མིའི་ཚེའི་རང་དབང་གི་མཛེས་པ་དེ་སྐྱི་གཡའ་བའི་འཆིང་སྒྲོག་གི་ཁུགས་སོ་ནས་མངོན་ཡོང་།
རུ་སོ།
རང་དབང་ནི་ཅི་ཞིག་ཡིན་ནམ། དྲི་ཚིག་འདི་ནི་སུས་ཀྱང་འགྲོལ་མ་ཐུབ་པའི་ལོ་རྒྱུས་ཀྱི་གབ་གནད་རྡོག་རྡོག་ཅིག་མ་ཡིན་ནམ། དྲི་ཚིག་འདིའི་སླད་དུ་གནའ་ནས་ད་བར་མིང་དུ་གྲགས་པའི་བསམ་བློ་བ་དང་མཚན་ཉིད་སྨྲ་བ། སྒྱུ་རྩལ་བ་གང་མང་གིས་དོགས་འདྲི་དང་དཔྱད་འཚོལ་མཚམས་འཇོག་མྱོང་མེད། གྲུབ་མཐའི་བྱེད་པོ་དང་རིང་ལུགས་ཀྱི་དཔྱོད་མཁས་སུ་ཞིག་ཡིན་རུང་སོ་སོ་ལ་རང་དབང་གི་ལྟ་སྤྱོད་མི་མཚུངས་པ་རེ་རེ་ཡོད་ངེས་ལ། དེའི་རྒྱབ་རྟེན་དུ་སྤྱི་ཚོགས་ཀྱི་ཉམས་ཞིབ་དང་། བསམ་བློའི་ལངས་ཕྱོགས་གཏན་ཚུགས་པོ་རེ་ཡང་ཡོད་ངེས། འོན་ཏེ་ད་དུང་དུས་རབས་ཉེར་གཅིག་པའི་ཚ་རླབས་ཁྲོད་འདིར་སྔར་བཞིན་ཤེས་རིག་དང་ལོ་རྒྱུས་ཀྱི་གོམ་སྒྲ་ཡལ་མེད་མོད། ཀུན་གྱིས་ཁས་ལེན་པའམ་ལྟ་སྟངས་མཚུངས་པའི་རང་དབང་གི་དཀའ་འགྲེལ་ཡང་དག་ཅིག་བྱུང་མེད།
སྤྱིར་རང་དབང་ལ་དཔྱོད་པའི་བློ་མིག་མི་མཚུངས་པ་རེ་རེས་ཤེས་རིག་དང་བསམ་བློའི་བང་མཛོད་དུ་གསར་རྟོགས་ཀྱི་བློ་གྲོས་ནོར་བུ་འདྲ་བ་གང་མང་བསྩལ་གྱིན་ཡོད། དེའང་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་དར་རྒུད་གཞིར་བཟུང་སྟེ་བལྟས་ན། མིའི་འདུ་ཤེས་འཛིན་སྟངས་དང་ཁོར་ཡུག་གི་གནས་སྟངས་མི་གཅིག་པ་རེ་རེར་སྤྱི་ཚོགས་རྣམ་པའང་མི་གཅིག་པ་རེ་རེར་འགྱུར་བཞིན་ཡོད། འགྱུར་ལྡོག་གི་སྣང་ཚུལ་དེ་དང་འགྲོགས་ནས་རང་དབང་ཟེར་བ་དེ་ཐོག་མར་ངོ་ཤེས་ཤིང་དུས་མཚུངས་སུ་དེ་ལ་སྙེག་པའི་བརྩོན་སེམས་ཀྱང་ལག་ཆགས་པ་རེད། དེ་བས་དུས་ལྟར་སྤྱི་ཚོགས་འཕེལ་འགྱུར་དང་གྲལ་རིམ་མི་མཚུངས་པ་འགྱུར་བཞིན་ཡོད་པར་བརྟེན་མི་རྣམས་ཀྱིས་རང་དབང་ལ་བཟུང་བའི་གོ་རྟོགས་དང་ཚད་ཐིག་མི་འདྲ་བར་འགྱུར་བཞིན་ཡོད་པ་རེད།
