞེན་དུ་སོང་བ་ཡིན་གྱི་བུད་མེད་མཛད་རྗེས་ཅན་མ་བྱུང་བ་མིན་པར་སྨྲ། མ་གཅིག་ལབ་སྒྲོན་བཀོད་དགོས་པས་རྒྱུ་མཚན་ཉག་གཅིག་ནི་མ་གཅིག་ལབ་སྒྲོན་གྱི་ཞི་བྱེད་གཅོད་ཀྱི་གདམས་པས་གྲུབ་མཐའ་ཀུན་ལ་ཤན་ཞུགས་ཆེ་བའི་རྐྱེན་ལ་བལྟས་ནས་བཀོད་པར་སྨྲས་ཡོད། མ་གཅིག་ལབ་སྒྲོན་ཁོང་མོ་ནི་རླབས་ཆེ་བའི་གཞན་བསམ་གྱི་བསམ་བློ་བ་སྟེ་རང་ལུས་ཀྱང་མཆོད་སྦྱིན་དུ་ཕངས་མེད་གཏོང་བར་འདོད་པ་ཞིག་དང་། གནའ་རབས་ཀེ་རི་སིའི་ཤེར་རྟོགས་རིག་པ་སུའུ་ཀི་ལ་ཏེ་(苏格拉底)བཞིན་བསམ་བློ་དར་སྤེལ་གཏོང་མཁན་ཟིག་ཡིན་པར་མ་ཟད། བོད་ཀྱི་ལོ་རྒྱུས་སྟེང་ཐེངས་དང་པོར་རང་དབང་གི་སྒོ་ནས་ཕྱི་རྒྱལ་བར་གཉེན་སྒྲིག་བྱེད་མཁན་ཞིག་ཀྱང་ཡིན་པར་སྐད། ནུབ་ཕྱོགས་ཀྱི་ཤེར་རྟོགས་རིག་པའི་ལོ་རྒྱུས་ཁྲོད་ལང་ཀེས་(朗格)རྩོལ་སྒྲུབ་ཤེར་རྟོགས་རིག་པ་(劳动哲学)བརྩམས་ཏེ་ངལ་རྩོལ་ནི་འཚོ་སྡོད་ཀྱི་རྩ་བའི་རྒྱུ་རེད་ཅེས་དང་། ཁང་ཏི་(康德)གསར་མའི་ལམ་ལུགས་ཁྱབ་སྤེལ་བྱས་པ་དེས་སྐད་གྲགས་ཆེན་པོ་བྱུང་བར་གྲགས་ན་ཡང་། མ་གཅིག་ལབ་སྒྲོན་གྱི་རང་གཅེས་འཛིན་ལས་རྣམ་པར་རྒྱལ་ཞིང་ཕངས་མེད་གཏོང་བར་ནུས་པའི་རླབས་ཆེན་གྱི་བསམ་བློ་དང་བསྡུར་ཐབས་ག་ལ་ཡོད། འཛམ་གླིང་ཡོངས་ལ་དཔྱད་ནའང་བུད་མེད་ཀྱི་བསམ་བློ་བ་ཐོག་མ་ཡིན་པར་མ་ཟད་མཆོག་ཏུ་གྱུར་བ་ཞིག་རེད། བསམ་བློ་བའི་འཇིག་རྟེན་དུ་རྣལ་འབྱོར་པའི་རྣམ་གྲངས་མང་པོ་ཡོད་ཀྱང་བོད་ཀྱི་བསམ་བློ་བ་བཞིན་འཇིག་རྟེན་གྱི་གསང་བ་རྟོགས་པའི་རྣལ་འབྱོར་བ་ཉུང་ཉུང་རེད། བོད་ཀྱི་མཁས་དབང་ཚོས་འཇིག་རྟེན་གྱི་གསང་བ་བརྟོལ་བ་དེས་བོད་ཀྱི་ཤེས་རིག་འདི་ཉིད་དུས་བཞིར་ཉམས་པ་མེད་པའི་གསོམ་སྡོང་ལྟར་སྔོ་བ་དང་། འབྱུང་འགྱུར་ཁྲོད་སྔོན་ཐོན་མི་རིགས་ཤིག་ཏུ་འགྱུར་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། མ་གཅིག་ལབ་སྒྲོན་གྱི་ཞི་གཅོད་ཀྱི་ལྟ་བའི་ཁུངས་མཛད་ས་ནི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས་ཞེས་པ་འདི་ཡིན་པར་བསྙད་དོ། །

 

གསུམ་པ། མི་ལ་རས་པའི་གཉུག་མ་འོད་གསལ་གྱི་ལྟ་བ།

  ཤེར་རྟོགས་རིག་པའི་ལོ་རྒྱུས་ཁྲོད་ནེ་ཁྲེ་(尼采)དང་ཧྥུ་རོ་ཏི་(佛洛伊德)ལ་སོགས་པ་ནི་རང་གི་གནས་ལུགས་ཀྱི་ཆེད་དུ་སྨྱོས་པ་དང་། ཧྲུའུ་པེན་ཧོར་(叔本华)ཡིས་ཀུན་གཞི་དང་སྣང་བརྙན་གྱི་འཇིག་རྟེན་ཞེས་བྱ་བ་(作为意志和表象的世界)བརྩམས་པས་དེས་མཐའ་ལ་སྤྱུགས་ཏེ་རྩྭའི་སྤྱིལ་བུའི་ནང་ལོ་ངོ་སུམ་ཅུར་འཚོ་བ་རོལ་དགོས་བྱུང་ཡོད། འོན་ཀྱང་རང་རེ་བོད་དུ་སྤྱུགས་མཁན་མེད་པར་རང་ཉིད་རི་ལ་བཞུགས་ཤིང་། སྨྱོས་པ་མ་ཡིན་པར་ཧྲུལ་བའི་ལམ་དུ་ཞུགས་པའི་བླ་མེད་རྣལ་འབྱོར་པ་ཞིག་ཡོད་པའི་མཚན་ལ་མི་ལ་རས་པའམ(1040——1123)ཐོས་པ་དགར་གྲགས།ཁོང་ནི་རང་སྲོག་ལ་ཕངས་བ་མེད་པར་གཞན་དོན་དུ་སྤྱོད་ཐུབ་པའི་བསམ་བློ་བ་དང་། རང་གིས་གང་གཏན་ལ་ཕབ་པའི་གནས་ལུགས་ཇི་བཞིན་ལག་བསྟར་དུ་སྐྱེལ་མཁན། རང་ཉིད་འདུལ་བའི་ཆེད་དུ་ཟྭ་ཚོད་རྐྱང་པའི་ཟས་ངན་ངོན་ཙམ་ལ་བརྟེན་ཏེ་འཚོ་བ་རོལ་མཁན་ཞིག་ཡིན་པ་འདི་ལྟ་བུ་ནི་བསམ་བློ་བའི་འཇིག་རྟེན་དུ་རྙེད་དུ་དཀོན་པར་སྣང་། ཁོང་གིས་ངེད་ཅག་གི་ཐོག་མའི་སེམས་ཀྱི་རང་བཞིན་འོད་གསལ་ཡིན་རུང་། སྤྱི་ཚོགས་ཀྱི་འཚོ་བ་བརྒྱུད་དུས་གསལ་རིག་གི་ངོ་བོ་སྒྲིབ་སྟེ་བླང་དོར་ཕྱིན་ཅི་ལོག་ཏུ་སོང་བ་དང་། ནར་སོན་པའི་ཤེས་རབ་ཀྱི་རྟིང་སྐུལ་འོག་སྔར་བྱས་ཐམས་ཅད་དཔྱད་སྟོབས་ཀྱིས་བསལ་ཏེ་སླར་ཡང་སེམས་ཀྱི་རང་བཞིན་འོད་གསལ་དུ་འགྱུར་བ་དང་། ཡང་ན། འོད་གསལ་ནི་མི་རང་ལ་གདོད་ནས་ཡོད་པའི་ནུས་པ་སྟེ། ང་ཚོས་ད་ལྟ་འོད་གསལ་གྱི་ནུས་པ་སླར་གསོ་བྱེད་པ་ཡིན་ལ་མིར་སྐྱེ་བའི་དགོས་པའང་ག་དུས་ཡིན་རུང་རང་གི་གཉུག་མའི་དུས་ཀྱི་འོད་གསལ་བའི་སེམས་ལ་བདག་གཉེར་བཟང་པོ་བྱས་ཏེ་ཕྱི་གསལ་ནང་དུ་གཏོང་རྒྱུ་དེ་རེད་ཅེས་གསུངས། མ་ཅི་ཡ་ཡེ་ལེས་(马基雅维里)མིའི་རང་བཞིན་ནི་དྲི་ནས་སྦགས་པར་བཤད།དེ་ལྟར་ན་མིར་སྐྱེ་བའང་རང་དོན་གྱི་ཆེད་དུ་སོང་བས་བསམ་བློ་བའི་བྲོ་བ་ག་ལ་ཡོད། ཡང་ཁང་ཏིས་(康德)མི་སེམས་ནི་རང་གཟུགས་ཤིག་ཡིན་པས་ང་ཚོས་ནམ་ཡང་རྟོགས་མི་ཐུབ་ཅེས་བཤད་པ་ཤེས་རབ་ཕལ་བའི་ངོར་བྱས་པ་ལས་ཤེས་རབ་ཆེན་པོའི་ཡུལ་སྟེང་དུ་བཞག་པ་མིན་པར་བཤད། དེར་བརྟེན་མཱ་ཅི་ཡ་ཡེ་ལེ་དང་ཁང་ཏིར་མཚོན་ན་སེམས་འོད་གསལ་དུ་བསྒྱུར་ཐུབ་པའམ་འོད་གསལ་བའི་སེམས་ཀྱིས་ཡོད་ཚད་གཞལ་ནུས་པ་གསང་བ་ཞིག་ལ་ངོས་འཛིན་བྱེད། མི་ལ་རས་པའི་གཉུག་མ་འོད་གསལ་གྱི་ཁུངས་མཛད་ས་ནི་གཞོན་ནུ་དོན་གྲུབ་ཀྱི་སྟོང་ཉིད་ལ་མཚན་ཉིད་ལྔ་སྟེ། ཟབ་པ། ཞི་བ། སྤྲོས་བྲལ། འོད་གསལ། འདུས་མ་བྱས་གསུངས་བ་ལས་བཞི་བ་འོད་གསལ་ཡིན་པར་གསུངས་སོ། །

