བོད་པའི་སྐྱེ་བོ་རྣམས་ལ་སྐྱེས་རི་རེ་ཡོད་པ་བཞིན། ཁོ་བོའི་སྐྱེས་རིའི་མིང་ལ་ཁེན་གྱའི་རྩེ་རི་ཞེས་འབོད་དོ།།

སྐྱེས་རིའི་མིང་ཇི་ལྟར་ཐོགས་པའི་ཚུལ་ནི་མེས་པོའི་ལོ་རྒྱུས་དང་འབྲེལ་བ་དམ་ཟབ་ཡོད་པར་ངེས་ཀྱང་།མི་རབས་གཞུག་མ་དག་གིས་དེ་དག་གི་དོན་ཇི་བཞིན་དུ་མི་ཤེས་ཤིང་།   ཁེན་གྱ་ཞེས་པའི་ཐ་སྙད་འདི་ཡང་དང་པོ་སྡེ་པ་ཚོ་པ་འདིའི་ཡང་མེས་ཤིག་གི་མཚན་ལས་དྲངས་པར་ངེས་ལ།  བོད་ཀྱིས་མེས་པོའི་མཚན་རྗེས་སུ་རྒྱལ་ཡིག་སྦྱར་ནས་སྤུར་རྒྱལ་དང་། གུང་རྒྱལ། དོ་རྒྱལ་སོགས་འདོགས་པ་བཞིན་དུ་འདི་ཡང་དོན་ལ་ཁེན་པའི་མཚན་ཅན་གྱི་མེས་པོའི་བུ་རབས་ཚ་རྒྱུད་རྒྱལ་བར་གྱུར་ཅིག་ཅེས་པའི་རེ་སྨོན་གྱི་བསྡུས་མིང་ལ་ཁེན་རྒྱལ་ཐོགས་པ་ཡིན་སྙམ་ཞིང་།   ཨ་མདོ་པ་རྣམས་དང་ལྷག་པར་དུ་དོ་རྒྱ་པའི་ངག་ནས་སྟོད་དབུས་གཙང་གི་བོད་པའི་རྗོད་སྟངས་བཞིན་དུ་མིང་གཞི་ཁོ་ན་ལས་རྗེས་འཇུག་དང་མགོ་ཅན་སོགས་ཀྱི་སྒྲ་གསལ་བར་མི་ཐོན་པས་རིམ་བཞིན་ཡུལ་སྐད་དུ་ཁེ་འགྱ་ཞེས་རྒྱུན་འབྱམས་སུ་སོང་བར་མངོན་ནོ།།

ཕ་ཡུལ་གཅིག་པ་དག་གིས་ནམ་རྒྱུན་དུ་ཁོ་བོའི་སྐྱེས་ལྷའི་རི་བོར་ཁེ་འགྱའི་རྩེ་འདུས་དང་། ཁེ་འགྱའི་རྩེ་བསྡུས།   ཁེ་འགྱའི་རྩེ་རིའུ་ཞེས་འབོད་པ་དང་། སྔགས་པའི་འདོན་པ་ལག་བྲིས་མ་དག་ཏུ་རྩེ་རྡེའུ་དང་རྩེ་ཏི་ཞེས་སྣ་ཚོགས་འབྲི་བར་བྱེད་ཀྱང་། རི་བོའི་རྩེ་མོ་མཐོན་པོའི་དོན་ཡིན་པར་གཅིག་ཏུ་འབབ་ལ། སྔོན་མ་ཞིག་ལ་ཁོ་བོས་ཀྱང་འདོད་གསོལ་གྱིས་མཁས་རྒྱལ་དང་མཁས་བརྒྱ། མཁས་རྒྱ་ཞེས་བཙན་སྤྲོད་དུ་བྲིས་ཀྱང་།  དོན་ལ་རྗེ་གསེར་ཁང་པ་དང་།   ཇུ་ནང་ངག་དབང་སྙན་གྲགས།  མཁས་དབང་ཚེ་ཏན་ཞབས་དྲུང་སོགས་ཀྱི་གསུང་རྩོམ་ལ་འཁོད་པ་བཞིན་ཁེན་གྱའི་རྩེ་རི་ཞེས་བྲིས་ན་ཤིན་ཏུ་འགྲིག་ལ། དགོས་དབང་གིས་ཁེ་འགྱའི་རྩེ་རིཞེས་ཡུལ་སྐད་ཇི་བཞིན་དུ་བྲིས་ཀྱང་ཆོག་སྙམ་སྟེ།  ངེད་ཚོས་བསྟན་འཛིན་ལ་བསྟ་འཛི་ཞེས་འདོན་པ་བཞིན་ཁེན་གྱི་རྗེས་འཇུག་ན་བོར་བས་ཁེ་དང་བརྒྱད་ཅུ་སོགས་ལ་གྱ་གཅིག་བཞིན་དུ་རྒྱལ་གྱི་མགོ་ཅན་ར་བོར་བའི་ཁར་བརྗོད་བདེའི་དབང་གིས་འགྱ་ཞེས་བཀླགས་པསཁེ་འགྱའི་རྩེ་རིའུཞེས་པའི་སྒྲ་ཐོན་པ་རེད་ལ།  རི་ལ་རིའུ་སྒྲ་ཐོན་པའང་ཡུལ་སྐད་དེ་མྱི་ལ་མྱིའུ་ཞེས་སྒྲ་ཐོན་པ་དང་གཅིག་གོ།

ཁེན་གྱའི་རྩེ་རི་ནི་གནས་གང་དུ་ཡོད་ཅེ་ན།མདོ་སྨད་ས་ཡི་ཐིག་ལེ་གཅན་ཚ་རིག་པའི་བཙན་རྫོང་ལ་ཉིན་སྲིབ་གཉིས་སུ་ཕྱེས་པའི་སྲིབ་ལྟའི་ཆ།   ཁྲི་ཀ་གོང་འོག་ཐུན་མོང་གི་སྐྱེས་ལྷ་ཆེན་པོ་ཨ་མྱེས་སྲིན་རྒན་གྱི་པང་བ།  རྗེ་བློ་བཟང་གྲགས་པ་སོགས་སྐྱེས་ཆེན་དུ་མའི་བླ་རི་ཙོང་ཁའི་སྐྱེས་རིའི་ཁ་གཏད།  རྨ་ཀླུང་གསེར་ལྡན་རིང་མོ་གཡས་སུ་འཁྱིལ་བའི་ད་ཁུག་དགུ་པ།  གནའ་མཁར་ཟི་ལིང་ནས་རྒྱལ་ཁབ་རིམ་པའི་ཁམས་ར་ནགས་ཚལ་སྤྱི་གླིང་ལ་ལྗོངས་རྒྱུར་འགྲོ་སའི་ལམ་གོང་།  གཅན་ཚ་རྫོང་དོ་རྒྱ་ཚོ་པ་དྲུག་གི་འདབས་རོལ།  གདོང་སྣ་གྲོང་རྡལ་གྱི་གཉའ་ལྟག།   སྐུ་ཕྱོགས་དགུ་རོང་སྐུ་ཕྲེང་སྔ་ཕྱིའི་གདན་ས་ལྔ་རིག་འོད་གསལ་ཕོ་བྲང་གི་མདུན་རིའི་ཚུལ་དུ་ཀྲོང་ངེར་གནས་སོ།།

