བོད་ཀྱི་བྱང་ངོས་སུ་གནས་པའི་ཧོར་ཞེས་པའི་ཡུལ་གྲུ་དེ་ནི་འཕོ་འགྱུར་ཆེ་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་ས་ཁུལ་ཞིག་ཡིན། རྩོམ་ཡིག་འདིའི་ནང་དུ་གླེང་བར་བྱ་བའི་དོན་ནི་དུས་རབས་ཉི་ཤུའི་ནང་གི་ས་ཆ་དེ་གའི་གནས་སྟངས་སྐོར་ཡིན་ཞིང་། གླེང་གཞིའི་འདིའི་སྐོར་ལ་ཉེ་ཆར་དཔར་སྐྲུན་བྱས་པའི་དཔྱད་གཞིའི་རྒྱུ་ཆ་ཤིན་ཏུ་འཛོམས་པོ་འདུག། ཧོར་གྱི་ས་ཁོངས་དེ་ཚོ་ཁག་སོ་དགུར་དབྱེ་སྲོལ་ཡོད་ལ་དེར་གནས་བཅའ་བའི་མི་རྣམས་ལ་ཧོར་པ་ཞེས་འབོད་སྲོལ་ཡོད། ཧོར་ཚོ་སོ་དགུ་ཞེས་པའི་ས་ཁོངས་ཀྱི་རྒྱ་ཁྱོན་ནི་ཆེན་པོ་ཡིན་ཏེ། དེའི་ཁོངས་སུ་དེང་དུས་ཀྱི་ནག་ཆུ་ས་ཁུལ་གྱི་སྦྲ་ཆེན་རྫོང་དང་། འབྲི་རུ་རྫོང་། གཉན་རོང་རྫོང་། སོག་རྫོང་བཅས་དང་། ཆབ་མདོ་ཁུལ་གྱི་སྟེང་ཆེན་རྫོང་བཅས་ཚུད་ཡོད། ཧོར་ཚོ་སོ་དགུ་ཞེས་པ་དེ་དོན་དངོས་ཐོག་ཁག་གཉིས་སུ་དབྱེ་ནས་ཡོད་པ་དེ་ཡང་ཚོ་སྟོད་སྟེ་ཧོར་དངོས་དང་ཚོ་སྨད་དེ་ཁྱུང་པོ་༼༡༽བཅས་ཡིན་ཞིང་། དེ་གཉིས་ལས་ཚོ་སྨད་ནི་སྤྱིར་བཏང་ཧོར་གྱི་རིགས་སུ་འཇོག་སྲོལ་མེད།༼༢༽
ས་ཆ་དེ་གཉིས་པོའི་མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་ཀྱང་མི་འདྲ་བ་ཡོད། དེ་ཡང་ཧོར་རམ་ཧོར་སྟོད་ཀྱི་ཡུལ་མི་རྣམས་ནི་ཧ་ལམ་འབྲོག་པ་མང་ཆེ་བ་ཡིན་ལ། ཁྱུང་པོའི་ཡུལ་མི་མང་ཆེ་བ་ནི་སོ་ནམ་པ་ཡིན་ཞིང་། ས་མ་འབྲོག་གི་ཡུལ་སྡེ་ནི་ས་ཆ་དེ་གཉིས་གར་མཐོང་རྒྱུ་ཡོད། བོད་དབུས་གཙང་གི་མིས་ཧོར་པ་རྣམས་ནི་མགོ་མཁྲེགས་པོ་དང་ནང་སེམས་ནི་དྭངས་གཙང་ཅན་ཞིག་ཏུ་ངོས་འཛིན་བྱེད་པ་ཡིན་ལ། ཧོར་པ་རྣམས་དཔའ་བློ་ཁོག་ཆེ་བས་ཁོང་ཚོ་ནི་མི་རྣམས་ཀྱི་བསྔགས་བརྗོད་དམ་དཔེ་མཚོན་གྱི་ཡུལ་དུ་འགྱུར་ནས་རྒྱུན་དུ་ཨ་ཕོ་ཧོར་ཞེས་འབོད་པ་ཡིན་ནོ།
