ཀྲང་ཝེ་ཡེན། པེ་ཅིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ།

རེ་རྐང་གླིང་གིས་བསྒྱུར།

རུལ་སུངས་ཞེས་པའི་ཐ་སྙད་འདི། ད་ལྟའི་ཀྲུང་གོར་མཚོན་ན་རྒྱུན་སྤྱོད་ཀྱི་ཚད་གཞི་ཤིན་ཏུ་མཐོ་བའི་མིང་ཚིག་ཅིག་སྟེ། པའེ་ཏུའུ(百度)ནང་བཙལ་བ་ཡིན་ན་རུལ་སུངས་དང་འབྲེལ་ཡོད་ཀྱི་གསར་འགྱུར་ཁྲི་བརྒྱ་ཕྲག་ཅིག་ཡོད། རུལ་སུངས་ཀྱི་རིགས་ལ་རྣམ་པ་སྣ་ཚོགས་ཤིག་ཡོད་པ། ཆབ་སྲིད་རུལ་སུངས་དང་དཔོན་རིགས་རུལ་སུངས། སྤྱི་གཉེར་ཁང་རུལ་སུངས། ཁྲིམས་འཛིན་རུལ་སུངས། རིག་གཞུང་རུལ་སུངས། སློབ་གསོ་རུལ་སུངས། ཐ་ན་རྐང་རྩལ་སྤོ་ལོའི་འགྲན་བསྡུར་རུལ་སུངས་སུ་གྱུར་བ་སོགས་བགྲངས་ཀྱིས་མི་ལོངས་པ་ཞིག་ཡོད། ཡིན་ནའང་རིགས་གཅིག་དེ་དག་ལས་ཀྱང་རྒྱུན་ལྡན་དུ་གྱུར་ཡོད་ལ། གནོད་པ་ཐེབས་ཚད་ཡང་དེ་ལས་ཚབ་ཆེ་བའི་རུལ་སུངས་ཤིག་ཆགས་ཡོད་པ་ལ། ཀུན་གྱིས་དོ་སྣང་ཆེར་མི་བྱེད་པ་ནི་སྐད་བརྡ་རུལ་སུངས་སོ།།

སྐད་བརྡ་རུལ་སུངས་ཞེས་པ་ནི། མི་རྣམས་ཀྱིས་དཔལ་འབྱོར་དང་ཆབ་སྲིད། འདུ་ཤེས་འཛིན་སྟངས་བཅས་ཀྱི་དགོས་མཁོར་དམིགས་ནས། རང་སྣང་གང་ཤར་གྱིས་མིང་ཚིག་གི་གོ་བར་འགྱུར་བ་གཏོང་བ་དང་། ཐ་ན་མིང་ཚིག་དེ་དག་གི་སྔར་གྱི་བསྟན་དོན་དང་ཡོངས་སུ་གོ་ལྡོག་པའི་གོ་བ་སྦྱར་ཏེ། དམངས་སེམས་གཡོ་འགུལ་དུ་སྐུལ་ཞིང་། མི་སེམས་ལ་ཚོད་འཛིན་བྱེད་པ་དེ་ལ་ཟེར།

སྐད་བརྡ་རུལ་སུངས་ཀྱི་དཔེ་མཚོན་གྱི་རྣམ་པ་ནི་མི་དགེ་བའི་ལས་དགེ་བའི་ལས་སུ་བསྙད་ཅིང་། དགེ་བའི་ལས་མི་དགེ་བའི་ལས་སུ་སྒྲོ་འདོགས་པ་སྟེ། ཚ་ཚ་འུར་འུར་གྱི་ཁྲོང་ཆིན“ནག་རྡུང”ནི་དཔེ་གསོན་པོ་ཞིག་ཡིན། “ནག་ཚོགས”ཞེས་པ་ངོ་བོའི་སྟེང་ནས་རྩ་འཛུགས་ཡོད་པའི་ནག་ཉེས་ཀྱི་བྱ་འགུལ་ཞིག་ཡིན་ལ། སྤྱི་ཚོགས་སྟེང་ཉེས་དོན་བྱ་འགུལ་འདིའི་རིགས་ལ་ངོ་རྒོལ་བྱེད་པ་དེ་ཚུལ་དང་མཐུན་པས་ན་དགག་པ་གཏོང་མཁན་ཧ་ཅང་ཉུང་། ཡིན་ནའང་ད་ལྟ་ང་ཚོས་མཁྱེན་ཐུབ་པ་ནི། ཁྲོང་ཆིན་གྱི“ནག་རྡུང”བྱ་འགུལ་ཟེར་བ་དེའི་ཁྲོད། “ནག་ཚོགས”ཞེས་པ་སྐབས་གང་དུའང་དབང་འཛིན་པ་ཉེས་པོ་མེད་པའི་མིའམ་ཁེ་ལས་ཀྱི་མགོར་བསྐོན་ཆོག་པ་དེ་ལས“ནག་རྡུང”ཞེས་པ“ནག་སྐྱོང”དུ་གྱུར་བ་ནས་འགྲོ་བ་མིའི་ཐོབ་ཐང་དང་སྒེར་དབང་རྒྱུ་ནོར་ལ་བཙན་གནོད་གཏོང་བའི་ཆབ་སྲིད་ཀྱི་སྦྱོར་བ་ཞིག་ཏུ་གྱུར་བ་དེ་བཞིན་ནོ། །