རི་བོ་དེ་ནི་གཅན་ཚ་ཉིན་སྲིབ་གཉིས་ལ་མཚོན་ན་གཏོས་ཆེས་ཆེ་བའི་སྤང་རི་ཞིག་སྟེ། མཐོ་ཚད་ལ་མཚོ་འཕགས་མུས2964.6དང་། སའི་གོ་ལའི་འཕྲེད་ཐིག36°03′42″ དང་གཞུང་ཐིག101°86′73″ སྟེང་ན་ཡོད་ལ། རི་བོ་འདི་དང་འདིའི་ཉེ་འཁོར་ནས་མིག་གི་མཐོང་རྒྱ་རེབ་གོང་དང་། ཞུན་ཧ། དཔའ་ལུང་།  ཁྲི་ཀ་སོགས་ལ་འཕེན་ཐུབ་པས་ས་དེར་སྐྱེས་པའི་སྐྱེ་བོ་རྣམས་ཁོག་རྒྱ་ཡངས་ཤིང་ལྟ་རྒྱ་ཆེ་བའི་ཕྱི་ནང་གི་རྟེན་འབྲེལ་ལྷུན་གྱིས་གྲུབ་ཡོད།

དེ་ནི་དཔྱིད་ཟླ་གསུམ་ལ་ཁྲ་བོ་གཟི་ཡི་སྐུ་ཞིག་དང་གཉིས་སུ་མེད་ཅིང་།དབྱར་ཟླ་གསུམ་ལ་སྔོན་མོ་གཡུ་ཡི་མཎྜལ་ཞིག་དང་ཀུན་ནས་མཚུངས་ལ།   སྟོན་ཟླ་གསུམ་ལ་སེར་པོ་འབྲི་མར་གྱི་གྲོག་པ་ཆེན་པོ་ཞིག་དང་འདྲ་ཞིང་།   དགུན་ཟླ་གསུམ་ལ་དཀར་པོ་ཁ་བའི་རྡུལ་མང་བརྩེགས་པའི་གངས་རི་ཞིག་དང་གཉིས་སུ་མ་མཆིས་པར་སྤྲུལ་བསྒྱུར་སྣ་ཚོགས་འགྱེད་པར་བྱེད་དོ།།

རྒྱ་ཁྱོན་གྱི་ཆ་ནས་ཤར་ཕྱོགས་སུ་གཅན་ཚ་གདོང་སྣ་གྲོང་རྡལ་དང་།ལྷོ་ཕྱོགས་སུ་སྐྱ་རྒྱ་ཡུལ་ཚོའི་ཨ་འབྱུང་སྡེ་བ།  ནུབ་ཕྱོགས་སུ་དོ་རྒྱའི་ཕ་གཞིས་ཤར་སྡེ་བ།  བྱང་དུ་རྐ་ཕུག་ཚོ་གསུམ་ཕྱོགས་ཀྱི་ལྷ་གྲོང་སྡེ་པ་དང་འདབས་འབྱར་དུ་གནས་ཤིང་།  མཐའ་འཁོར་དུ་རི་བོ་ཆེ་སྒང་དང་།  ལྷ་ཐོ་སྒང་།  ཁུག་རི་སྒང་།  ཨ་འབྱུང་རྒྱལ་གདོང་སྒང་།  ལྷ་རྟེན་བྱ་ལྡིང་སྒང་།  ལྷ་གྲོང་རི་སྤེན་མ་སྒང་སོགས་རི་ཕྲན་དུ་མས་བློན་གྱི་ཚུལ་དུ་ཡོངས་སུ་བསྐོར་ཡོད་ལ།  སྡེ་པ་དུད་ཁ་བརྒྱད་ཅུའི་མཚམས་དང་མཚམས་སུ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་ཕྱག་བཏབ་པའི་ཁེན་གྱའི་སྒོམ་རྟགས་དང་། ཁོང་གིས་མགུར་དབྱངས་འཐེན་སའི་ཞིང་མགུར་ཁུག།   ཁོང་གིས་དངོས་སུ་བཏབ་པའི་ཕྱག་ཚའི་འབུམ་ཁང་།  ཁོང་གིས་རབ་གནས་མཛད་པའི་ཚ་ཚའི་ས་དམར་ལེན་སའི་གཏེར་ཁ་ཡོད་པ་མ་ཟད།  ད་དུང་བླ་བྲང་ཐོད་དང་།   བཀྲ་ཤིས་ཐོད། ཀླེ་གཞིས་ཚང་གི་མཁའ་འགྲོ་མའི་ཁྱིམ་གཞིས་ཀྱི་འབུམ་ཁང་། དོ་རྒྱ་ཁ་སྟོད་སྨད་གཉིས་དྲུག་པའི་ཁྱུང་ལ་ཚོགས་སའི་རྟ་རྒྱུག་ཐང་། ཀོའུ་བ་གྲུབ་གནས་ལྷུན་གྲུབ་ཆོས་རྫོང་། སྙིགས་དུས་ཀྱི་རྫོགས་པ་ཆེན་པོའི་བྱ་བཏང་རྣལ་འབྱོར་པ་ཨ་ལགས་ཚེ་ཐར་ཚང་གི་གྲུབ་གནས་ཨོ་རྒྱན་ཡུལ་ལེ་ལག་དང་བཅས་པ་འཇིག་རྟེན་བྱེད་པོས་ཆེད་དུ་བཀོད་པ་ལྟར་འདུག།

དུས་ནམ་ཞིག་ལ་གནས་འདིའི་རི་རྒྱལ་ལྷུན་པོར་ཆགས་པའི་གསང་བ་སུས་ཀྱང་ཇི་བཞིན་བརྗོད་པར་རྔོ་མི་ཐོགས་ནའང་།ལྷ་བརྒྱུད་ཡར་ལ་དེད་ན་སྲིད་པ་ཆགས་པའི་ལྷ་དགུའི་འཁོར་ཆེན་དུ་གྱུར་ཅིང་ས་བཅུ་པ་ཐོབ་པའི་ཨ་མྱེས་སྲིན་པོ་དཔལ་ལྡན་དོན་གྲུབ་ཀྱི་མཛོད་བདག་ཡིན་པར་ཀུན་ལ་གྲགས་སོ།།