སྦྲ་ཆེན་ནི་ཧོར་ཚོ་སོ་དགུའི་ལྟེ་གནས་ཡིན་པ་དང་། ཨ་དཀར་དགོན་ནི་ཧོར་གྱི་རྒྱལ་ས་ཡིན་ལ་རྒྱལ་པོའི་ཕོ་བྲང་ཡང་དེ་ན་ཆགས་ཡོད།༼༣༽ ཧོར་ཚོ་སོ་དགུའི་ཡུལ་ལ་དབང་སྒྱུར་བྱེད་པོ་ལ་བྱང་སྤྱི་ཁྱབ་རྒྱལ་པོ་ཞེས་འབོད་ཅིང་། དེའི་དབང་འོག་ཏུ་གནས་པའི་ཚོ་པ་སོ་དགུ་ནི་མཉམ་འབྲེལ་ངང་གནས་ཤིང་ཚོ་པ་སོ་སོར་རང་རང་གི་འགོ་པ་ཡོད་པ་དེ་དག་ཀྱང་སྤྱི་ཁྱབ་རྒྱལ་པོ་ལྟར་ཕ་ཤུལ་བུས་འཛིན་པ་ཡིན། ཚོ་པ་མང་པོའི་ནང་དུ་རྒན་པོ་ཞེས་པའི་གོ་གནས་ཡོད་པའི་མི་སྣ་ཞིག་ཡོད་པ་དེས་འགོ་པར་རམ་འདེགས་ཀྱིས་ལས་དོན་སྒྲུབ་པ་ཡིན། ཧོར་ཚོ་སོ་དགུ་ལས་ཚོ་པ་དྲུག་ཕུད། དེ་བྱིངས་མང་ཆེ་བ་ཞིག་ནི་ས་ཆ་གཞན་ནས་ཧོར་རྒྱལ་པོར་སྐྱབས་བཅོལ་དུ་ཡོང་རྗེས་གཞི་ནས་ས་དེར་གནས་ཆགས་པ་ཞིག་རེད་འདུག དེ་དག་ལས་ཁག་གཅིག་ནི་ས་གནས་དེ་གའི་སྤྱི་ཚོགས་དང་འདྲེས་པ་དང་ཁག་གཅིག་ནི་ལོགས་སུ་ཐོན་ནས་གནས་ཡོད། ཧོར་སྤྱི་ཁྱབ་རྒྱལ་པའི་རྒྱུད་པ་ཞིག་ད་ལྟ་ལྷ་སར་བཞུགས་འདུག་པ་ཁོང་ནི་སྤྱི་ལོ་༡༩༣༦ལོར་ཧོར་རྒྱལ་པོའི་སྲས་སུ་འཁྲུངས་པ་དང་མཚན་ལ་གཡུང་དྲུང་རྒྱལ་བ་ཞུ་ཞིང་། སྤྱི་ལོ་༡༩༩༤ལོ་ནས་སྤྱི་ལོ་༡༩༩༧ལོའི་བར་བོད་རང་སྐྱོངས་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་རིན་གཞོན་པ་དང་། ད་ལྟ་བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་གནང་མུས་ཡིན།༼༤༽ སྤྱི་ལོ་༡༩༩༡ལོར་ཁོ་བོར་ལྷ་སར་ཁོང་མཇལ་བའི་གོ་སྐབས་ཞིག་ཐོབ་ཅིང་། སྐབས་དེར་ཁོང་གིས་ང་ལ་ཁོང་རང་ནས་རྩོམ་སྒྲིག་གནང་བཞིན་ཡོད་ལ་དཔར་སྐྲུན་བྱ་གཉེར་ཡོད་པའི་དཔྱད་རྩོམ་ཞིག་བསྟན་གནང་བྱུང་། དཔྱད་རྩོམ་དེའི་ནང་དོན་ནི་དུས་རབས་ཉི་ཤུའི་དུས་འགོར་བོད་ས་གནས་སྲིད་གཞུང་དང་ཚོ་པ་སོ་དགུའི་དབར་ལངས་པའི་རྩོད་རྙོག་གི་སྐོར་རེད་འདུག