དོན་དངོས་སུ། ལོག་ལམ་ལ་འཕྱན་པའི་བྱ་དངོས་དག་འགྲོ་རྒྱུག་ཐུབ་ཅིང་། ཁྲོམ་ར་ཡོད་པ། རྗེས་འབྲངས་པ་ཡོད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་དེའི་ཁྲོད་ཀྱི་མི་ཁ་ཤས་ཤིག་སྐད་བརྡ་རུལ་སུངས་ལ་དབང་འབྱོར་ཡོད་དེ། འདིའི་ཐད། “མི་བཞི་ཤོག་ཁག”རྩེར་སོན་ཡོད་ཅེས་བསྙད་ཆོག་པ་ནི། ཁོ་ཚོས་མི་སེམས་རྡུལ་དུ་བརླག་ཅིང་རིག་གནས་རྩ་མེད་བཟོ་བའི་ལས་འགུལ་གྱི་མིང་ལ“རིག་གནས་གསར་བརྗེ་ཆེན་མོ”ཞེས་བཏགས་ཤིང་། ཆབ་སྲིད་ཀྱི་ཁ་གཏད་ཡུལ་ལ“མ་རྩ་རིང་ལུགས་ཀྱི་ལམ་ཕྱོགས་སུ་འགྲོ་བའི་དབང་འཛིན་སྨྲ་བ”ཞེས་དང་། མིར་དག་ཐེར་བྱེད་པ་ལ“བསམ་སྤྱོད་དག་ཐེར” ཁྲིམས་མེད་ལུགས་མེད་སྒོས་འགྲོ་བ་མིའི་རང་དབང་འཕྲོག་སྟེ་བཙོན་འཇུག་བྱས་པ་ལ“ངལ་རྩོལ་བསྒྱུར་བཀོད” ཁོ་ཚོར་དགག་པ་གཏོང་བའི་ལས་མཐའ་དག་ལ“གསར་བརྗེ་ངོ་ལོག་པ” དེ་བཞིན1976གི་དུར་ཕྱགས་དུས་མཆོད་སྐབས་སུ་ཀྲུའུ་ཨེན་ལེར་མྱ་ངན་སྒོས་མི་བཞི་ཤོག་ཁག་ལ་མ་དགའ་བའི་སེམས་ཁམས་མཚོན་ཕྱིར་སྤེལ་བའི་དམངས་གཙོའི་ལས་འགུལ་ལ“གསར་བརྗེ་ངོ་ལོག་གི་དྲག་ཟིང”ཞེས་བཏགས་པ་དང་། མ་ཉེས་ཁག་འོག་གིས་ཤི་བའི་མི་ལ“མི་དམངས་དང་འབྲེལ་ཐག་བཅད་པ” རྒྱལ་ཁབ་ཀྱིས་ཕྱི་འབྲེལ་གྱི་སྒོ་བཀག་པ་ལ“རང་བཙན་རང་བདག” ཕྱི་རྒྱལ་ནས་བསླབས་པའི་སྔོན་ཐོན་ལག་རྩལ་དང་རིག་གནས་ལ“མགོ་སེར་ལ་དད་པ”ཞེས་བཏགས་པ་སོགས་དཔེ་བགྲངས་མི་ཚར་བ་ཞིག་ཡོད།

“མི་བཞི་ཤོག་ཁག”གི་ཚིག་མཛོད་ཀྱི་ཁྲོད་དུ། རྒྱལ་ཁབ་ཀྱི་ཁེ་ཕན་ཞེས་པ་དོན་དུ་ཁོ་ཚོ་མི་སྒེར་གྱི་རང་དོན་སྟོན་གྱིན་ཡོད་ལ།“རྒྱལ་གཅེས་རིང་ལུགས”ཞེས་པ་ཁོ་ཚོའི་ཚོགས་ཆུང་དེ་ལ་རྨོངས་འདང་ཆེ་བ་དེ་དག་སྟོན་གྱིན་པ། “མི་དམངས”ཞེས་པ་ཁོ་ཚོའི་རྗེས་འབྲངས་མཁན་གྱི་མི་ཉུང་ཤས་དེ་དང་། “ངོ་ལོག་གི་སྟོབས་ཤུགས”ཞེས་པ་ཁོ་ཚོའི་བྱ་སྤྱོད་ལ་མི་དགའ་བ་དག་སྟོན་གྱིན་ཡོད། ཁོ་ཚོ་སྐད་བརྡ་རུལ་སུངས་ལ་དབང་འབྱོར་བ་དེ་ཡི་ཕྱིར་ན། ཁོ་ཚོའི་མགོ་མཇུག་ལྡོག་པའི་ལམ་ཕྱོགས་དེ་ལོ་ངོ་བཅུ་ཁ་ཞིག་ལ་རྒྱུན་མ་ཆད་ཅིང་། ཁོ་ཚོའི་ཆབ་སྲིད་ཀྱི་སྐད་བརྡས་ད་དུང་ཡང་ང་ཚོའི་འཚོ་བ་ལ་ཤུགས་རྐྱེན་བཟོ་བཞིན་ཡོད་དེ། ཁོ་ཚོ་སྲིད་སྟེགས་ནས་ལྷུང་སྟེ་མི་ལོ30ལྷག་འགོར་ཡོད་ནའང་། ཁོ་ཚོའི་གྲིབ་མ་ནག་པོ“བསྟོད་གླུ་དང་ནག་རྡུང”(唱红打黑)གི་དར་མོ་ཆེའི་འོག་ཏུ་འདས་ལོག་རྒྱག་གིན་ཡོད།