ཁོ་བོའི་སྣང་ངོར་ཁེན་གྱའི་རྩེ་རི་འདི་མཚམས་ལན་རེར་མགོ་ནག་མི་ལ་མགོན་སྐྱབས་བྱེད་པའི་སྐྱེས་ལྷ་རྫུ་འཕྲུལ་དང་ལྡན་པ་ཞིག་ཏུ་མཐོང་ལ།ལན་རེར་ཕྱི་དགྲའི་ཇག་ལམ་རྩ་བ་ནས་གཅོད་པའི་གཉན་ཆེན་མཐུ་བོ་ཆེ་ཞིག་ཏུ་སྣང་ཞིང་། སྐབས་འགའ་རེར་ཡུལ་ཕྱོགས་ལ་ལོངས་སྤྱོད་མཛད་མེད་དུ་སྩོལ་བར་བྱེད་པའི་གཞི་བདག་གཏེར་གྱི་བདག་པོ་ཞིག་ཏུ་འདོད་པ་མ་ཟད།   ཡང་བསམ་གྱིན་བསམ་གྱིན་ས་ཆུ་མེ་རླུང་ནམ་མཁའ་དང་བཅས་པའི་འབྱུང་བ་རིམ་པར་བརྩེགས་པའི་ས་སྤྱོད་ཀྱི་གཞལ་ཡས་ཁང་ཞིག་གི་ཉམས་སྣང་ཡང་འཆར་རོ།།

ཀྱེ་ཀྱེ།བདག་གི་སྐྱེས་ལྷ་རྩེ་རི་ལགས།   ཁྱེད་ནི་དོན་ལ་ས་འཛིན་གྱི་སྤང་རི་ཞིག་ཡིན་ནམ་སྤྲུལ་བའི་ལྷ་ཆེན་ཞིག་ཡིན།   ཁྱེད་རང་འཕྲུལ་བའི་ལྷ་ཞིག་ཡིན་ན་རང་ག་བ་ཞིག་ག་ལ་ཡིན་ཏེ།   རྒྱུ་མཚན་ནི་ལྷ་རྒྱུད་ཡར་ལ་དེད་ན་སྲིད་པ་ཆགས་པའི་ལྷ་དགུ་ལ་ཐུག་པ་ཁོ་ནས་མ་ཡིན་པར། ཁྱེད་ཀྱིས་སྟོན་པའི་ལུང་གིས་ཟིན་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཡོངས་འཛིན་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་གསེར་ཞལ་དངོས་སུ་མཇལ་ཞིང་། གསུང་གི་བདུད་རྩི་ལྷག་མེད་དུ་མྱངས་པ་མ་ཟད། བཀའ་བསྒོས་དམ་བཞག་ལ་གནས་པའི་སྐྱེས་བུ་ཆེན་པོ་སྟེ། ཡུལ་མིའི་ཁ་བརྒྱུད་ཀྱི་བསང་འབོད་ལསཧཱུྃ། སྔོན་ཚེ་རྒྱལ་བ་བློ་བཟང་གྲགས་པ་ཡི།།ཡོངས་འཛིན་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས།།བཀའ་ཉན་རྩེ་རྡེའུ་ཞེས་གྲགས་དམ་ཚིག་ཅན།།གཞི་བདག་ཆེན་པོ་འཁོར་བཅས་གནས་འདིར་གཤེགས།།དངོས་བཤམས་ཡིད་ཀྱིས་སྤྲུལ་བ་ལས་བྱུང་བའི།།ཕྱི་ནང་གསང་གསུམ་མཆོད་གཏོར་སྤྱན་གཟིགས་དང་།།དྲི་ཞིམ་སྤོས་སྣ་བསྲེགས་པའི་བསང་མཆོད་འདི།།གཞི་བདག་ཆེན་པོ་འཁོར་དང་བཅས་ལ་འབུལ།།དགྱེས་བཞིན་བཞེས་ལ་བདག་ཅག་འཁོར་བཅས་ཀྱི།།ཕྱི་ནང་བར་ཆད་ཉེར་འཚེ་ཀུན་ཞི་ཞིང་།།ཚེ་དཔལ་བསོད་ནམས་དཔལ་འབྱོར་རྒྱས་པ་དང་།།ཁམས་གསུམ་མི་ནོར་ཟས་གསུམ་དབང་སྡུས་ལ།།བཅོལ་བའི་འཕྲིན་ལས་མ་ལུས་འགྲུབ་གྱུར་ནས།།ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག། ”ཅེས་པས་ཁྱེད་ཀྱི་འཁྲུངས་རབས་མཆེད་ཁུངས་དང་། ལྷ་ཐོབ། མཐུ་སྟོབས། འཕྲིན་ལས།  ང་རྒྱལ། གཟི་བརྗིད་བཅས་གསལ་བར་བསྟན་ནས་འདུག་པས་ཀྱང་ངོ་།།

འདི་ནི་ཁོ་བོའི་དད་ཞེན་དང་ལ་རྒྱའི་འཆལ་གཏམ་ཞིག་མ་ཡིན་ཏེ། སྙིགས་དུས་ཀྱི་རྣལ་འབྱོོར་པ་ཆེན་མོ་ཨ་ལགས་ཚེ་ཐར་ཚང་ཁོང་གི་གྲུབ་གནས་གསུམ(རེབ་གོང་ཞོ་འོང་ཨ་ལོ་སྒང་དང་།  དགུ་རོང་མ་ཎི་ཐང་།  ཁེན་གྱའི་ཨོ་རྒྱན་ཡུལ་གསུམ་སྟེ་གནས་འདིའི་ཐོག་མའི་མིང་ལ་བོན་འགྱེད་ཡས་ཟེར་བ་་ལ་ཁོང་གིས་རྟེན་འབྲེལ་གྱིས་མིང་བརྗེས་པར་བཤད།)དུ་གྲགས་པའི་ཡ་གྱལ་ཁེན་གྱའི་ཨོ་རྒྱན་ཡུལ་དུ་རྒྱུན་བཞུགས་གནང་སྐབས་སུ་གནས་བདག་ལ་ཆེད་དུ་གསུངས་པའི་བསང་འབོད་དེ།  “ཀྱེ། སྲིད་གསུམ་ཟིལ་གནོན་པདྨ་ཐོད་ཕྲེང་གིས།།བཀའ་བགོས་དམ་མནོས་ལྷ་སྲིན་སྡེ་བརྒྱད་དང་།།བྱེ་བྲག་ལྷུན་པོ་རྩེ་ཏིའི་ལ་གནས་པའི།།གཞི་བདག་དམུ་བདུད་ཐོགས་རྒྱུག་མཐུ་བོ་ཆེ།།གཅིག་ཏུ་མ་ངེས་ཆོ་འཕྲུལ་ཅི་ཡང་སྟོན།།རེ་འགའ་བན་སྔགས་ཆོས་ཅན་སྒྲུབ་ལ་གཞོལ།།རེ་འགའ་དགྲ་ལྷའི་ཆོས་ཅན་རྟ་ལ་ཆིབས།།ཁམས་ནག་སྤྲིན་དམར་འཁྲིགས་པའི་ཀློང་དཀྱིལ་ན།།དམུ་རྟ་ཁམས་ནག་གླག་གི་མགྱོགས་འགྲོས་ཅན།།དབུ་ལ་དར་ཐོད་སྐུ་ལ་གསེར་ཁྲབ་གྱོན།།ཕྱག་གཡས་སྦ་ལྕག་གཡོན་པས་སྲབ་མདའ་འཛིན།།སྐེད་དུ་ཤང་ལང་ཞབས་ལ་སག་ཞུ་བསྣམས།།དགྲ་ལ་ཨམ་གཙིགས་བསྡམས་ཤིང་རྐན་སྒྲ་སྡེབ།།ཆོས་མཛད་ཡོངས་ལ་སྲུང་སྐྱོབའཕྲིན་ལས་མཛོད།།འཁོར་དུ་སྨན་བཙུན་སྡེ་བཞི་གཙོ་འཁོར་བཅས།།དུང་དུང་འདིར་གཤེགས་བསངས་ཀྱི་མཆོད་པ་དང་།།དཀར་གསུམ་མངར་གསུམ་སྐྱེམས་ཀྱི་མཆོད་པ་འབུལ།།བཞེས་ལ་འདོད་དགུ་མ་ལུས་མྱུར་སྩལ་སྟེ།།དགྱེས་དགྱེས་དཔལ་ཀུན་གཡང་གི་འཕྲིན་ལས་དར་།།འཇིགས་འཇིགས་བར་ཆད་དགྲ་ལས་རྣམ་རྒྱལ་སྟེ།།འཛུམ་འཛུམ་ཡུལ་ཕྱོགས་ཀུན་ཏུ་བཀྲ་ཤིས་ཤོག།བསྡུ་ན། ཀྱེ། ཁམས་ནག་སྤྲིན་དམར་འཁྲིགས་པའི་ཀློང་དཀྱིལ་ན།།དམུ་རྟ་ཁམས་ནག་གློག་གི་མགྱོགས་འགྲོས་ཅན།།འདིར་གཤེགས་བསངས་དང་སྐྱེམས་ཀྱི་མཆོད་པ་བཞེས།།གང་བཅོལ་འཕྲིན་ལས་མ་ལུས་ཐོགས་མེད་སྒྲུབས།།ཞེས་ཡོན་གནས་རྣམས་ཀྱིས་བསྐུལ་ངོར། རི་ཁྲོད་དུ་འགྲོ་ཁར་གཏང་རག་ཏུ་ཆུ་སྦྲུལ་ཟླ༤ཚེས༣ལ་རི་བ་ཚུལ་མིང་ནས་བྲིས་པའོ།།ཞེས་པ་འདིས་ཀྱང་རྒྱབ་དཔུང་རམ་ཟླ་མཛད་ནས་འདུག་གོ།།