 

བཞི་བ། རྔོག་བློ་ལྡན་གྱི་ཤེས་རབ་ཀྱི་ཡུལ་གཉིས་ཀྱི་ལྟ་བ།

  རྔོག་བློ་ལྡན་ཤེས་རབ་(1059——1109)ནི་ཉམ་ཆུང་གི་ཚུལ་དུ་བཞུགས་པའི་བསམ་བློ་ཆེན་པོ་ཞིག་དང་། བླ་ན་མེད་པའི་ལོ་ཙཱ་བ་ཆེན་པོ་ཞིག་ཡིན་ལ། ཁོང་གི་ཡུལ་གཉིས་ཀྱི་ལྟ་བ་ནི་ལ་ལས་རང་སྟོང་གི་ལྟ་བ་སྟོང་ནས་བཞག་པར་འཐད་དོ། ། ཕོ་བུ་འར་(波普尔)གྱི་ཕྱི་དོན་རྫས་ཀྱི་འཇིག་རྟེན་དང་། རང་རིག་ཤེས་པའི་འཇིག་རྟེན། ཕྱི་དོན་ཤེས་པའི་འཇིག་རྟེན་ཏེ་འཇིག་རྟེན་གསུམ་ལས། སྔ་མ་ནི་ང་ཚོ་འཚོ་བར་རོལ་བཞིན་པའི་རྫས་ཀྱི་འཇིག་རྟེན་ཏེ་ཟ་ཉལ་སྤྱོད་འདུག་ཐམས་ཅད་འདིའི་བྱེ་བྲག་ཡིན་པ་དང་། བར་མ་ནི་མིའི་ཤེས་པའི་འགུལ་སྐྱོད་མཐའ་དག་ལ་ཟེར། ཕྱི་མ་ནི་མིའི་རིགས་ཀྱི་ཤེས་པའི་འགུལ་སྐྱོད་ཀྱི་ཡུལ་ཅན་གྱི་འཇིག་རྟེན་(对象化世界)དང་། ཡང་ན་བསམ་བློའི་ཡུལ་གྱི་འཇིག་རྟེན་(思想客体世界)ལ་ཟེར། དེ་ལྟ་ཡིན་ཡང་རྔོག་བློ་མཆོག་གིས་ཡུལ་གཉིས་ཀྱི་ལྟ་བ་ནི་གཟུགས་ནས་རྣམ་མཁྱེན་བར་ཆོས་ཐམས་ཅད་ལ་རང་རང་གི་མཚན་ཉིད་ཀྱིས་སྟོང་ཞེས་པའི་དགོངས་གཞིའི་སྟེང་ནས་བསམ་གཞིགས་ཀྱི་ཆིབས་ཁ་བསྒྱུར་བ་དང་། ཕོ་བུ་འར་གྱིས་རིང་ལུགས་ནི་དེ་ལས་ལྡོག་པར་བཤད་དོ། །

 