སྐད་བརྡ་རུལ་སུངས་ཞེས་པ་སྨྱུག་ཐོགས་པ་ང་རང་གིས་ཁུངས་མེད་རང་བཟོ་བྱས་པ་ཞིག་མ་ཡིན་པར། དེ་ཉིད་ཆེས་ཐོག་མར་དབྱིན་ཇིའི་རྩོམ་པ་པོ་རྗོར་ཇི་ཨོར་ཝེལ་གྱིས1946ལོའི་རྩོམ་ཡིག་ཅིག་གི་ཁྲོད་བཏོན་པ་ཞིག་ཡིན་ཞིང་། ད་ལྟ་ཆབ་སྲིད་མཚན་ཉིད་རིག་པའི་གཞུང་ལུགས་ཁྲོད་ཀྱི་བསྟན་བཅོས་སྐད་དུ་གྱུར་ཡོད། སྐད་བརྡ་རུལ་སུངས་ཀྱི་སྣང་ཚུལ་དེ་གནའ་ནས་ད་བར་དུ་གཞི་གྲུབ་པ་ཞིག་ཡིན་ནའང་། དུས་རབས20བའི་རྗེས་སུ་ཁྱད་པར་དུ་ཤི་ཐེ་ལེ་དང་སི་ཏ་ལིན་གཉིས་བྱུང་བའི་རྗེས་སུ་ད་གཟོད་སྤྱི་ཚོགས་ཀྱི་དགྲ་གཤེད་དུ་ལངས་པ་ཡིན་ཞེས་བརྗོད་ཆོག ཨོར་ཝེལ་ཁོང་གི་བརྩམས་ཆོས《གཅིག་དགུ་གྱ་བཞི》ལས་ང་ཚོ་ལ་དཔེ་གསོན་པོ་འགའ་རྙེད་ཐུབ་པ་ནི། དེབ་དེའི་ནང་དུ་ཆེད་དམིགས་གསར་འགྱུར་རྫུན་མ་བཟོ་མཁན་གྱི་ལས་ཁུངས་ཀྱི་མཚན་ལ“བདེན་སྐྱོང་ཁང”དང་། རིགས་སུ་མ་གྱུར་བའི་མིར་ལྟ་རྟོག་དང་འཇུ་བཟུང་། གནོད་འཚེ་བསྐྱལ་མཁན་གྱི་གསང་བའི་ཉེན་རྟོག་པའི་མཚན་ལ“མཛའ་བརྩེ་པུའུ” དམག་འཁྲུག་སློང་མཁན་གྱི་སྡེ་ཁག་གི་མཚན་ལ“ཞི་བདེ་པུའུ” ཞེས་བཏགས་ཏེ། དེ་ཡང་བདེན་ལུགས་ཀྱིས་ནོར་འཁྲུལ་དང་ཞི་བདེ་ཡིས་དམག་འཁྲུག ཤེས་རྨོངས་ནི་སྟོབས་ཤུགས་སུ་འཛིན་པ་དེ་བཞིན་ནོ། །

འདི་ཉིད་སྒྲུང་རྩོམ་ཁྲོད་ཀྱི་ལས་ཀ་ཞིག་ཡིན་ངེས་ནའང་དངོས་ཡོད་དང་བར་ཐག་གིས་ཆོད་པ་ཞིག་ཀྱང་མ་ཡིན་པ་ལ། བྱང་ཁོ་རེ་ཡ་ཡིས་རྒྱལ་ཁབ་ཀྱི་མིང་ལ“ཁོ་རེ་ཡ་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ”ཅེས་དང་། སྔོན་ཆད་ཀྱི་འཇར་མན་ཤར་མས་རྒྱལ་ཁབ་ཀྱི་མིང་ལ“འཇར་མན་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ” ཨེ་རྗེབ་ཀྱི་སྲིད་འཛིན་ཟུར་བ་མུའུ་བྷ་ལ་ཁེས་འགོ་ཁྲིད་པའི་སྲིད་སྐྱོང་ཏང་ཁག་གི་མིང་ལ“མི་རིགས་དམངས་གཙོ་ཏང”ཞེས་དང་། ཐུ་ནི་སིའི་སྲིད་འཛིན་ཟུར་བ་པིན·ཨ་ལེས་སྲིད་སྐྱོང་ཏང་གི་མིང་ལ“ཁྲིམས་སྲིད་དམངས་གཙོ་མནའ་འབྲེལ”ཞེས་འབོད་པ་འདི་དག་གིས་ངུ་མ་དགོད་ཀྱི་ཚོར་བ་ཞིག་བསྐྱལ་ཡོང་བ་མ་ཡིན་ནམ།

སྐད་བརྡ་རུལ་སུངས་དེ་དེང་གི་ཀྲུང་གོར་མཚོན་ན་དེ་ལས་ལྷག་པ་ཞིག་མེད་པའི་ཚད་དུ་ལྷུང་ཡོད་པ། བློ་རིག་གསལ་བའི་མི་ཞིག་གིས་མིག་ཡ་གཅིག་བཙུམ་པ་ཙམ་གྱིས་དཔེ་བརྗོད་མང་པོ་ཞིག་དྲན་ཡོང་བ་ནི། བདེན་ལུགས་དང་དངོས་དོན། དཀྲོག་གཏམ། ཀུན་སྤྱོད། དམངས་གཙོ། ཁྲིམས་སྐྱོང་། རང་དབང་། འགྲོ་མིའི་ཐོབ་ཐང་། རྩ་ཁྲིམས། འདེམས་བསྐོ། རྒྱལ་ཁབ་ཀྱི་ཁེ་ཕན། རྒྱལ་གཅེས་རིང་ལུགས། བཅོས་བསྒྱུར། སྤྱི་ཁོག་སྙོམ་སྒྲིག དེང་རབས་ཁེ་ལས་སྒྲིག་སྲོལ། ལས་འཛིན་ལྷན་ཚོགས་སོགས་རབས་དང་རིམ་པ་ཞིག་སྟེ། མིང་ཚིག་འདི་དག་ཚད་ངེས་ཅན་ཞིག་གི་སྟེང་ནས་རུལ་སུངས་སུ་གྱུར་ཡོད་པ་མ་ཟད། ཐ་ན་རུལ་སུངས་ཞེས་པའི་མིང་ཚིག་འདི་རང་ངོས་ནས་ཀྱང་རུལ་སུངས་སུ་གྱུར་ཡོད་པའོ།།

དེ་ཡང་མགོ་ཁྲིད་ཆེ་གེ་མོས་ཁོང་རིག་མི་དམངས་ཀྱི“སྤྱི་ཞབས”ཡིན་ཟེར་དུས་དོན་ངོ་མ་དབང་ཆ་ཁོའི་ལག་ཏུ་ཡོད་པས་ཁོའི་ངག་ལ་ཉན་དགོས་ཞེས་བརྗོད་ཀྱིན་པ་དེ་བཞིན། “བཅོས་བསྒྱུར”ལ་དཔེ་བླངས་ཏེ་བཤད་ན། ཐ་སྙད་རང་ངོས་ཀྱི་ནང་དོན་ནི་སྒྲིག་གཞིའི་ནང་ཚུད་པའི་དཔལ་འབྱོར་ལམ་སྲོལ་དོར་ཏེ་ཚོང་རའི་དཔལ་འབྱོར་བྱེད་ཐབས་ལག་བསྟར་བྱ་རྒྱུ་སྟེ། བཅོས་བསྒྱུར་གྱིས་སྲིད་གཞུང་གིས་དཔལ་འབྱོར་ལ་ཚོད་འཛིན་བྱེད་ཚད་ལྷོད་གཡེང་དུ་གཏོང་བ་དེ་མཚོན་ཐུབ་པ་ནས་མང་ཚོགས་ལ་དཔལ་འབྱོར་བྱེད་སྒོ་སྣ་མང་སྤེལ་ཆོག་པའི་རང་དབང་དེ་སྟེར་དགོས་པ་དེའོ།། ཡིན་ནའང་ཉེ་བའི་ལོ་འདི་དག་གི་རིང་ལ། སྲིད་གཞུང་སྡེ་ཁག་འགའ་རེས་སྲིད་གཞུང་གིས་དཔལ་འབྱོར་ལ་ཚོད་འཛིན་བྱེད་ཚད་རྒྱ་སྐྱེད་སྒོས་ཚོང་ལས་ཀྱི་རང་དབང་ལ་བཀག་རྒྱ་བཟོ་བའི་བཅོས་བསྒྱུར་ལ་རྒོལ་བའི་སྲིད་ཇུས་ལ་ད་གཟོད“བཅོས་བསྒྱུར”དུ་འབོད་པ་དང་། ཐ་ན“སྔར་བས་བཅོས་སྒྱུར་གཏིང་ཟབ་བྱེད་ཐབས”དུ་འཇོག་གིན་ཡོད། སྤྱི་ཁོག་སྙོམ་སྒྲིག་ཅེས་པའང་མ་གཞི་ནས་སྤྱི་འབོར་གྱི་ཡངས་ཆ་དང་དམ་འཕྲི་ལ་འཇུག་གིན་ཡོད་མོད། ཡིན་ནའང་ད་ལྟ་ཁ་རྒྱུན་དུ་ཆགས་པའི“སྤྱི་ཁོག་སྙོམ་སྒྲིག”ཅེས་པ་དེས་རྣམ་ཀུན་དཔལ་འབྱོར་འཁོར་རྒྱུག་གི་ཐེ་ཇུས་ཕྲ་ཞིང་ཕྲ་བ་དེ་སྟོན་གྱིན་ཡོད། དེའི་ཁོངས་སུ་ཆོག་འཐུས་ཚོད་འཛིན་དང་རིན་གོང་ཐེ་ཇུས་ཀྱང་གཏོགས་ཡོད། གཞན་ཡང་རྒྱལ་དབང་མ་རྐང་ཚོད་འཛིན་སྤྱི་གཉེར་ཁང་གིས“དེང་རབས་ཁེ་ལས་སྒྲིག་སྲོལ”འཛུགས་གྲུབ་ཐུབ་པར་བརྗོད་ནའང་དོན་གྱིས་ཁོ་ཚོའི་ལས་འཛིན་ལྷན་ཚོགས་ལ་སྤྱི་གཉེར་པ་གཞོན་པ་ཞིག་འདེམས་བསྐོ་བྱ་རྒྱུའི་དབང་ཆའང་མེད་པས་ན། དེང་རབས་ཁེ་ལས་སྒྲིག་སྲོལ་ཞེས་ཇི་ལྟར་སྨྲ་བར་སྤོབས།