ཀྱེ་ཀྱེ། བདག་གི་སྐྱེས་ལྷ། ཁེན་གྱའི་རྩེ་རིར་གྲགས་པ་ལགས། ཁྱེད་ནི་ཡུལ་ཕྱོགས་ཀྱིརི་རྒྱལ་ལྷུན་པོཡིན་པས། ཁྱེད་ཀྱི་རི་མགོ་དང་། ཆུ་མགོ། རྩྭ་ས།  ཞིང་ས། མེ་ཏོག། རྩྭ་སྨན། ནགས་ཚལ་ལ་བརྟེན་ནས་འཚོ་ཞིང་གཞེས་པའི་འགྲོ་བ་མི་བརྒྱ་ཕྲག་སྟོང་ཕྲག་གི་བུ་རབས་ཚ་རྒྱུད་ཙམ་མ་ཟད།  སེམས་ཅན་རྟ་རྒོད་མ་དང་།  དྲེལ་དང་བོང་བུ།  འབྲི་གཡག།  མཛོ་མཛོ་མོ།  རྟོལ་རྟོལ་མོ།  ལུག་མ་མོ།  ར་ར་མ་སོགས་ཁྱིམ་ཟོག་ཆེ་ཆུང་སྟོང་ཕྲག་ཁྲི་ཕྲག་རབས་མ་ཆད་པར་གསོས་མྱོང་བའི་ཁར།   ད་དུང་བྱེའུ་ཅོ་ག་དང་འཇོལ་མོ་སོགས་འདབ་ཆགས་བྱ་ཡི་རིགས་དང་།  ཤ་བ་དགོ་བ་སོགས་རི་དྭགས།  སྟག་དང་གཟིག་སོགས་གཅན་གཟན་དང་མཉམ་གནས་ཀྱི་ཡོ་ལང་རྒོད་ཅིང་སྣོད་བཅུད་དོ་སྙོམས་པའི་རྫོགས་ལྡན་གྱི་དུས་ཤིག་ཀྱང་ཤར་མྱོང་བ་ནི།  ཁེན་གྱའི་བཀག་ནགས་ནང་དང་།  བཀག་ནང་གདོང་ཁ་སོགས་ཀྱིས་ས་མིང་ལ་བརྟེན་ནས་རྗེས་སུ་དཔོག་ནུས་ལ།  ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་བྲག་བྱ་ཁྱུང་དགོན་པ་ཐོག་མར་འདེབས་པའི་དུས་སུ་འདུ་ཁང་གི་ཀ་རིང་རྣམས་གནས་འདི་ནས་ཆོས་དང་བླ་སློབ་ཀྱི་འབྲེལ་བས་བཅད་ཅིང་དད་པ་དང་མོས་པས་དབོར་འདྲེན་བྱས་པས་ཀྱང་ཤིན་ཏུ་གསལ་ལོ།།

