དངོས་པོའི་དཔལ་ཡོན་ཆེས་ཆེར་དར་གྱིན་པའི་སྣང་བའི་ཁམས་འདི་ལ་མཚོན་ན། མི་ཚེ་གང་པོ་ནི་ཇི་འདྲའི་དཀའ་བ་དང་སྡུག་བསྔལ་མང་པོ་ཞིག་གིས་མནན་འདུག་པ་ཞིག་རེད་ཨང་། གལ་སྲིད་ཁྱོད་རང་འགྲན་རྩོད་ལ་མི་མོས་ཤིང་སྤྱི་བཏང་གི་མི་བུ་ཕལ་བ་ཞིག་བྱས་ཚེ། ཁོ་ཅག་གིས་ཁྱོད་ལ་ཐུབ་ཚོད་དང་བཀོལ་སྤྱོད་བྱ་སྲིད་ལ། གལ་ཏེ་ཁྱོད་རང་ཤེས་རིག་གིས་ཕྱུག་ཅིང་དཔལ་འབྱོར་གྱིས་བརྒྱན་པ་ཞིག་ཡིན་ཙང་། ཁོ་ཅག་གིས་ཕྲག་དོག་དང་བཙན་གཅུན་ཡང་བྱ་ངེས། དེ་བཞིན་ཁྱོད་རང་ཁོ་ཚོའི་གནས་དེ་ནས་ཕྱིར་འགྲོས་བྱས་ན་དེ་ལས་ཀྱང་ཚབ་ཆེ་བའི་མནར་གཅོད་དང་གནོད་པ་བྱེད་ཡོང་། གལ་ཏེ་ཁྱོད་རང་འགྲན་རྩོད་ཀྱི་ལས་འདི་ལ་ཞུགས་མི་འདོད་ཅིང་། ཁོ་ཅག་དང་ལྷན་དུ་ལྷིང་འཇགས་ངང་འཚོ་བ་བསྐྱལ་འདོད་ཚེ། ཐོག་མར་ཁྱོད་ཀྱིས་རང་ལ་དབང་བའི་ལོངས་སྤྱོད་འདི་དག་འདོར་དགོས་པར་མ་ཟད། དུས་རྟག་པར་གྱོང་གིས་གཟིར་བའི་ན་ཟུག་སྲོན་ཐུབ་བྱ་དགོས།

བྱིས་པའི་དུས་ཀྱི་བག་ཡངས་ཀྱི་རྩེད་འཇོ། གཞོན་པའི་སྐབས་ཀྱི་བརྩེ་དུང་གི་འཁྲེང་སེམས། དར་མའི་སྒང་དུ་མིང་དང་ཐོབ་ཐང་ལ་ཞེན་པའི་བརྩོན་པ། རྒས་དུས་རང་གཞན་གྱིས་གཡོ་འཕྲུལ་དང་ཤོབ་གཏམ་ལ་བློ་གཏད་པ། མི་ཚེ་གཅིག་ཏུ། ཚད་རིམ་མི་འདྲ་བའི་སྦྱོང་བརྡར་དང་བཙོ་སྦྱོང་གིས་དམིགས་བསལ་གྱི་བཟང་འབྲས་ཐོན་སྲིད་ལ། དེ་བཞིན་རིམ་པ་མི་འདྲ་བའི་ལེ་ལོ་དང་སྒྱིད་ལུག་གིས་ངན་འབྲས་ཀྱང་ངེས་ཅན་འཇོག་སྲིད་ཨང་།