སྐད་བརྡ་རུལ་སུངས་ལ་མཇུག་འབྲས་མི་ལེགས་པ་གང་དག་ཡོད་ཅེ་ན། རྩ་བའི་ཆ་ནས་གསུམ་ཡོད་པར་འདོད་དེ།

དང་པོ། སྐད་བརྡ་རུལ་སུངས་ཀྱིས་ལབ་གླེང་གི་སྐད་བརྡའི་བྱེད་ནུས་རྨེག་མེད་བཟོས་ཏེ་མིའི་རིགས་ཀྱི་རིག་པ་ཉམས་ཞན་དུ་བསྒྱུར་བ།

མིའི་རིགས་ཀྱིས་སྐད་བརྡ་གསར་དུ་བཏོད་པ་ནི་ཕན་ཚུན་བརྗེ་རེས་ཀྱི་ཆེད་དུ་སྟེ། མིའི་རིགས་ཀྱི་ཡར་ཐོན་ཡོད་དོ་ཅོག་སྐད་བརྡ་ཞེས་པའི་བྱེད་ནུས་འདིའི་སྟེང་ཚུགས་པ་ཞིག་ཡིན་པས། ཕན་ཚུན་བརྗེ་རེས་ཀྱི་ཆེད་དུ་སྐད་བརྡའི་མིང་ཚིག་རྣམས་ལ་ངེས་པར་དུ་ཡོངས་ཁྱབ་ཀྱིས་ཁས་ལེན་པའི་དམིགས་བསལ་གྱི་གོ་དོན་ཚང་དགོས་མོད། སྐད་བརྡ་རུལ་སུངས་ཀྱིས་མིང་ཚིག་གཅིག་ལ་མི་རེའི་སེམས་ཁོངས་སུ་གོ་དོན་མི་འདྲ་བ་རེ་འཇོག་སྲིད་ཅིང་། སྐད་བརྡ་ཉིད་ཡི་གེ་རོལ་རྩེད་ཞིག་ཏུ་གྱུར་བ་དེས་མི་དང་མིའི་བར་གྱི་བརྗེ་རེས་དཀའ་ངལ་ཅན་ཞིག་ཏུ་གྱུར་ཡོད།