ཁྱེད་ཀྱི་ལོ་རྒྱུས་ཡར་དེད་ན་སྲིད་པའི་ལྷ་དགུ་ལ་ཐུག་ཅིང་།ཁྱེད་ཀྱི་ལྷག་བསམ་ལྡན་པའི་མཛད་པ་འཕྲིན་ལས་བསམ་ཡུལ་ལས་འདས་ཀྱང་།  ཁྱེད་ཀྱི་རྣམ་ཐར་ན་མི་འདོད་པའི་ལོ་རྒྱུས་ཀྱི་རྨ་ཁ་ཅི་འདྲའི་མང་བ་ལ་ཨང་། ནམ་ཞིག་ཙོང་ཁའི་སྐྱེས་རི་དང་ཁྱེད་གཉིས་གཅིག་ལ་གཅིག་འགྲན་གྱི་ཉིན་མཚན་རེ་རེར་ཀུན་ནས་མཁའ་ལ་འཕགས་པའི་ཚེ།  ཁྱེད་ཀྱི་སྲིད་པའི་ཕུན་ཚོགས་བདག་གིར་བྱེད་འདོད་ཅིང་།  ཁྱེད་ཀྱི་མཛད་པ་འཕྲིན་ལས་དབང་དུ་བསྒྱུར་འདོད་པའི་མུ་ཐུག་དཔུང་ཚོགས་ཤིག་གིས་ཁྱེད་ཀྱི་དབུ་རྩེ་བརྡལ་བརྡལ་དུ་ཡང་ཡང་བསྙམས་ནའང་།  ཕྱི་ཉིན་རེ་རེར་སླར་ཡང་སྐྱེས་ནས་ཅིས་ཀྱང་མ་ཁོགས་པའི་ཚེ་གདོན་མོ་ཞིག་གིས་ལྷམ་ཆད་མནོལ་གྲིབ་ཅན་་ཞིག་གིས་ཁྱེད་ཀྱི་དབུ་ལ་ཡང་ཡང་བརྒྱབ་ཅིང་ཁ་ནས་ཡང་ཡང་དམོད་པས་ད་གཟོད་ཁྱེད་ཀྱིས་སྤྱི་དོན་ལ་བསམས་ཏེ་སྐྱེ་མཚམས་བཞག་པའི་ངག་རྒྱུན་དེ་བདེན་ནམ།   སྐབས་དེ་ཤེད་ཅིག་ལ་ཁྱེད་ཀྱི་རི་སྐེད་ཀྱི་སྤང་རྩྭ་ས་གདན་དང་ཀུན་ནསམཚུངས་པ་དག་བང་རིམ་ཅན་གྱི་ཞིང་ས་རུ་བསྒྱུར་ནའང་།   ད་དུང་ཁྱེད་ཀྱིས་ཞལ་ལས་སྨྲེ་སྔགས་དང་འཁུན་སྒྲ་ཙམ་ཡང་མ་བཏོན་པར་ས་འདིའི་ས་བདག་དང་གནས་འདིའི་གནས་བདག་ཏུ་སྔར་བཞིན་ཁས་འཆེས་ཏེ་ལྷམ་མེར་ལྷང་ངེར་ལྷན་ནེར་བཞུགས་པ་ངོ་མཚར་ཤིན་ཏུ་ཆེ་སྟེ། གལ་ཏེ་སྐབས་དེ་ཤེད་དུ་གཞི་བདག་གཞན་འགའ་ཞིག་ལྟར་ལྷ་སྡེ་ཁྲིད་ཅིང་ཕྱུགས་ཟོག་དེད་དེ་ས་བབ་གང་དམའ་དང་། གནས་ཡུལ་གང་སྐྱིད།  འཚོ་སྟབས་གང་བདེ་ཞིག་བཙལ་ཏེ་རི་ལ་འཁྱམས་སོང་བ་ཡིན་ན།   ད་ནི་ཕ་ས་ཕ་ཡུལ་་འདི་མི་མ་ཡིན་པའི་ཚོགས་ཀྱི་འདུ་ས་རུ་སྔ་མོ་ཞིག་ནས་གྱུར་ཚར་བར་གདོན་མི་ཟ་ལ། དེ་ལྟར་ཡིན་ན། ངེད་ཅག་མི་རབས་གཞུག་མ་དག་ཁྱེད་ཀྱི་མགུལ་དུ་མྱི་རིང་མྱི་རྒྱུད་ལ་འཚོ་བ་རོལ་པ་ཕར་ཟད། ཁྱེད་ཀྱི་དབུ་རྩེར་ལན་གཅིག་འགོས་ཏེ་བསང་གསུམ་ཕྱུང་དབང་དང་ཀི་གསུམ་འདེབས་དབང་ཞིག་ཀྱང་ག་ལ་ཡོད།

1930ལོའི་སྟོན་ཁ་སྟེ་ལྕགས་ཕོ་རྟའི་ལོར།  མ་པུའུ་ཧྥུང་ཇག་ཚོགས་ཀྱིས་ནང་མི་ངན་རུལ་པ་དང་ཕྱི་ནང་སྐྱ་སྒྲིལ་ཏེ་དོ་རྒྱ་ཕྱོགས་ཀའི་སྡེ་པ་ཧ་ལམ་གྱི་ཐོག་ཁང་ཡོད་དོ་ཅོག་མེ་རུ་བཏང་ཞིང་།  ལྷ་རྟེན་ཤང་ལོ་དང་བཅས་པའི་དཔའ་བོ་དཔའ་མོ་མང་པོ་བགྲོངས།  རྒྱུ་ནོོམ་པ་ཟོག་ལུག་དང་བཅས་པ་ཡོངས་སུ་འཕྲོགས།  གཡིས་དང་སྐྱ་ཕྱེ་ཐལ་ལ་བསྲེས་ཤིངདམྱལ་བམངོན་སུམ་དུ་ས་ཁར་དྲངས་པའི་སྐབས་ཀྱི་དཔང་པོར་རུང་བ་ཁྱེད་ཁོ་ན་ཡིན་ལ།  གཞན་ཡང་སྡེ་པའི་མྱི་ཟོག་གཉིས་ཀྱི་འཐུང་ཆུའི་ཆེད་དུ་ཁྱེད་ཀྱི་སྐེད་པ་ནས་ཡུར་མོ་ཆེ་རིམ་པ་གསུམ་ལ་བཤགས་དུས་དང་། རླངས་འཁོར་ཆེ་མ་ཆུང་གསུམ་བསྐྱོད་སའི་གཞུང་ལམ་ཡང་ནས་ཡང་དུ་བཤོང་དུས་ཀྱིབྱང་ཆུབ་སེམས་དཔའཡང་ཁྱེད་ཉིད་ཡིན།  ཁྱེད་རང་ཡུལ་མི་དག་གི་ཚེ་འདིའི་སྐྱབས་གནས་སུ་བཀུར་བ་ནས་བཟུང་སྟེ།   རྗེ་གསེར་ཁང་པའི་རྣམ་དཔྱོད་ཡངས་པའི་དྲུང་ཡིག་ཁེན་གྱའི་རི་ཁྲོད་པ་དང་།  འགྲོ་མགོན་ཞབས་དཀར་པའི་གསུང་ལ་འཁོད་པའི་ཨ་ལགས་ཁེན་གྱ།  ལྷ་རི་དགོན་པའི་རྡོ་རྗེ་འཛིན་པ་དགེ་སློང་བློ་བཟང་སྨོན་ལམ་སོགས་རབ་བྱུང་ངུར་སྨྲིག་གི་སྡེའི་རྒྱན་ཆ་གང་པོ་དང་།  གདོན་རྫས་ཕུད་པ་དང་འདྲེ་འདུལ་བགེགས་བསྐྲོད་ལ་ཐོགས་པ་མི་མངའ་བའི་སྔགས་འཆང་རིག་པ་འཛིན་པ་ཨ་ཀ་རྒྱ་ཞི་དང་།  ཨ་ལགས་ཚེ་ཐར་གྱི་ཞབས་ཀྱི་ཟིན་པའི་སྐལ་ལྡན་མཚམས་པ་མང་པོ།ཁོ་བོའི་ཨ་ཞང་སྟེ་ཨ་མའི་ཕ་རྒན་ཡང་ཐེ) གཅེས་འཛིན་ལུས་ཀྱི་སྦྱིན་པའི་ཉམས་ལེན་ལ་གཞོལ་བའི་ཞི་བྱེད་གཅོད་པ་བ། ཁྱིམ་ན་གནས་ཀྱང་ཁ་ཏོན་དགེ་སྦྱོར་དང་ཚེས་བཅུ་སོགས་ཉམས་ལེན་ཆག་མེད་ཀྱི་སྔགས་པ། གཞན་ཡང་དེང་རབས་ཤེས་རིག་གསར་པའི་སློབ་གཉེར་གྱི་ཆེད་དུ་ཕྱི་རྒྱལ་དང་བཅས་པའི་གཞན་ཡུལ་འགྲིམས་པའི་སློབ་མ་དང་།  ཡོན་ཏན་ལྡན་པའི་དགེ་རྒན།  སྙིང་རྗེ་ཅན་གྱི་སྨན་པ། འཕོངས་སྐྱེན་པའི་མདའ་པ།   གཏམ་དང་གླུ་གར་ལ་འཇོན་པའི་སྒྱུ་རྩལ་པ།  རང་གི་ནུས་པས་དཔལ་འབྱོར་སྒྲུབ་པའི་ཚོང་པ་རྒྱུ་འབྲས་དང་ལྡན་པ་དག་ལ།   ཁྱེད་ཀྱིས་མཐའ་གཅིག་ཏུ་སྡོངས་གྲོགས་མཛད་ཅིང་།  ཆོས་བཞིན་བྱེད་པ་ལ་བུ་བཞིན་སྐྱོང་བའི་དམ་ལ་གནས་ཏེ་གཞན་སྡེ་དང་གཞན་མི་ལས་ཁྱད་དུ་འཕགས་ཤིང་ཕུན་སུམ་ཚོགས་པར་བྱེད་པ་ལས། སྤྱི་ནོར་བདག་གིར་བྱེད་པའི་སྡེ་ཟ་བ་རྣམས་དང་།  ལས་འབྲས་རྩིས་མེད་དུ་གཏོང་བའི་ཁྲམ་པ།  གཉོམ་ཆུང་ལ་ཐུབ་ཚོད་གཏོང་བའི་གཏེ་བོ་སྣོག་རྒན་སུ་ཞིག་གིས་བསང་ཁ་བསང་མཆོད་ཇི་ལྟར་བྱས་ཀྱང་།   དེ་དག་གི་མགོ་བོ་མཐའ་གཅིག་ཏུ་མར་ལ་མནན་ནས་འཇོག་པ་ལས་བསམ་ངན་སྦྱོར་ངན་ཅན་དག་གི་འདོད་ཐོག་ཏུ་ཐེངས་གཅིག་ལའང་འཇོག་པར་མི་བྱེད་པ་འདི་ནི། ཁྱེད་ལ་མི་རབས་ནས་མི་རབས་སུ་དད་མཁན་དང་མཆོད་མཁན་རྒྱུན་མི་ཆད་པའི་རྒྱུ་རྐྱེན་ཉག་གཅིག་ཏུ་གྲུབ་ཡོད་ལ།   དེས་ཐོག་མཐའ་བར་གསུམ་དུ་སྡེ་པའི་འཆམ་མཐུན་དང་།   འཕེལ་རྒྱས།  སྤྱི་སྲོལ་བཟང་པོ་ཆགས་པ་ལ་ནུས་པ་བླ་ལྷག་ཐོན་དང་འཐོན་བཞིན་ཡོད་དོ།།