དེའང་མཚན་ཉིད་སྨྲ་བའི་ཡབ་རྗེ་རུ་སུའི་དགོངས་ཕྱོགས་ལྟར་ན། རང་དབང་ཟེར་བ་བསམ་པའི་འདུ་ཤེས་ཀྱི་ཐོག་ནས་མངོན་འགྱུར་ཡོང་དགོས་པ་ཞིག་ལས་ཕྱིའི་འཆིང་རྒྱ་ལ་འབྲེལ་བ་ཆེར་མེད་པ་བཞེད་དེ། དེའང་བསམ་པའི་རང་དབང་ཡང་མཐའ་གཅིག་ཏུ་ལག་ལེན་གྱི་ཁྲོད་དུ་མངོན་འགྱུར་མ་བྱུང་ཡང་གཙོ་བོ་གཞན་གྱི་བསམ་སྤྱོད་བྱེ་བྲག་པ་ཞིག་གི་བྲན་དུ་མ་འཁོལ་བས་ཆོག་པར་ལྟ།
གཞན་ཡང་སེམས་གཙོའི་མཚན་ཉིད་སྨྲ་བ་ཧེ་ཀོར་ལྟར་ན། རང་དབང་ཟེར་བ་ཚད་ཐིག་ངེས་ཅན་ཞིག་གི་བསམ་སྤྱོད་ལ་གོ་བ་སྟེ། རང་དབང་ནི་དཔྱོད་རྟོག་གི་འཛིན་སྟངས་དང་ཚོར་ཤེས་ཀྱི་མྱོང་གྲུབ་ཡ་མ་བྲལ་བའི་གཞི་མཐུན་ཞིག་དང་། ཡང་ན་ཡུལ་དང་ཡུལ་ཅན། ཐུན་མོང་དང་ཐུན་མོང་མ་ཡིན་པའི་བདག་ཉིད་ཀྱི་རྟེན་གཞི་རུ་བཞེད།
དེ་མིན་ཀུན་སྤྱོད་མཚན་ཉིད་སྨྲ་བའི་དད་དཔོན་ཁང་དྷི་ལགས་ཀྱིས་མིའི་ལ་རྒྱའམ་ཟིལ་ཤུགས་མངོན་པར་གསལ་བ་ནི་མིའི་དོན་དམ་གྱི་རང་དབང་ཡིན་པར་གསུངས། ད་དུང་དངོས་གཙོ་སྨྲ་བའི་མཚན་ཉིད་མཁས་པ་མར་ཁེ་སིས་རང་དབང་ཟེར་བ་རང་སྣང་གང་དྲན་ཞིག་མིན་པར་དེ་ལ་ཚད་ཐིག་དང་ངོས་ཟིན་ཡང་དག་ཅིག་ཡོད་དགོས་པར་བཞེད་པ་སོགས་མཚན་ཉིད་མཁས་དབང་རེ་རེའི་དཔྱོད་སྟངས་མི་མཚུངས།
གང་ལྟར་རང་དབང་ལ་ལྟ་སྟངས་དང་དཔྱད་འཚོལ་མི་འདྲ་བ་ཇི་ཙམ་བྱུང་ཡང་ང་ཚོས་གཏན་དུ་ཡལ་བར་འདོར་མི་རུང་བ་ནི་”མི”ཞེས་པའི་ཡིག་འབྲུ་འདི་དང་ལྷག་པར་དུ་མིའི་བསམ་བློའི་རང་དབང་འདི་ཡིན། དབྱིན་ཇིའི་མཚན་ཉིད་སྨྲ་བ་དང་དཔལ་འབྱོར་ཆེད་མཁས་པ། ཡང་ན་རང་དབང་རིང་ལུགས་ཀྱི་ཁྲིམས་འཛིན་མཁས་པ་ལྗོ་ཧན་•རྨེ་ལེར་ལགས་ཀྱི་བརྩམས་ཆོས་<<རང་དབང་སྨྲ་བ>>ནི་ཀུན་གྱིས་མི་སྒེར་རང་དབང་གི་གསར་རྟོགས་བརྩམས་ཆོས་སམ་རང་དབང་དང་འབྲེལ་བའི་བརྩམས་ཆོས་ཡག་ཤོས་སུ་ལྟ་བཞིན་ཡོད། དེའང་བརྩམས་ཆོས་འདིའི་ཡལ་འདབ་དང་བོར་བསམ་བློའི་རང་དབང་སྐོར་ཤ་སྟག་ཡིན་ལ་གཞན་ཡང་ཡལ་འདབ་འདིར་བསམ་བློའི་རང་དབང་སྤྱི་དང་ཁྱད་པར་དུ་དེའི་སྙིང་དོན་རྩལ་དུ་དཀྲུགས་ཏེ་གཏན་ལ་ཕབ་ཡོད།
སྤྱིར་ན་”རང་དབང་”ཞེས་པ་ནི་མིའི་རིགས་ཀྱི་བསམ་བློའི་ཉིང་ཁུའམ་ཀྱག་ཀྱོག་གི་དུས་རབས་དང་ལོ་ཟླས་རྙིང་ཕབ་པའི་ཐོན་འབྲས་ཤིག་ཀྱང་ཡིན། ང་ཚོས་ནམ་རྒྱུན་རང་དབང་ཞེས་གླེང་དུས་མི་སྒེར་གྱི་དོན་དངོས་འཚོའམ་བྱ་སྤྱོད་དང་འབྲེལ་ནས་གླེང་བཞིན་ཡོད། འོན་ཀྱང་ང་ཚོས་ཅིས་ཀྱང་རྟོགས་འོས་པ་ཞིག་ནི་བྱ་སྤྱོད་ཀྱང་མི་སྒེར་གྱི་བསམ་བློའི་ཚད་ཐིག་དང་ཐག་གཅོད་འོག་ནས་མངོན་གྱིན་ཡོད་སྟབས། ཇི་ཙམ་རྙོག་འཛིང་ཆེ་བའི་བྱ་སྤྱོད་དང་ལག་ལེན་ཐམས་ཅད་མཐར་དེད་ན་བསམ་བློ་དང་འདུན་པའི་མཚོན་ཆོས་ཙམ་དུ་རྟོགས་རིགས།
རང་ཉིད་མི་ཞིག་ཡིན་པའི་རྩ་དོན་མ་དོར་བའི་ཐོག་ནས་བལྟས་ན། ང་ཚོ་འཇིག་རྟེན་འདིར་འཚོ་གཞེས་བྱ་དགོས་པའི་དམིགས་ཡུལ་ལམ་དོན་སྙིང་གཙོ་བོ་ནི་རང་ཉིད་ཀྱི་རིན་ཐང་མངོན་དུ་འགྱུར་ཆེད་ཡིན་ལ། མཐར་ཐུག་གི་དམིགས་འབྲས་འདི་ཉིད་མངོན་འགྱུར་ཡོང་བ་ལ་རང་དབང་ནི་འབོར་ཐབས་མེད་པའི་མཐུན་རྐྱེན་ཉག་གཅིག་དེ་ཡིན། དེའང་ལྗོ་ཧན་རྨེ་ལེར་ལགས་ཀྱིས་<<རང་དབང་སྨྲ་བ>>རུ་བསྟན་དོན། གལ་ཏེ་སྐྱེས་བུ་ཞིག་ལ་བདེ་སྐྱིད་ཅིག་འཐོབ་དགོས་ན་རང་གི་ཁྱད་ཆོས་མ་དོར་བའི་རང་དབང་ནི་དེའི་རྩ་ལག་དངོས་ཞེས་གདམས།