སྐད་བརྡ་རུལ་སུངས་ཀྱི་དབང་གིས་ང་ཚོ་ཉིན་རེ་ལས་ཉིན་རེར་བཞིན་རྗེས་དཔག་དང་གཏན་ཚིགས་ཀྱི་རིག་པར་རྨོངས་པར་འགྱུར་གྱིན་ཡོད་པ་དང་། ང་ཚོའི་ཀླད་ཆེན་ནུས་པ་ཉམས་ཞན་དུ་ཕྱིན་ཏེ་རྩོམ་ཡིག་མཐའ་དག་རིམ་བཞིན་འབོད་སྐད་ཀྱི་སྤུང་ཟོག་ཅིག་ཏུ་འགྲིབ་ལ། ང་ཚོ་ཉིན་རེ་ལས་ཉིན་རེར་བཞིན་དབང་བྲན་དུ་འགྱུར་བའམ་གཞན་བསྟུན་གྱི་ངོ་བོར་གོམས་པ་ལས་གནས་ལུགས་དང་འདྲ་མཉམ་བརྩོན་ལེན་བྱེད་མཁན་ཞིག་ཏུ་འགྱུར་ཐུབ་ཀྱིན་མེད། དཔེར་ན་ཡིག་ཆ་གཅིག་གི་ནངXསྣེ་འཁྲིད་མཁན་དངYབརྗོད་བྱ། Zརྨང་གཞི་བཅས་ཡིན་པའི་དབང་དུ་བཏང་ན། སུས་ཀྱང་དེ་དག་དབར་གྱི་འབྲེལ་བ་དེ་ཅི་ཞིག་ཡིན་པ་མཚོན་བརྗོད་དཀའ། ང་ཚོའི་རྩོམ་ཡིག་སྔ་མ་ལས་ཕྱི་མ་རིང་ནའང་དེའི་ནང་གི་བརྡ་དོན་སྔ་མ་ལས་ཕྱི་མ་ཇེ་ཉུང་དུ་སོང་ཡོད། ལས་དོན་སྙན་ཞུ་ཞིག་ལ་ཡིག་འབྲུ་ཁྲི་གཅིག་གཉིས་ཤིག་ཡོད་པ་དང་། དེ་དང་འབྲེལ་ཡོད་ཀྱི་མཛུབ་སྟོན་ཡིག་ཆ་འབུམ་ཕྲག་ལྷག་ཡོད་ནའང་མི་རྣམས་ཀྱིས་ད་དུང་སྙན་ཞུ་དེའི་ནང་དོན་ཧྲིལ་གྱིས་ཧ་གོ་ཐབས་མེད།

འདི་ནི་མིའི་རིག་སྟོབས་དང་དངོས་པོའི་ཐོན་ཁུངས་གཉིས་ཆབས་ཅིག་ཏུ་འཕྲོ་བརླག་ཏུ་བཏང་བ་རེད། རྒྱལ་ཡོངས་སུ་རིག་པ་མཆོག་གྱུར་གྱི་མི་འབུམ་ཕྲག་ཁ་ཤས་ཡོད་པ་དེ་དག་གིས་མཐའ་གཅིག་ཏུ་ཡི་གེ་རོལ་རྩེད་ཀྱི་ལས་རྩོམ་བཞིན་ཡོད་པས། རི་བོའི་གཏོས་དང་མཉམ་པའི་ཡི་གེའི་གད་སྙིགས་ཤིག་ཐོན་སྐྱེད་སྤུང་གསོག་སྒོས་མིའི་རྣམ་ཤེས་བག་ལ་ཞ་རུ་བཅུག་ཡོད་པར་མ་ཟད། རྩ་ཆེ་བའི་དངོས་པོའི་ཐོན་ཁུངས་འཕྲོ་བརླག་ཏུ་བཏང་བ་དང་། ང་ཚོའི་འཚོ་གནས་ཀྱི་ཁོར་ཡུག་ལ་དྲི་མས་སྦགས་ཡོད།

གཉིས་པ། སྐད་བརྡ་རུལ་སུངས་ཀྱིས་ཀུན་སྤྱོད་ངན་རུལ་དུ་བསྒྱུར་བ་ནི། མིའི་རིགས་ཀྱི་ཀུན་སྤྱོད་ཀྱི་ཐིག་ཤིང་དྲང་བདེན་ཡིན་པ་དང་། སྐད་བརྡ་རུལ་སུངས་ནི་རྩ་བ་ནས་དྲང་གཞག་མིན། མིའི་རང་གཤིས་དང་ཐོད་གཏུག་སྟེ། ཀུན་སྤྱོད་ཀྱི་ཚད་གཞི་ལྟར་བལྟས་པ་ཡིན་ན་རྫུན་སྨྲ་བ་དེ་དོན་མི་ལེགས་པ་བསྒྲུབ་པ་ལས་ཀྱང་འཁྲུག་ཆ་དོད། ཁྲིམ་ཁང་གིས་བཅད་ཁྲ་བསྒྲགས་དུས་སུ་ནམ་རྒྱུན“ཉེས་གསོག་པས་བསགས་པའི་བྱས་ཉེས་ངོས་ལེན་ཡང་དག་ཞུས་པ”ཞེས་བརྗོད་ཚུལ་འདི་འདྲ་ཡོད་པར། མི་ཞིག་གིས་ལས་ངན་པ་བསྒྲུབ་ཐུབ་པ་བཞིན་འགྲིག་ང་ཚོས་ད་དུང་ཁོས་དངོས་དོན་གྱི་མདུན་སར་རྫུན་མི་སྨྲ་བར་ཡིད་ཆེས་བྱ་དགོས། ནུབ་གླིང་གི་ཁྲིམས་སར་དཔང་མིས་བདེན་དཔང་བྱེད་པ་ལ་གལ་སྲིད་ཕྱོགས་ཅིག་ཤོས་ཀྱི་ཁྲིམས་རོགས་པས་དཔང་མི་དེ་དུས་དང་རྣམ་པ་ཀུན་ཏུ་རྫུན་ལབ་མཁན་ཞིག་ཏུ་བདེན་དཔང་བྱེད་ཐུབ་པ་ཡིན་ན། དེའི་དཔང་པོ་བྱས་པའི་ཁ་ཚིག་དག་ནུས་མེད་དུ་གཏང་། ཚད་གཞི་འདི་ལྟར་ན། རང་རེའི་སྤྱི་ཚོགས་སྒང་དུ་ཚད་ལྡན་གྱི་དཔང་མི་ཞིག་བཙལ་དགོས་ན་རི་བོང་གི་རྭ་བཞིན་ནོ། །