ཁོ་བོ་་སློབ་ཆུང་འགྲིམ་དུས་སུ།ཁེན་གྱ་ནས་ལྷ་རྟེན་གྱི་སློབ་གྲྭའི་བར་ནས་ཡར་མར་ལ་འགྲོ་བའི་དུས་སུ་ཁྱེད་ཀྱི་དབུ་རྩེ་ལ་ཡང་ཡང་བུད་དེ་བླ་རྩེ་ཞིག་རོའི་མཁར་ནང་ལ་ཅི་མི་སྙམ་པར་ལྡིང་ནས་ཤིང་གི་མདའ་མདོང་གྲི་གསུམ་ཆག་རོ་འགའ་ཡོད་པ་ལས་ཤང་ལང་འཛིན་རེས་དང་རལ་ཁ་སྐོར་རེས་བྱས་པ་གྲངས་ཀྱིས་ག་ལ་ཟིན། སྐབས་དེ་དག་ཏུ་སྡེ་པས་བླ་རྩེ་སྟོད་པ་དང་། བསང་ཕྱུང་བ། སྡེ་བརྒྱད་རྔོན་འགྱོགས་པའི་རང་དབང་མེད་པའི་སྐབས་དང་འཁེལ་ཞིང་། ཁོ་བོ་བྱིས་པ་བསམ་མེད་དག་གིས་ཁྱེད་ཀྱི་མཚོན་ཆ་ཉི་ཚེ་བ་དག་གང་འདོད་ཅི་འདོད་དུ་རྩེད་སྤྱད་བྱས་ཀྱང་ཁྱེད་ཀྱིས་འཁུ་ལྡོག་ཅི་ཡང་མཛད་མ་མྱོང་།

ཕྱིས་སུ་ཆོས་ལུགས་སྲིད་བྱུས་དངོས་འབེབས་བྱས་རྗེས། རྐ་ཕུག་རྫོང་ནང་དགོན་པའི་དུས་གསུམ་མཁྱེན་པ་ཨ་ལགས་རྫོང་ནང་ཞབས་དྲུང་ཚང་གི་ཐུགས་བཀོད་ལྟར།  རྐ་ཕུག་པཎྜི་ཏའི་ལུགས་བཞིན་དུ་སྡེ་པའི་སྔགས་འཆང་དབང་ཆེན་སྐྱབས་དང་འཇམ་དཔལ་སོགས་ཀྱིས་སྦྱོར་དངོས་རྗེས་གསུམ་གྱི་བགྱི་བ་མཐའ་དག་ལྷུར་བླངས་ཏེ་ཁྱེད་ལ་བླ་རྩེ་བསྐྱར་བསྟོད་བྱེད་པའི་ཚོགས་པ་རུ་ཁོ་བོའང་སྡེ་པའི་ལོ་ལོན་དག་གིས་མི་ཁ་ལས་ཅན་དང་།  དབང་པོ་སྣ་ལྔ་ཚང་བ་སོགས་ཡ་རབས་ཀྱི་ཆ་རྐྱེན་ཚང་བའི་གྲས་སུ་རྟེན་འབྲེལ་གྱིས་ཆེད་དུ་བཅུག་པའི་ཚེ།  ཁོ་བོ་ཕོ་ལོ་བཅུ་གསུམ་དང་།  སྤྱི་ལོ1977ལོ་སྟེ་མེ་མོ་སྦྲུལ་གྱི་ཧོར་ཟླ6པའི་ཚེས་པ15ཉིན་རེད་མོད།   བླ་རྩེ་སྟོད་པའི་གོ་རིམ་ཧྲིལ་པོར་བླ་མཁར་ནང་རོལ་ནས་དངོས་སུ་ཞིབ་མཇལ་མཇལ་ཆོག་པའི་སྐལ་བ་ལྡན་པར་གྱུར་པས།   བླ་རྩེའི་སྲོག་ཤིང་གི་ངོས་ཤིག་ལགཡུང་དྲུང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།ཅེས་བྲིས་འདུག་པའི་དྲན་པ་ཞིག་ད་དུང་བརྗེད་ངས་ཀྱི་རྐུན་པོས་མ་ཁྱེར་ཞིང་སྐབས་དེར་དོན་ཆེར་མ་གོ་ཡང་།   ད་ལྟ་བསམ་ན་རང་གི་མེས་པོའི་རིག་གནས་ཤིག་ཞེན་ཆགས་ཀྱིས་མ་བོར་བའི་དན་རྟགས་དང་དཀྱེལ་ཡངས་སུ་འཁུམས་སྙམ།   མི་རྣམས་ཀྱིས་ད་དུང་བརྗེད་མེད་པ་ནི་བླ་རྩེ་བསྟོད་པའི་ཉིན་མོ་དེ་ག་རང་ལ་རྫོང་ནང་ཞབས་དྲུང་ཚང་དགུང་ལོ་མཐོན་པོར་སོན་ཀྱང་ཁོང་གི་སྒར་ཁ་ནས་ཁེན་གྱའི་རྩེ་རི་མཐོང་སའི་སྒུག་རིང་མོ་ཞེས་པའི་ས་ཆར་ཆེད་དུ་ཕེབས་ཏེ་རབ་གནས་མཛད་སྐབས་ཕྱག་ནས་བླ་རྩེའི་ནང་ལ་བབས་པའི་བཤད་རྒྱུན་བྱུང་བ་དེ་རེད།

