སྨན་པ་ཞེས་པ་ནི་ཐོག་མར་གཞུང་ལུགས་ལ་འཇུག་མྱོང་དགོས་ཏེ། གཞུང་ལུགས་ལ་འཇུག་མ་མྱོང་བའི་སྐྱེ་བོ་ཞིག་སྨན་པར་བརྩི་ག་ལ་ཆོག་སྟེ་“རྗེ་ཟུར་ཟུར་མཁར་བས། རྒྱ་ཆེན་གཞུང་ལ་དགོས་པ་མེད་དོ་ཟེར།།རྒྱུད་འགྲེལ་སྤངས་ནས་རང་བཟོས་ནད་པ་གསོ།། གཞུང་ལ་མ་བརྟེན་ལག་ལེན་ཡིན་ཟེར་བ།།བརླན་གཤེར་སྤངས་པའི་ཆུ་ཡིན་ཟེར་དང་མཚུངས།།”ཞེས་གསུངས་པས་གསོ་རིག་གི་གཞུང་ལ་བསླབ་པ་སློབ་གཉེར་བྱེད་མ་མྱོང་བའི་མི་ཞིག་སྨན་པར་རློམ་པའི་ང་རྒྱལ་ཅི་འདྲ་ཆེ་རུང་ལབ་རྐྱལ་ཅིག་ལས་འཁྱོངས་དཀའ།

དེ་བཞིན་དུ། སྨན་པ་ཡིན་ན་རིག་གཞུང་ལྟ་རྟོག་འཐེམས་པ་ཙམ་གྱིས་ག་ལ་འགྲུབ་སྟེ།ཐེག་པ་ཆེ་ཞིག་བློ་ཁོག་ཡངས་པའི་སྟེང་མཐུན་མོང་མ་ཡིན་པའི་བསམ་གཞིག་གཏོང་སྟངས་ཀྱི་ཁྱད་པར་ཡོད་ལ། དེ་ཉིད་ལག་ལེན་དུ་བསྟར་བའི་སྙིང་སྟོབས་འཛོམས་དགོས་པ་འདྲ། འདིའི་ཆ་ནས་བལྟས་ན། སྨན་པ་ཞིག་ཡིན་ཚེ་གཞན་རྗེས་སུ་འཛིན་པ་དང་ཀུན་དང་མཐུན་པ་ཞིག་ཡོང་ཐབས་གཏན་ནས་མེད་པའོ། བེ་བུམ་ཡོངས་ལ་ལགས་སོ་ཞུ་བ་ཞིག་ཀྱང་ཡིན་མི་ཆོག་གོ་སྙམ། ཀུན་མཐུན་དང་ཡ་རབས་ཞེས་པ་ནི་སྤྱིར་བཏང་འཚོ་བའི་ཁྲོད་ཀྱི་ཀུན་སྤྱོད་ཅིག་ཡིན་པ་ལས། སྒེར་བའི་རིག་གཞུང་ངོས་ཀྱི་ལམ་སྲོལ་ཅིག་ག་ལ་ཡིན། རང་གིས་ཤེས་པའི་ངོས་ནས་རྒྱུ་འབྲས་བློ་མིག་ལྡན་དགོས་ཤིང་། དེ་ཉིད་རིག་པའི་དག་སྣང་ལ་བརྟེན་པའི་ཨུ་ཚུགས་ཤིག་ཀྱང་དགོས་པ་ཡིན་ཏེ། ཨུ་ཚུགས་ཅི་ཡང་མེད་ན་ནི་མི་བུ་འམ་སྨན་པ་ཡ་རབས་ཤིག་ཡིན་པ་ལས། རིག་གཞུང་གི་ཁོངས་གཏོག་ཅིང་ལག་ལེན་གྱི་མཁྱེན་རྒྱ་ཡངས་བའི་སྨན་པ་རྣམ་དག་ཅིག་ཡིན་ཚེ་ཀུན་ལ་འཕྲོད་པ་ཞིག་ཀྱང་ཡིན་གལ་ལ་སྲིད་ཏེ། དཔེར་ན་རྒྱུད་འགྲེལ་མང་པོ་འདི་ཚོ་ནི་སྔ་རབས་མཁས་དབང་སོ་སོའི་རིག་གཞུང་གི་གོ་བ་ལེན་སྟངས་མ་འདྲ་ཡིན་པས་ང་ཚོ་ལ་ཡང་ཡོད་ཆོག་པ་ལོས་ཡིན།

གལ་སྲིད་རྗེས་འབྲང་ཁོ་ན་བ་དེ་འདྲ་ཡིན་ན་སྨན་པ་སུ་ལ་འང་ནད་བྱེ་བྲག་བཅོས་པའི་དམིགས་བསལ་གྱི་ཁྱད་ཆོས་ཡོད་ག་སྲིད། གསོ་རིག་ལ་འཇུག་པ་ཀུན་གཅིག་མཚུངས་ཡིན་པས་སོ། འདིར་སྨན་པ་ཡིན་ན་རྒྱུད་དགོངས་དང་བེ་བུམ་སོགས་ཀྱི་ལྟ་བ་ཇི་བཞིན་ལེན་མི་དགོས་ཚུལ་གཏན་ནས་ལབ་པ་མ་ཡིན་པར། སྐབས་དང་སྐབས་ལ་རང་གི་རིག་གཞུང་ལ་འཛིན་པའི་ལྟ་བ་དམིགས་བསལ་ཡོད་ཆོག་པ་ཡིན་ལ་མི་གཞན་གྱི་ལྟ་བ་དང་བེ་བུམ་སོགས་ལ་ཕོག་ཐུག་བཟོ་བར་འཇིགས་དངངས་དགོས་པ་ཞིག་གཏན་ནས་མ་ཡིན་ཏེ། རྒྱུ་མཚན་ནི་རྒྱུད་ཀྱི་དགོངས་པ་དང་འགལ་མེད་ལ་སྨན་པ་རང་གི་བརྟག་ལ་དཔྱད་ནས་ནད་ཐོག་སྨན་སྤྲོད་བྱེད་དགོས་པ་ནི་དཔལ་ལྡན་རྒྱུད་ཆེན་གྱི་དགོངས་པ་ཡིན་པས་སོ། རྒྱུད་གྱི་དགོངས་དོན་ལ་གཞིག་ནས་སྨན་བཅོས་དམིགས་བསལ་ཞིག་ཐོན་ན་སྨན་པའི་ཆ་རྐྱེན་སྣ་གཅིག་ཚང་འདུག་ཅེས་པའོ།

༢༠༡༨/༡༢/༦ཉིན་བླ་རུ་མྱོང་གྲོལ་འབོད་པ་དེས་སྦྲ་ཆེན་དུ།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2793