ལོ་ངོ་ཉིས་བརྒྱ་ལྷག་གི་སྔ་རོལ་དུ། ཨ་མེ་རི་ཁའི་རང་བཙན་དམག་འཁྲུག་སྐབས་ཀྱི་བསམ་བློ་བ་ཐུའོ་མ་སི་•ཕན་ཨེན་(Thomas)གྱི《རང་གཅུན་གྱི་དུས་རབས》ཞེས་པའི་དེབ་དེའི་ནང་། “མིའི་རིགས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ། མི་རྣམས་ཀྱིས་བསམ་བློའི་སྟེང་རང་ཉིད་ལ་བརྩི་བཀུར་བྱ་དགོས་ཏེ། གལ་སྲིད་མི་ཞིག་ངན་རུལ་དུ་གྱུར་ནས་རང་ཉིད་རྩ་བ་ནས་ཡིད་ཆེས་མེད་པའི་དངོས་པོ་དེ་དྲིལ་སྒྲོག་བྱེད་མཁན་ཞིག་ཏུ་གྱུར་བ་ཡིན་དུས། མི་དེ་ངན་པ་དགུ་འཛོམས་ཀྱི་མི་ཞིག་ཏུ་གྱུར་བའི་སྟ་གོན་བརྩམས་ཟིན་པ་ཡིན་ནོ”ཞེས་བྲིས་ཡོད་པ་དེ་བཞིན། སྐད་བརྡ་རུལ་སུངས་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བའི་གནས་ཚུལ་གྱི་འོག་ཏུ། ང་ཚོས་དཔོན་ངན་རུལ་སུངས་ཀྱི་སྣང་ཚུལ་ཁྱབ་རྡལ་དུ་འགྲོ་བ་དང་། དངོས་ཟོག་རྫུན་མ་བགྲངས་ལས་འདས་པ་འདི་དག་གིས། ང་ཚོས་རང་ཅག་གནས་བཅོས་པའི་སྤྱི་ཚོགས་ཀུན་སྤྱོད་ཉམས་རུལ་དུ་གྱུར་བ་ལ་ངོ་མཚར་རྒྱུ་ཅི་ཡང་མེད་པའོ།།

གསུམ་པ། སྐད་བརྡ་རུལ་སུངས་ཀྱིས་ལམ་ལུགས་ཐོར་ཞིག་ཏུ་གཏོང་བ། སྐད་བརྡ་རང་ངོས་སུ་བརྡ་དོན་གྱི་བྱེད་ནུས་ཡོད་པས། སྐད་བརྡ་རུལ་སུངས་སུ་གྱུར་བ་ཡིན་ན། མ་གཞི་ནས་འཛམ་གླིང་ཧྲིལ་བོ་ཉེན་ཁའི་ཁྲོད་གནས་ཡོད་དེ། ང་ཚོའི་སེམས་སུ་གནམ་འོག་ཞི་བདེ་ངང་གནས་བསམ་ཡོད་དུས། མཇུག་འབྲས་ནི། གློ་བུར་བྱུང་བའི་དོན་རྐྱེན་གང་གིས་ཀྱང་ལམ་ལུགས་ཐོར་ཞིག་ཏུ་འགྲོ་སྲིད། ལོ20ལྷག་གི་སྔ་རོལ་དུ་ཡོ་རོབ་གླིང་ཤར་མར་བྱུང་བའི་གནས་ཚུལ་ཏེ། དཔེར་ན་ནེ་ཀུའུ་ལ་ཆི་ཨོ་སེ་སུ་ཁུའུ་ལྟ་བུར་ཆ་མཚོན་ནའང་ཁྲི་ལོར་བརྟན་པར་ཤོག་ཅེས་འབོད་པ་ནས་མགོ་རྟིང་སློག་པའི་བར་དུ་སྐར་ཆ་འགའི་དུས་ཡུན་ལས་མེད་པ་ལྟ་བུ་དང་། གནའ་བོའི་སུའུ་ལན་ཐོར་ཞིག་ཏུ་སོང་བ་ནས་ད་ལྟའི་ཡོ་རོབ་ཤར་མའི་སྣང་ཚུལ་འགའ་རེ་ཡང་དེ་དང་དེའི་རང་བཞིན་ནོ།།