ལྔ་བ། ཆ་བ་ཆོས་ཀྱི་སེང་གེའི་གཟུང་ཡུལ་གྱི་ལྟ་བ།

  དུས་རབས་རིམ་བྱོན་གྱི་སྔ་རྗེས་སུ་བོད་གངས་ཅན་གྱི་ལྗོངས་སུ་བོད་རང་གི་བསམ་བློའི་འདུ་ཤེས་ཅན་གྱི་མཁས་དབང་རིམ་པར་བྱོན་པའི་ནང་། ཆ་པ་ཆོས་སེང་ནི་(1099——1169)རླབས་ཆེ་བའི་བསམ་བློ་བ་དང་སྒྲུབ་ངག་རིག་པའི་གསར་གཏོད་པ་ཡིན་པར་མ་ཟད།རིགས་ལམ་ཐུན་མོང་ཅན་དུ་བསྒྱུར་མཁན་དང་།ཕོ་མོའི་བསླབ་གྲྭ་སོ་སོར་འབྱེད་མཁན་དང་།རབ་བྱུང་བའི་ཀུན་སྤྱོད་ཀྱང་ཚངས་པར་བཟོས་པ་མ་ཟད་མིའི་རིགས་ཀྱི་འབྱུང་འགྱུར་འཚོ་སྡོད་ཀྱི་ཐད་ལའང་ནུས་པ་མི་དམན་པ་བཏོན་ཡོད།ནུབ་ཕྱོགས་རྒྱལ་ཁབ་འགའ་རེར་འཛམ་གླིང་འཁྲུག་ཆེན་དང་པོའི་སྔ་རྗེས་སུ་ཕོ་མོའི་བསླབ་གྲྭ་སོ་སོར་དབྱེ་ཡོད་ཅིང་ད་ལྟ་ནི་རྩོད་པའི་ཡུལ་དུ་གྱུར་འདུགཁོང་གི་སྒྲུབ་ངག་རིག་པར་ལེ་ཚན་ཀུན་གྱི་སྔོན་དུ་ཁ་དོག་དཀར་དམར་བཀོད་པ་ནི་དངོས་གཙོ་སྨྲ་བའི་དན་རྟགས་ལྟ་བུར་འདུག་ཅིང་།བསམ་བློའི་འཁྱེར་ཕྱོགས་ནས་དངོས་གཙོ་སྨྲ་བའི་ལྟ་བ་དང་སོ་སོར་སོང་འདུག་པར་བཤད།

ཧེ་ཀེར་(黑格尔)གྱི་ལྟོས་མེད་ཀྱི་ཤེས་པ་(绝对精神)ནི་འཇིག་རྟེན་གྱི་རང་བཞིན་དང་རྨང་གཞི། དངོས་པོ་ཀུན་གྱི་སྲོག་ཤིང་དང་རྩ་བ་ལྟ་བུ་ཡིན་པ་དང་། འཇིག་རྟེན་གྱི་བྱ་དངོས་སྣ་ཚོགས་ཀྱང་ལྟོས་མེད་ཤེས་པའི་སྣང་བ་[体现]ལས་མ་འདས་པའི་འདོད་ཚུལ་ལ་གཞིགས་ན་ཆ་པ་ཆོས་ཀྱི་སེང་གེ་མཐའ་གཅིག་སྨྲ་བ་ཞིག་ཀྱང་མིན་པར་བཞེད། ཆ་པ་ཆོས་སེང་གེས་དངོས་གཙོའི་ལྟ་བ་ཁས་བླངས་པའང་བྱ་དངོས་ཀྱི་ཚད་ཡོད་རང་བཞིན་རྟོགས་ཏེ་བྱ་དངོས་ལ་སྲུང་སྐྱོབ་བྱེད་པའི་ཆ་ནས་བཞག་པར་བཤད་དོ། །

 

དྲུག་པ། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསལ་སྟོང་འཛིན་མེད་ཀྱི་ལྟ་བ།