མེས་པོའི་ཞལ་རྒྱུན་ལྟར་ན།ཁྱེད་ཀྱི་བླ་རྩེ་དེ་ཐོག་མར་ཁེན་གྱའི་འབྲུག་རུས་ཉག་ག་རུ་བསྟད་པར་བཤད་པ་ནི་དོན་ལ་གནས་ཏེ་ད་དུང་གནས་དེ་རུ་བླ་མཁར་གྱི་རྡོ་རྩིག་ས་ཁར་བུད་མ་བུད་དུ་འདུག་ལ།  སྐྱེས་ཆེན་སུ་ཞིག་གིས་དུས་ནམ་ཞིག་ལ་རི་བོའི་དབུ་རྩེ་ལ་སྤར་བ་མི་ཤེས་རུང་། ཁོ་བོའི་ཤེས་ངོས་ཟིན་དུས་བླ་རྩེའི་མཁར་ནི་དབུ་རྩེར་ཡོད་ཅིང་། མཁར་དབྱིབས་ཟླུམ་པོ་ཞི་བ་ལ་ནང་རྫོངས་ཤིང་སྟག་པས་བསྐྱར་བསྟོད་བྱས་པའི་སྟེང་།   ལོ་རེའི་ཧོར་ཟླ་དྲུག་པའི་བཅོ་ལྔ་དང་ལོ་གསར་ཚེས་པ་གསུམ་གྱི་ཉིན་མོར།  ཁྱིམ་ཚང་རེས་ཤིང་སྟག་པ་རློན་པ་གཞུང་རྟ་ཅན་ཁོ་ལག་ཆ་སྙོམས་སུ་རྫོགས་པ་རེའི་ཡལ་ག་དང་རྩེ་མོར་བལ་སྒྲིམ་ཁྱབ་བརྡལ་དུ་བཏགས་རྗེས་བླ་རྩེའི་མཁར་ནང་དུ་སྟོད་པར་བྱེད་མོད།  ལོ་འགའི་སྔོན་ལ།  མི་རྣམས་ཀྱི་དཔལ་འབྱོར་གོང་འཕེལ་ལ་སོང་བ་དང་བསྟུན་ནས་ཕན་ཚུན་གཅིག་ལ་གཅིག་འགྲན་གྱིས་ཤིང་གསོམ་པ་སྐམ་པོ་ཁང་པའི་ཀ་བ་དང་སྒྱིག་འདྲ་བས་མདའ་དང་མདུང་བཅོས་ནས་སྟོད་རྒྱུ་ཞིག་ཀུན་ལ་དར་བས།  སྡེ་པའི་ཁ་མགོ་བ་གསར་པ་དག་གི་ས་ཆའི་སྐྱབས་མགོན་སྐུ་ཕྱོགས་ལྷ་རི་སྐུ་ཕྲེང་ལྔ་པ་འཇིགས་མེད་ཆོས་གྲགས་རྒྱ་མཚོ་ཚང་ཞུས་ཏེ་གཏེར་བུམ་སོགས་འོག་རིམ་སོར་བཞག་དང་།  བླ་མཁར་ཟླུམ་པོ་ཞི་བ་ནས་་གྲུ་བཞི་དྲག་པོ་ལ་བསྒྱུར་ཏེ་སྡེ་པས་མདའ་མདུང་སྤྱི་བསྟོད་དང་བུ་རེས་མདའ་མདུང་སྒེར་བསྟོད་རིང་ཐུང་སྦོམ་ཕྲ་ཆ་སྙོམས་ཀྱིས་བསྐྱར་བསྟོད་བྱེད་པའི་བཀྲ་ཤིས་པའི་ཉིན་མོར།  རྗེ་ལྷ་རི་ཚང་དབུ་བཞུགས་ཀྱིས་གྲོང་སྐྱ་སེར་དང་།  སྔགས་པ།  དགེ་རྒན།  སྨན་པ། ལས་བྱེད་པ།  ཕར་སོང་མནའ་མ་མག་པ་དང་བཅས་པ་ཡོངས་སུ་འཛོམས་ནས་བླ་རྩེ་བསྟད་ཅིང་བླ་མ་གཙོ་འཁོར་གྱིས་རབ་གནས་ཀྱི་ཆོ་ག་མཛད་པའི་སྐབས་སུ།  མཁའ་ལ་བཀྲ་ཤིས་པའི་འཇའ་ཚོན་དངོས་སུ་ཤར་བའི་འདྲ་པར་ད་ལྟ་གྲོང་མིའི་ལག་དུ་ཡོད་པ་འདི་རེད།

སྔོན་མ་སྔོན་མ་ཞིག་ལ།ཁེན་གྱ་སྡེ་པའི་ཚོ་པ་ཆེན་པོ་དྲུག་སྟེ་དཔོན་གྲལ་དང་གྲོལ་གྲལ།  ཁེན་པ (སྡེ་མིང་ཐོགས་སའི་ཚོ་བ)དང་ཀླེ་གཞིས།  མོག་པ་གོང་ལྟ་དང་ཞོལ་རྟ་སོགས་མེས་པོ་དག་གིས་རྨ་ཕར་རིའི་དཔའ་ལུང་ས་ཆའི་མོག་པ་སྡེ་བ་སོགས་ཀྱི་ཐན་པ་བསྐྱུར་ཏེ།  ས་ལ་དགེ་བཅུ་ཚང་བའི་ཁེན་གྱའི་རྩེ་རི་ཁོར་ཡུག་ལེ་ལག་དང་བཅས་པ་ཆེད་དུ་བསྙེགས་ནས་ཕེབས་པའི་ཚེ།   ཁྱེད་ཀྱི་རང་ལུས་རྩྭ་ས་དང་།  གཞོང་ཁུག་ཞིང་ས།  རྔུལ་ཆུ་འཐུང་ཆུ།   བ་སྤུ་ཁང་ཤིང་དང་བུད་ཤིང་ལ་ཕངས་མེད་དུ་སྦྱིན་པའི་ཁྲོད་དུ།   མཚམས་ཤིག་ནས་མི་རྣམས་འདོད་ཆགས་མེ་ལྟར་འབར་བ་དང་།  ཞེ་སྡང་མེ་ལྟར་འབར།   གཏི་མུག་མཚོ་ལྟར་འཁྱིལ་བའི་དབང་དུ་གྱུར་ནས་ཁྱེད་ཀྱི་ཁོག་པ་ནསའབྲུག་གི་རུས་པ་ཅི་འདོད་དུ་བརྐོས་ཤིང་།   ཁྱེད་ཀྱི་སྐུ་ལུས་ཀྱི་ཤིང་གསོམ་པ་དང་།  ཤུག་པ།   དབྱར་བ།   སྟག་པ།  ལྕང་མ།  གླ་ཁེ།  སུ་རུ།  སྤེན་མ་སོགས་ཡོངས་སུ་བཞར་ཏེ་མྱི་ཁང་དང་།  ཟོག་ཁང་།  རྩྭ་ཁང་སོགས་ཉེར་མཁོ་དག་ལས་ན་ལས་མོད།  བུད་ཤིང་ཡིན་ཅེས་ཁྱིམ་ཚང་རེའི་སྒོ་ཁ་རུ་ནགས་ཀྱི་ཚར་མ་རེ་རེ་བརྩིགས་ནས་རུལ་རག་བར་དུ་བཞག་པས།   རིམ་བཞིན་རི་བོའི་མདངས་ཉམས་ཤིང་། ས་ཡི་བཅུད་ཤོར། མི་རྣམས་མི་འདོད་ནད་ཀྱིས་གཙེས། ཕྱུགས་ལ་གོད་ཁ་བར་མེད་དུ་བྱུང་བའི་བསྐལ་བ་ངན་པ་ཞིག་ཤར་བ་སུ་ཡིས་བརྗེད།