དཀོན་མཆོག་གིས་དུས་ནམ་ཡང་བདེ་སྐྱིད་ཀྱི་ལོངས་སྤྱོད་མཐའ་དག་མི་བུ་གཅིག་གི་སྟེང་དུ་བསྟབ་པར་མི་བྱ་སྟེ། བརྩེ་དུང་གི་དགའ་སྐྱིད་འཛོམས་རུང་དཔལ་འབྱོར་གྱི་ལོངས་སྤྱོད་མི་ལྡན་པ་ལྟ་བུ། ཡང་ན་གསེར་དངུལ་རྒྱུ་འབྱོར་གྱི་སྟོབས་དང་ལྡན་ཡང་ལུས་སེམས་བདེ་སྐྱིད་ཀྱི་སྣང་བས་དབུལ་བ་ལྟ་བུ། དེ་བཞིན་བདེ་ཐང་གི་ལུས་ཁམས་ཤིག་ཡོད་ཀྱང་རུང་། བྱ་བ་ཡོད་ཚད་ཡིད་བཞིན་དུ་སྒྲུབ་པའི་ངེས་པ་མེད་པ་ལྟ་བུའོ།། རྐྱེན་དེ་བས། འདོད་ཆུང་ཆོག་ཤེས་ཀྱི་སེམས་བྱུང་ཞིག་ཡོད་པ་ནི་སེམས་ཀྱི་ཤེས་རབ་གསོ་ཞིང་སྐྱོང་བའི་གཞི་རྩ་ཡིན་ཞིང་། སེམས་ཁམས་གཙང་སེལ་དང་བྱི་དོར་བྱ་བ་ནི་ལམ་དེ་ལ་ཞུགས་པའི་ཆེས་ལེགས་པའི་འདེམ་གསེས་ཤིག་རེད། བདེ་སྐྱིད་ཡོད་ཚད་སེམས་ཀྱིས་མྱོང་ན། བདེ་སྐྱིད་མྱོང་སྟངས་འདི་ཡིས་དཀའ་སྡུག་དེ་དག་ཀྱང་བདེ་སྐྱིད་ཀྱི་ལོངས་སྤྱོད་ཅིག་ལ་བརྩི་བས། དེའི་སྐབས་ལ་བདེ་སྐྱིད་མཐའ་དག་དངོས་པོས་སྟེར་བ་མ་ཡིན་པར་སེམས་ལ་གཏོགས་པ་ཡིན། འདི་ནི་མི་ཚེའི་ཤེས་རབ་ཅིག་ཡིན་ནོ།།

མི་རེ་རེའི་མྱོང་བའི་འཚོ་བའི་དཀའ་སྡུག་དང་སྦྱོང་བརྡར་གྱི་རིམ་པ་མི་འདྲ་བས། དེ་ལ་ཐོབ་ཅིང་ཐེབས་པའི་ནང་སེམས་ཀྱི་རྟོགས་པ་ཡང་འདྲ་ཡི་མེད། སྤྱི་ཚོགས་ཀྱི་མྱོང་བ་ཕུན་སུམ་ཚོགས་པ་བདོག་ཚེ། མི་དེའི་འཚོ་བ་ཡང་དེ་ལྟར་ཕུན་སུམ་ཚོགས་པ་ཡིན་སྲིད་དོ།། སྔོན་ཆད་ང་ཚོས་རང་གི་འཚོ་བ་དང་ལས་སྐལ་ལ་འགྱུར་ལྡོག་འགྲོ་བར་ངང་སྒུག་བྱས་པ་ཡིན། འོན་ཀྱང་། ད་ལྟ་བསམ་བློ་རེ་འཁོར་ན། མི་ཚེའི་ནང་གི་ཆེས་མཚར་སྡུག་ལྡན་པའི་ཡུལ་ཁམས་དང་ལྗོངས་རྣམ་ནི་ནང་སེམས་ཀྱི་ཞི་འཇགས་དང་བག་ཕེབས་རེད་འདུག སྔོན་ཆད་ང་ཚོས་ཕྱི་རོལ་གྱིས་རང་ལ་ལྟ་བའི་མིག་མདངས་དང་བསམ་འཆར་དེ་དག་ལ་དོ་སྣང་ལྷག་མ་བྱས་པ་ཡིན་མོད། ད་ལྟ་སླར་ཡང་མནོ་སེམས་རེ་བཏང་ཚེ། འཇིན་རྟེན་ནི་མ་གཞི་ནས་རང་གི་ཡིན་འདུག་ལ། གཞན་ལ་འབྲེལ་བ་སྤུ་ཙམ་མེད་པ་ད་གཟོད་རྟོགས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2801