  ས་པཎ་ཀུན་དགའ་རྒྱལ་མཚན་(1182——1251)ནི་བོད་རང་གི་འདུ་ཤེས་འཛིན་སྟངས་ལྡན་པའི་ཚད་མ་རིག་པ་རྩོམ་པ་པོ་དང་། ཐབས་ཤེས་ཟུང་འབྲེལ་གྱིས་གཞན་སེམས་འདུལ་བའི་བསམ་བློ་བ་དང་མི་རིགས་ལ་གཅེས་པ་པོ། ཆོས་སྲིད་མཉམ་སྐྱོང་བྱེད་མཁན་དང་བོད་དུ་ལེགས་བཤད་རྩོམ་པའི་གཞི་འདིང་བ་པོ་ཡིན་པར་མ་ཟད། ཐེངས་དང་པོར་རྒྱ་གར་གྱི་ཆོས་རྩོད་པ་བོད་ཡུལ་དུ་ཕམ་པར་བཟོ་མཁན་ཞིག་ཀྱང་ཡིན་པར་བཤད། ས་པཎ་མཆོག་གིས་ཕྱི་དོན་ཐམས་ཅད་རང་དོན་དང་ཤེས་པ་ཐམས་ཅད་རང་རིག་ཏུ་འདུའོ་ཞེས་དང་། རང་རིག་གི་ཡུལ་ནི་རང་རྒྱུད་ལ་ཡོད་པའི་སེམས་དང་སེམས་ལས་བྱུང་བའོ་ཞེས་གསུངས་པར།དེ་ནི་ནུབ་ཕྱོགས་འཇར་མན་གྱི་ཤེར་རྟོགས་རིག་བ་ཧྲུའུ་པིན་ཧོར་[德国哲学家 ·叔本华尔]ནས་ཀྱང་འཇིག་རྟེན་ནི་ཀུན་གཞི་ཡི་རང་རིག་[世界就是意志的自我意识]ཡིན་ཞེས་མཐུན་པར་བཤད་ཡོད། ས་པཎ་ཁོང་གིས་གསལ་སྟོང་འཛིན་མེད་ཀྱི་སྒོ་ནས་འཚང་རྒྱ་བར་བཞེད་ལ། ཨ་ཁུ་ནས་阿奎那ང་ཚོས་དཀོན་མཆོག་མེད་ཅེས་ཚིག་གི་དོན་རྟོགས་ཀྱང་དཀོན་མཆོག་གི་རང་བཞིན་རྟོགས་པ་མིན་ཞེས་བཤད་ཡོད། དེ་ལྟར་ན་དཀོན་མཆོག་ནི་མི་མངོན་ནམ་མཁའི་དབྱིངས་སུ་བཞུགས་པའི་གཟུགས་མེད་གར་ཁྱབ་ཅིག་ལ་ངོས་འཛིན་དགོས་པས་གཟུར་གནས་ཀྱི་གཏམ་ཞིག་མ་རེད་སྙམ་པ་འབྲོང་བུས་དགོངས། ས་པཎ་མཆོག་གིས་གསལ་སྟོང་འཛིན་མེད་ཀྱི་ལྟ་བ་སྔགས་ཕྱོགས་ནས་དྲངས་པ་ཡིན་པར་བཤད་དོ། །

 

བདུན་པ། ཀློང་ཆེན་དྲི་མེད་འོད་ཟེར་གྱི་སྤྲོས་བྲལ་བརྗོད་འདས་ཀྱི་ལྟ་བ།

  ཀློང་ཆེན་དྲི་མེད་འོད་ཟེར་ནི་(1308——1363)བོད་རང་གི་འདུ་ཤེས་ལྟར་ཆགས་པའི་བོན་གྱི་ལུགས་རྒྱུན་འཛིན་པ་དང་།འདི་ནི་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབ་དང་ཐུའུ་བཀྭན་གྲུབ་མཐའ་ལྟར།དུས་རབས་དང་འཇིག་རྟེན་སྤྱིའི་གནས་ལུགས་དང་བསྟུན་ཏེ་སྲོལ་རྒྱུན་ལ་བཅོས་བསྒྱུར་དང་། རང་གི་ངོས་འཛིན་ལྟར་འཇིག་རྟེན་གྱི་བདེན་དོན་གླེང་བའི་རླབས་ཆེན་གྱི་བསམ་བློ་བ་དང་རྗེས་དཔག་སྨྲ་བ་ཞིག་ཡིན་པ་མ་ཟད།རྒྱུན་དུ་དཀའ་སྤྱད་བབ་ཆགས་ཀྱི་འཚོ་བར་རོལ་མཁན་ཞིག་ཀྱང་རེད། ཁོང་གིས་ཆོས་ཐམས་ཅད་རིག་པ་བྱང་ཆུབ་ཀྱི་སེམས་སུ་རང་སྣང་རང་ཤར་དུ་བསྡུས་པས།གང་སྣང་བ་དེ་ལྟར་དུ་གྲུབ་པ་མེད་པས་སྒྱུ་མའི་ལྟད་མོར་བཞེད་ལ།འཇར་མན་ཧྲུའུ་པེན་ཧོར་(叔本华)གྱིས་ཀུན་གཞི་(意志)རང་བྱུང་ཁམས་ཧྲིལ་པོའི་རང་གཤིས་རྟོགས་བྱེད་ཀྱི་ལྡེ་མིག་ལྟ་བུ་དང་།ཀུན་གཞི་ནི་འཇིག་རྟེན་གྱི་རང་གཟུགས་(物自体)དང་། འཇིག་རྟེན་གྱི་ནང་གི་བརྗོད་སྙིང་། འཇིག་རྟེན་གྱི་ཚེ་སྲོག་ཡིན་ལ།སྣང་བ་ནི་ཀུན་གཞིའི་མེ་ལོང་ལས་མ་འདས་ཞེས་ཤད་པ་དེ་གཉིས་འདྲ་བ་ལྟ་བུར་སྣང་ཡང་ཧྲུའུ་པེན་ཧོར་གྱིས་འཚོ་བའི་ཀུན་གཞི་གླེང་བ་དེས་ཀུན་གཞི་ཉིད་ཀྱང་སྲེད་པའི་ཕྱོགས་སུ་སྦྱར་འདུག་པ་དང་། ཀློང་ཆེན་པས་སྤྲོས་བྲལ་བརྗོད་འདས་ཀྱི་ལྟ་བ་ནི་རང་བྱུང་ཡེེ་ཤེས་སྦྱོང་བྱེད་ཡིན་པ་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་ལུང་རིགས་གཏེར་མཛོད་ལ་གཞི་བཅོལ་བས་སོ། །