དེ་ལྟ་ནའང་།ཁྱེད་ཀྱི་བརྟན་འདོད་ཀྱི་སྤོབས་པ་ཡེ་ནས་མ་ཉམས་ཤིང་། གནས་བདག་གི་འོས་འགན་ཀུན་ནས་མ་བོར་བར། ཡུལ་མི་དག་གིཕྱི་ནང་བར་ཆད་ཉེར་འཚེ་ཀུན་ཞི་ཞིང་།།ཚེ་དཔལ་བསོད་ནམས་དཔལ་འབྱོར་རྒྱས་པ་དང་།།ཁམས་གསུམ་མི་ནོར་ཟས་གསུམ་དབང་སྡུས་ལ།།བཅོལ་བའི་འཕྲིན་ལས་མ་ལུས་འགྲུབ་གྱུར་ནས།།ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག།ཅེས་པའི་རེ་སྨོན་ཉག་མ་འདིའི་ཆེད་དུ།   སླར་ཡང་རི་བོའི་ཁོར་ཡུག་ལེ་ལག་དང་བཅས་པ་སྲིད་ཇུས་གསར་པའི་སྡོང་འཛུགས་ནགས་སྐྲུན་གྱི་ལེགས་སྐྱེས་སུ་ཕངས་མེད་དུ་ཕུལ་ཏེཁེན་གྱའི་ནགས་ཚལ་ས་ཁུལགྱི་མིང་ཐོག་ནས་དུས་བཞིར་སྔོ་བའི་གསོམ་སྡོང་སྣ་ཚོགས་དང་།  མནོལ་གྲིབ་གདོན་གྲིབ་འགོག་པའི་ཤུག་པ། ཁང་ཤིང་བུད་ཤིང་གི་རྩེ་མ་ཅོག་སྡོང་།  ས་དམའ་སར་འཚམས་པའི་མ་གལ། རྩ་བ་སྲ་ཞིང་ཡལ་ག་སྟུག་པའི་ཐོ་ཀར། སིལ་སྐྱ་རྡོའི་སྡོང་པོ། སྐྱུར་གྱི་མཐར་ཐུག་སྟེར་ཁ་ཐོགས་པའི་གླ་ཁེ། བུ་རྟ་བཙན་གྱིས་མི་འཆི་བའི་གྱལ་རྟ། བསིལ་གྲིབ་ཀྱི་ཁོ་ལག་རྒྱས་པའི་རྒྱ་ལྕང་། དྲི་ཞིམ་ཀུན་ཏུ་འཐུལ་བའི་ཨར་རིགས།  རྫོང་ཡོངས་ཀྱི་ཆེས་ཆེ་བའི་ནགས་ར་སྟེ་སྤྱི་ཁྱབ་ཧྲུའུ་ཅིའི་དགོངས་པ་རྨ་མེད་པ་རི་བོ་སྔོ་ཞིང་ཆུ་བོ་དྭངས་པའིདུས་ཀྱི་མཛད་པ་བསྐྱངས་པ་འདིས། མི་འགྱངས་པར་ཁྱེད་ཀྱི་ཁོར་ཡུག་ཏུརྒྱལ་ཁབ་རིམ་པའི་སྐྱེད་མོས་ཚལཞིག་འབྱུང་བར་གདོན་མི་ཟ་ལ།  སྐབས་དེར།   གལ་ཏེ་ཁོ་བོ་མ་འཆི་གསོན་པོར་ཡོད་ན།   དགེ་རྒན་དང་སློབ་མ།  བུ་དང་བུ་མོ།   མནའ་མ་དང་མག་པ།  ཚ་བོ་དང་ཚ་མོ།  ཡང་ཚ་དང་ཡང་ཚ་མོ་བརྒྱ་ཕྲག་ལྷག་ཁྲིད་དེ། སྡེ་པ་ཚོ་པ་དང་མཉམ་དུ་ཁྱེད་ཀྱི་དབུ་རྩེར་ང་རྒྱལ་དང་དད་པ། ཞེན་ཆགས་དང་སྣང་བས་བུད་དེ་ཁྱེད་ལ་དཀར་གསུམ་དང་མངར་གསུམ། སིལ་ཏོག་དང་རིལ་བུ། སྦྲང་དཀར་རྩམ་པ་དང་འབྲི་མར་སེར་པོའི་བསང་གྱ་ནོམ་ཞིང་ཕུན་སུམ་ཚོགས་པ་ཞིག་ཕུལ་ཞིང་། ནས་ཆང་སྔོན་མོའི་ཆབ་ཅིག་བརྒྱབ་རྗེས། སྐད་གསང་མཐོན་པོས་ཁྱེད་ཀྱི་བསང་འབོད་རེ་རེ་བོད་སྐད་རྣལ་མ་དང་དོ་སྐད་ཀྱི་དབྱངས་སུ་བཀུགས་ནས་བཏོན་ན་འདོད་པ་མ་ཟད།  ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་ཞེས་ང་རོ་ཐེངས་གསུམ་ཤེད་ཀྱིས་བསྒྲགས་རྗེས། ཁྱེད་ཀྱི་དབུ་རྩེ་ནས་རས་གུར་བཀྲ་ཤིས་རྟགས་བརྒྱད་མ་ཞིག་ཕུགས་ཏེ་འབྲི་མོའི་འོ་ཇ་རེ་འཐུང་ཞོར་མི་རབས་གཞུག་མ་དག་ལ་ཁྱེད་ཀྱི་གཏམ་རྒྱུད་ཚར་གཅིག་བཤད་ན་འདོད་དོ།།

2021.12.6—7བྲིས།

2023.2.25བཅོས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=3013