གཞན་ཡང་རང་དབང་འཚོལ་སྙེག་དང་་ལྟ་སྤྱོད་ལ་སྤྱི་དམངས་ཀུན་གྱིས་གཙིགས་མཐོང་དང་སྐུལ་འདེད་གནང་འོས་ཏེ། ང་ཚོ་ཐུན་མོང་གི་འཇིག་རྟེན་འདིར་འཚོ་བ་ལ་མི་ཡི་རྩ་དོན་གཏོང་མི་རུང་བས་སོ། ། འོན་ཀྱང་གོང་བཤད་ལྟར་རང་དབང་ཟེར་བ་དེ་གང་དྲན་དྲན་གྱི་བྱ་སྤྱོད་ཅིག་ལ་བལྟས་ན་རྦད་དེ་གོ་འཛོལ་བྱུང་བ་ཡིན་ཏེ། རང་དབང་ལའང་མ་མཐའི་ཚད་ཐིག་དང་ཚོད་འཛིན་ངེས་ཅན་ཞིག་ཡོད། གནད་འདི་ལོ་རྒྱུས་ཐོག་གི་མཚན་ཉིད་མཁས་དབང་དུ་མས་དཔྱད་ཞིབ་དང་དག་ཐེར་གནང་བ་ལྟར། མི་སྒེར་གྱི་རང་དབང་བརྩོན་སྙེག་ལ་བརྟེན་ནས་གཞན་གྱི་ཁེ་དབང་ལ་རྡོག་རྫིས་ཅི་ནས་ཀྱང་གཏོང་མི་རུང་།
འོ་ན་རང་དབང་དང་འཆིང་རྒྱ་འགལ་ཟླ་མ་ཡིན་ནམ་ཞེ་ན། འགལ་ཟླ་ལྟ་ཅི་ཕན་ཚུལ་ལ་ཁ་འབྲལ་ཐབས་མེད་པའི་འབྲེལ་ལམ་ངེས་ཅན་ཞིག་ཡོད་དེ། གལ་ཏེ་འཆིང་རྒྱ་དང་ཚོད་འཛིན་གཏན་ནས་མེད་ན་དོན་དམ་གྱི་རང་དབང་ཟེར་བ་གང་ནས་ཡོང་སྟེ། དཔེར་ན། གསེེར་ཉའི་རང་དབང་གི་གཤོག་འགྱུར་དེ་ཆུ་ཡི་ཁྱབ་ཁོངས་ཁོ་ན་ལ་ཡོད་པ་ལས་ཆུ་དང་བྲལ་ཚེ་ཡོད་མི་སྲིད་པ་ལྟ་བུ་རེད། དེ་བས་ཐ་ན་རང་ཉིད་འཚོ་གཞེས་ཀྱི་གནད་དོན་ཙམ་ཡང་ཐག་གཅོད་མ་ནུས་ཚེ་ང་ཚོས་ཇི་ལྟར་རང་དབང་ཞེས་གནམ་ལྡིང་ས་ལྡིང་བྱེད་དམ། ད་དུང་མེ་ཏོག་གི་མཛེས་སྡུག་དེ་རང་དབང་གི་སྒོ་ནས་སྐྱེ་འཚར་ཡོང་བ་ལ་དྲོད་གཤེར་གྱི་བྱེད་རྐྱེན་དང་ཁ་འབྲལ་མི་རུང་བ་བཞིན། ང་ཚོས་འཇིག་རྟེན་འདིར་རང་དབང་གཙང་མ་ཞིག་ངོན་འགྱུར་ཡོང་དགོས་ན་བླ་དང་སྲོག་གི་འཚོ་རྟེན་ལ་ཁག་ཐེག་གནང་རིགས།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2807
ཉེ་མཆན།