 

བརྒྱད་པ། རྗེ་བློ་བཟང་གྲགས་པའི་རྟེན་འབྲེལ་གྱི་ལྟ་བ།

  རྒྱ་གར་དུ་སློབ་དཔོན་ཀླུ་སྒྲུབ་ལ་སྟོན་པ་གཉིས་པ་ཞེས་བསྔགས་བརྗོད་བྱེད་སྲོལ་ཡོད་པ་བཞིན། བོད་དུའང་རྗེ་བློ་བཟང་གྲགས་པར་(1357——1419)སྟོན་པ་གཉིས་པ་ཞེས་བསྔགས་བརྗོད་བྱེད་པ་དོན་ལ་གནས་ཤིང་། འདི་ལྟ་བུའི་རླབས་ཆེན་གྱི་བསམ་བློ་བ་དང་། ནང་བའི་ཆོས་ཀྱི་དག་ཐེར་མཛད་པོ།ཤེས་བྱ་ཐམས་ཅད་ལམསྔགས་གཉིས་ཀྱི་གནད་ཀྱི་སྙིང་པོར་འཁྱེར་མཁན་ནི་འཇིག་རྟེན་དུའང་ཉུང་ཤས་ཙམ་དུ་ཟད། ཁོང་གིས་བསམ་བློ་བའི་མི་ཚེ་ཁྲོད་ནས་རིམ་བཞིན་བསམ་གཞིགས་གསར་བའི་མྱུ་གུ་རྒྱས་ཏེ་རི་བོ་དགེ་ལུགས་པའི་གྲུབ་མཐའ་གསར་དུ་བཏོད་ཅིང་བོད་ཡོངས་ལ་ཁྱབ་པར་མཛད་པ་མ་ཟད། སྔ་ཕྱི་བར་གསུམ་དུ་ཁོང་གི་བསམ་གཞིགས་ལ་འཕོ་འགྱུར་བྱུང་སྟེ་ལྟ་བ་མི་འདྲ་བ་སྤེལ་ཡོད་ཀྱང་ལེགས་བཤད་གསེར་འཕྲེང་ལྟ་བུ་ནི་བོད་སྔ་རབས་པའི་ལྟ་བའི་རྗེས་སུ་འབྲངས་བ་ཞིག་ཡིན་ལ། ལམ་རིམ་དང་སྔགས་རིམ་སོགས་ནི་རྒྱན་དྲུག་མཆོག་གཉིས་ཀྱི་རྗེས་སུ་འབྲངས་ཏེ་རང་བློས་དཔྱད་པའི་ལྟ་བ་ཡིན།ཨོ་སེ་ཁྲུའི་བརྡ་བྱེད་ཤེར་རྟོགས་རིག་པ་བ་ཧེ་ཐེབ་ཀིན་སི་ཐན་(奥地利亚语言哲学家·维特根斯坦)ལ་སྔ་ཕྱིར་ལྟ་བ་གཉིས་བྱུང་ཞིང་ཁོང་ལ་གདེང་འཇོག་ཚད་མེད་བྱེད་ཀྱི་ཡོད་ཀྱང་རྗེ་ཁོང་ཉིད་ལས་ལོ་དྲུག་བརྒྱ་ཙམ་གྱིས་ཕྱི་བ་ཡོད། ད་དུང་པོ་ལ་ཐུས་(柏拉图)དུས་བཞིའི་རླུང་ཞེས་བསྔགས་པ་རྟོག་བཅས་ཀྱི་འཇིག་རྟེན་དང་དངོས་ཡོད་ཀྱི་འཇིག་རྟེན་ལ་རག་ལས་ཡོད་ལ། དེ་ནི་རྗེ་ཁོང་གི་རྟེན་འབྲེལ་གྱི་ལྟ་བ་འདི་ཉིད་ལས་འདའ་བ་མི་འདུག་གོ །

 