དེ་བས། ཕྱིས་སུ་ང་ཚོས་ངེས་པར་དུ་སྐད་བརྡ་རུལ་སུངས་ལ་རྒོལ་བ་དེ་ང་ཚོའི་ལས་དོན་གལ་ཆེན་ཞིག་ཏུ་བརྩི་དགོས། ཀྲུང་གོའི་ད་ལྟ་མཉེན་པའི་སྟོབས་ཤུགས(软实力)འཛུགས་གྲུབ་བྱེད་སྒང་ཡིན་པར། བདག་གིས་ནི་སྐད་བརྡ་རུལ་སུངས་འདི་ལྟའི་ཚབས་ཆེ་བའི་གནས་ཚུལ་གྱི་འོག་ཏུ་ང་ཚོ་ལ་མཉེན་པའི་སྟོབས་ཤུགས་དངོས་མ་དེ་འབྱུང་ཐབས་མེད་པ་ཞིག་རེད་འདོད་པ་ནི། མི་རྫུན་རྐྱལ་ཞིག་ལ་གཞན་རྣམས་ངོ་མ་ངོ་ཐོག་གིས་རློམ་མི་སྲིད་པ་དེ་བཞིན་ནོ།། གཞན་ད་དུང་ང་རང་ཡིད་ཆེས་ཡོད་པ་ཞིག་ནི། ང་ཚོས་སྨྲ་བརྗོད་རང་དབང་དང་དཔེ་སྐྲུན་རང་དབང་གི་སྲིད་བྱུས་ལག་ཏུ་བསྟར་ཐུབ་པ་ཡིན་ན། མ་མཐའ་ཡང་སྐད་བརྡ་རུལ་སུངས་ཀྱི 50%ཚར་གཅོད་ཐུབ་ལ། 50%འདི་ཉིད་ད་གཟོད་ཆེས་གལ་འགངས་ཆེ་བ་སྟེ། དེའི་ཕན་ཆད་ཀྱི50%དེ་རྩ་བ་དང་གྱེས་པའི་ཡལ་གའི་ལུགས་བཞིན་སྐྱོན་ཆེན་པོ་མེད་པར་སྣང་། གལ་སྲིད་ང་ཚོས་སྐད་བརྡ་རུལ་སུངས་ཀྱི50%བོ་འདི་རྩ་མེད་བཟོས་པ་ཡིན་ན། རུལ་སུངས་དཔོན་རིགས80%རྩ་མེད་བཟོ་བའི་རེ་བ་ཡོད་པས་ན། ད་ནས་བཟུང་ང་ཚོའི་སྟོབས་ཤུགས་གཅིག་སྒྲིལ་སྒོས་སྐད་བརྡ་རུལ་སུངས་ཕམ་པར་རྒྱག་པར་སྙིང་སྟོབས་ཀྱི་གོ་ཆ་ལྷུར་ལེན་དགོས།

 

ཟུར་མཆན།

ཁྲོང་ཆིན“ནག་རྡུང” ཞེས་པ་ནི2009ལོར་གྲོང་ཁྱེར་ཁྲོང་ཆིན་གྱི་སྐབས་དེའི་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཝང་ལིས་ཅོན་གྱི་སྣེ་འཁྲིད་འོག་སྤེལ་བའི“ནག་རྡུང”བྱ་འགུལ་ཏེ། ཀྲུང་གོའི་ཆབ་སྲིད་དང་འབྲེལ་ཡོད་ཀྱི་གཡོ་སྐྱོམ་དེ་ལ་ཟེར།

ནེ་ཀུའུ་ལ་ཆི་ཨོ་སེ་སུ་ཁུའུ། (1918 — 1989)རོ་མ་ནི་ཡ་གུང་ཁྲན་ཏང་དང་རོ་མ་ཉི་ཡ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་མཐོའི་མགོ་ཁྲིད་པ། སྲིད་སྟེགས་སུ་བཞུགས་དུས་སུ་མི་སྒེེར་ལ་དད་པ་བྱེད་དགོས་པའི་རང་ལུགས་མཐའ་འཁྱོངས་སུ་སྤེལ་ཏེ་སྲིད་དབང་གཉེར་བར་འབངས་གྱེན་ལོག་གིས་སྲིད་གཞུང་མགོ་རྟིང་སློག་ཅིང་སྟེང་ཞལ་གཉིས་མེ་མདས་སྲོག་ཐོག་ཏུ་བཏང་བ་ཞིག

原文:https://www.sohu.com/a/155651535_460374

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2831