དགུ་བ། ཇོ་ནང་ཏཱ་ར་ན་ཐའི་གཞན་སྟོང་ཆེན་མོའི་ལྟ་བ།

  ཇོ་ནང་ཏཱ་ར་ན་ཐ་ནི་(1575——1634)གཞན་སྟོང་གི་བསམ་བློ་འཕེལ་རྒྱས་སུ་གཏོང་མཁན་དང་། ལོ་རྒྱུས་སྨྲ་བ་པོ། སྐད་གཉིས་སྨྲ་བ་ཆེན་པོ་དང་བོད་དུ་ཐེངས་དང་པོར་ཕྱི་རྒྱལ་གྱི་ལོ་རྒྱུས་རྩོམ་པ་པོ་རེད། ཁོང་ནི་འཆད་རྩོད་རྩོམ་པའི་སྙན་གྲགས་ཀྱིས་ས་སྟེང་ཁྱབ་པ་མ་གཏོགས། དོན་ལ་ནི་དོན་ཉུང་བྱ་ཉུང་གི་རི་ཁྲོད་པ་ལྟ་བུར་བཞུགས་པ་ཞིག་རེད། ཁོང་གི་རྒྱ་གར་ཆོས་འབྱུང་ལ་ད་ལྟ་རྒྱལ་ཕྱི་ནང་ཀུན་ཏུ་གདེང་འཇོག་ཚད་མེད་བྱེད་བཞིན་ཡོད། ཏཱ་ར་བ་ཐ་ཁོང་གི་ལྟ་བའི་ནང་ལ་རྒྱ་གར་གནའ་རབས་ཀྱི་མཁས་པ་ཚོའི་བསམ་བློ་དང་གཞི་མཐུན་པ་མང་པོ་ཡོད་པར་བཤད། གྲངས་ཅན་པ་དང་དཔྱོད་པ་བའི་ལྟ་བར་རིགས་བསྒྲེ་བ་དང་། ལྷག་པར་དབང་ཕྱུག་པས་དབང་ཕྱུག་སེམས་ཅན་གྱི་སྙིང་ལ་གནས་ཟེར་བ་དང་ཇོ་ནང་བས་ལོངས་སྐུ་རང་ཆས་སུ་ཡོད་པར་བཞེད་པ་སོགས་ལ་བརྟག་ཞིབ་བྱེད་དགོས་པའི་གནས་སུ་འཁུམས་པར་བཤད། ཏཱ་ར་ན་ཐ་མཆོག་གི་གཞན་སྟོང་ཆེན་མོའི་ཁུངས་མཛད་ས་ནི།ཕུང་པོ་མ་དཔྱད་སྟོང་བ་ཉིད། ཆུ་ཤིང་བཞིན་དུ་སྙིང་བོ་མེད།།ཅེས་པ་འདི་ཡིན་པར་བསྙད་པའི་སྲོལ་ཡོད། ཧྥ་རན་སིའི་གཞི་གྲུབ་སྨྲ་བའི་(存在主义)ལུགས་འཛིན་པ་པོ་ས་ཁྲར་(萨特)གྱིས་རང་ངོས་ནས་གྲུབ་པ་(自在的存在)ནི་ཉ་ཉོག་བསྲེས་པའི་ཁུངས་མེད་ཅིག་རེད་ཅེས་གསུངས་པས་རང་ངོས་བདེན་པས་སྟོང་པ་ཁས་བླངས་མོད། འོན་ཏེ་རྫས་རང་གི་རང་ངོས་ནས་མ་གྲུབ་པའམ། ཡང་ན་གཞན། དེ་མིན་ཕུང་བོ་གསུམ་པ་ཞིག་གིས་མ་གྲུབ་པའམ། གང་ལྟར་ཡང་ཇོ་ནང་བའི་ལུགས་ལྟར་བདེན་མེད་ནི་རྫས་གཞན་གྱི་བྱས་པ་རེད་ཅེས་གསལ་བོར་སྒྲུབ་མི་འདུག་པར་བསྙད་དོ། །

 

བཅུ་བ། དགེ་འདུན་ཆོས་འཕེལ་གྱི་ཐ་སྙད་ཚད་མས་སྟོང་བའི་ལྟ་བ།

  དུས་རབས་བཅོ་བརྒྱད་པའི་ནང་འཇར་མན་ཧྲུའུ་པེན་ཧོར་(叔本华尔)གྱི་གཙོ་བྱས་ཏེ་བོད་ཀྱི་ཤེས་རིག་གི་མྱུ་གུའང་ནུབ་ཕྱོགས་ནས་འབུས་འགོ་བརྩམས་ནའང་། བོད་རང་ལ་མཚོན་ན་དེ་ནས་བཟུང་ཤེས་མེད་ཚོར་མེད་དུ་ལོ་ངོ་སུམ་ཅུའི་རིང་གཉིད་དུ་ཡུར་བས་རང་རང་གི་བསམ་བློ་དར་མེད་པར་སྨྲོས་མི་དགོས་པ་ཞིག་ཏུ་འཁུམས། དེ་རྗེས་ཀྱི་ལོ་ངོ་གང་ཙམ་ཞིག་ནས་མདོ་སྨད་ཀྱི་ཡུལ་གྲུ་རུ་བསམ་བློ་བ་དང་། ལོ་རྒྱུས་སྨྲ་བ། སྐད་གཉིས་སྨྲ་བ། རི་མོ་བ། ཡུལ་སྐོར་བ་ཆེན་པོ་ཞེས་ཡོངས་སུ་གྲགས་པ་ཞིག་བྱུང་བའི་མཚན་ལ།ལ་ལས་ཕྱི་ཐོགས་པ་དགེ་འདུན་ཆོས་འཕེལ་(1903——1951)ཞེས་འབོད་དོ། ། དགེ་འདུན་ཆོས་འཕེལ་གྱི་ལྟ་བའི་ལངས་ཕྱོགས་ཐད་ལ་འཇར་མན་ཤེར་རྟོགས་རིག་པ་བ་ནེ་ཁྲེའི་(尼采)ལྟ་བར་གདེང་འཇོག་བྱེད་པ་བཞིན་ད་ལྟའི་བར་བལྟ་སྟངས་འདྲ་མིན་སྣ་ཚོགས་ཤིག་མཆིས་ནའང་། དགེ་འདུན་ཆོས་འཕེལ་གྱི་ཐ་སྙད་ཚད་གྲུབ་ཁས་མི་ལེན་པ་ནི།གལ་ཏེ་རང་རེས་ཐག་བཅད་པ་ལ་ཡིད་རྟོན་མེད་དུ་ཆུག་ཀྱང་སངས་རྒྱས་ཀྱིས་ཐག་བཅད་པའི་རྗེས་སུ་འབྲངས་ནས་མི་བསླུ་བ་ཡིན་སྙམ་ན།འོ་ན་སངས་རྒྱས་མི་བསླུ་བར་ཐག་བཅད་མཁན་སུ་ཡིན། དེ་མི་བསླུ་བར་ཀླུ་སྒྲུབ། དེ་མི་བསླུ་བར་རྗེ་བླ་མ། དེ་མི་བསླུ་བར་རང་གི་བླ་མ། རང་གི་བླ་མ་མི་བསླུ་བར་རང་གི་ཐག་བཅད་པར་འདུག་ལྟ་བུའི་མཚོན་ནོ། ། དགེ་འདུན་གྱི་ཆོས་འཕེལ་གྱི་ཐ་སྙད་ཚད་མས་སྟོང་བ་ཞེས་པའི་གོ་དོན་སྣ་ཚོགས་སུ་མཆིས་པ་དང་། གཞན་དགེ་འདུན་ཆོས་འཕེལ་གྱི་ཐ་སྙད་ཚད་གྲུབ་ཀྱིས་སྟོང་བའི་ལྟ་ཚུལ་དང་བདེན་པ་ལ་དོན་དམ་དང་ཀུན་རྫོབ་གཉིས་སུ་ཕྱེ་བའི་དོན་དམ་བདེན་པ་གཉིས་ཀྱང་འདྲ་བར་བཞེད་དོ། །

མཆན། འདི་དག་ནི་ཁོ་བོས་བོད་ཀྱི་ཤེར་རྟོགས་རིག་པའི་ཞིབ་འཇུག་སྨྲ་བ་འབྲོང་བུ་ཚེ་རིང་རྡོ་རྗེ་ལགས་ཀྱིས་བརྩམས་ན་མཛད་པའི་བོད་ཀྱི་ཤེར་རྟོགས་རིག་པའི་རིགས་ཤེས་《藏族哲学的理智》ཞེས་པ་ལས་གངས་ཅན་རིག་པའི་གླིང་གི་བསམ་བློ་ཆེན་པོ་བཅུ་ཞེས་པ་ཁོལ་བྱུང་བྱས་ནས་ཟིན་བྲིས་སུ་བཏབ་པ་ལགས་པས་ཀློག་ལ་སྤྲོ་བའི་བྱེད་པོ་གིས་རྒྱས་པར་གཟིགས་འདོད་ཡིད་ཀྱི་འགྲམ་མཆུ་ལྡང་ཚེ་དེབ་དེ་རུ་གཟིགས་པར་འཚལ་ཞེས་དྲན་པས་དབང་བསྐུར་བའོ། །

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3040