གཡུང་དྲུང་རྒྱལ་བ་ནི་དོན་དངོས་ཐོག་སྤྲུལ་སྐུ་ཞིག་རེད་འདུག་ལ་ཁོང་གིས་ཧོར་སྤྱི་ཁྱབ་རྒྱལ་པོའི་མཆོད་ཁང་ཡང་ཡིན་པའི་བོན་ཀླུ་ཕུག་དགོན་པའི་མཁན་པོ་གནང་མྱོང་ཞིང་། དགོན་དེའི་སྐོར་གྱི་ལོ་རྒྱུས་ཤིག་ཀྱང་བྲིས་གནང་འདུག༼༥༽ཁོ་བོར་རྫ་དམར་ཞེས་པའི་ས་ཆ་ཕུད། དེ་བྱིངས་ཀྱི་ཧོར་ཚོ་སོ་དགུའི་ས་ཆ་གང་ལའང་འགྲོ་སྐལ་མ་ཐོབ། རྫ་དམར་ནི་ནག་ཆུ་ཁུལ་ནས་ཉིན་བཞིའི་རྐང་ལམ་གྱི་སར་ཡོད། དེ་ཡང་སྤྱི་ལོ་༡༩༥༦ལོར་ཁོ་བོས་གནས་སྐོར་བ་ཚོགས་པ་ཞིག་དང་འགྲོགས་ནས་སྐབས་དེར་སྣང་གསལ་དགོན་དུ་བཞུགས་པའི་བོན་གྱི་གྲགས་ཅན་བླ་མ་སྣང་གསལ་ནམ་མཁའི་རྒྱལ་མཚན་(༡༨༨༢ལོར་འཁྲུངས།)མཇལ་དུ་སོང་བ་ཡིན།༼༦༽ རྫ་དམར་ནི་ཧོར་ཚོ་སོ་དགུའི་ཡ་རྒྱལ་ཞིག་ཡིན་ལ། རོ་རེག་(Roerich)ནི་ནུབ་ཕྱོགས་པ་ས་ཆ་དེར་སླེབས་མཁན་དང་པོ་དེ་ཡིན་ལ་ཁོང་གིས་རྫ་དམར་ས་ཁུལ་དང་། ལྷག་པར་དུ་ཤར་རི་དགོན་བཅས་སུ་ཟླ་བ་ལྔ་ཙམ་(Roerich ༡༩༣༣ ༡༧༨,༡༨༣)བཞུགས་པར་གྲགས།༼༧༽
ཧོར་ཚོ་སོ་དགུ་རྣམས་ཁོ་བོའི་སྣང་བའི་ཡུལ་དུ་ཤར་བའི་རྐྱེན་གཙོ་བོ་ནི་ཡུལ་ལྷ་གཞི་བདག་གསོལ་བའི་སྐོར་ལ་ཞིབ་འཇུག་བྱ་འདོད་ཀྱི་སེམས་ཀྱི་དེད་པས་སོ། ཞིབ་འཇུག་བྱེད་རིང་ཁོ་བོས་དཔྱད་གཞིའི་ཡིག་ཆ་མང་པོ་ཞིག་གསོག་འཇོག་བྱ་ཐུབ་པར་བྱུང་ཞིང་། ལྷག་པར་དུ་དུས་དེབ་ལ་སོགས་པ་ཉེ་ཆར་དཔར་སྐྲུན་བྱས་པའི་དཔེ་དེབ་བཅས་ལས་ཚོ་པའི་སྐོར་གྱི་དཔྱད་གཞིའི་ཡིག་ཆ་མང་པོ་ལག་སོན་ཐུབ་བྱུང་བས། ཁོ་བོར་ཧོར་ཚོ་སོ་དགུའི་མི་དང་ཡུལ་ལ་ཁྱབ་རྒྱ་ཆེ་ཙམ་གྱི་ལྟ་བའི་ཐོག་ནས་རྟོག་ཞིབ་བྱ་རྒྱུའི་བློ་ཞིག་སྐྱེས།
ཧོར་ཚོ་སོ་དགུའི་མི་རྣམས་ཀྱིས་རང་ཉིད་ལ་ཐུན་མོང་མ་ཡིན་པའི་མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་ཡོད་པར་འདོད་ཅིང་། དེ་ལྟའི་ཁྱད་ཆོས་མངོན་ཕྱིར་ཁོང་ཚོའི་མེས་པོ་ནི་ཇིང་གེར་རྒྱལ་པོའི་རྒྱུད་པ་ཡིན་པ་དང་མིང་དུའང་ཧོར་ཞེས་འདོགས་ཚུལ་བརྗོད། འོན་ཀྱང་ཇིང་གེར་རྒྱལ་པོ་ནི་བོད་ཀྱི་བཙན་པོ་གྲི་གུམ་བཙན་པོའི་སྲས་ཉ་ཁྲིའི་རྒྱུད་ལས་མཆེད་པར་གྲགས་སོ།༼༨༽ ཧོར་ཞེས་པའི་མིང་དེ་ནི་གོ་དོན་གསལ་པོ་མེད་ལ་གོ་ནོར་ཐེབས་སླ་བའི་ཐ་སྙད་ཅིག་ཡིན། ཁོ་བོས་འདིར་གླེང་བའི་ཧོར་ནི་ཚོ་པ་སོ་དགུའི་ཧོར་ལ་ཟེར་བ་ཡིན་ལ། ཁྱུང་པོ་སྟེང་ཆེན་ནི་ཧོར་ཚོ་སོ་དགུའི་ཁྱབ་ཁྱོངས་ནང་ཚུད་ཡོད་ཀྱང་དེར་གནས་པའི་སྐྱེ་བོར་ཧོར་པ་ཞེས་མི་འབོད། ཧོར་ཚོ་སོ་དགུའི་ཁྱད་ཆོས་གཞན་ཞིག་ནི་ས་ཆ་དེ་དག་ལ་བོན་ཆོས་དར་ནས་ཡོད་པས་སྐྱེ་བོ་མང་ཆེ་བ་ནི་བོན་ཆོས་ལ་དད་པ་བྱེད་མཁན་ཡིན་ནོ།
ཧོར་དང་ཁྱུང་པོ་གཉིས་ནི་དབུས་གཙང་ཁུལ་དུ་ཆགས་པའི་བོན་སྡེའི་ཡོན་བདག་གཙོ་བོ་ཡིན་ལ་གྲྭ་རྒྱུན་གྱི་ཡོང་ཁུངས་ཀྱང་ཡིན། ཡིན་ནའང་དགོན་པའི་མཁན་པོ་བསྐོ་བར་ཟན་རྟགས་སྒྲིལ་ནས་ཐག་གཅོད་བྱེད་སྐབས་ས་ཆ་དེ་དག་ནས་ཡོང་བའི་གྲྭ་བཙུན་གྱི་མཚན་བྱང་འཇུག་སྲོལ་མ་མཆིས།
ཧོར་ཚོ་སོ་དགུའི་ལོ་རྒྱུས་མདོར་བསྡུས།
ཧོར་པ་རྣམས་ལྟར་ན། ཧོར་ཚོ་སོ་དགུའི་ལོ་རྒྱུས་ནི་དུས་མཚམས་གསུམ་དུ་དབྱེ་སྲོལ་འདུག་ལ། ཁོང་ཚོའི་རྒྱལ་པོ་ཐོག་མ་ནི་སོག་པའི་རྒྱལ་རབས་ཀྱི་རྒྱལ་ཐོག་དགུ་པ་ཐོ་མི་མུར་གྱི་གཅུང་པོ་ཡིན་པར་གྲགས།༼༩༽ རྒྱལ་པོ་དེའི་མཚན་ལ་གུ་རོན་ཨོ་ལོན་ཐའི་ཇེའམ་ཨར་ཐེ་ཆོག་ཟེར། ཁོ་བའི་དཔྱད་ཡིག་ལྟར་ན། ཁོང་ནི་དུས་རབས་བཅུ་བཞི་པའི་སྐབས་རྟ་པ་དྲུག་དང་མཉམ་དུ་ས་སྐྱའི་ཕྱོགས་ལ་བགྲོད་སྐབས་ལམ་འཛོལ་ཐེབས་ནས་མི་མེད་ལུང་སྟོང་མང་པོ་བརྒྱུད་རྗེས་མཐར་སྦྲ་ཆེན་གྱི་ཉེ་འདབས་སོག་ན་ར་ཁུག་ཅེས་པའི་སར་འབྱོར་བ་དེར་བོད་པ་ཤ་བ་རྔོན་བཞིན་པ་འགའ་ཞིག་དང་འཕྲད། དེ་ནས་རྔོན་པ་རྣམས་དང་འགྲོགས་ནས་འགྲུལ་བས་སོག་གད་དམར་ཞེས་པའི་སར་སླེབས་ཤིང་། དེ་ནི་ཁོང་ཚོས་དཀའ་ཚེགས་ལྡན་པའི་འགྲུལ་བཞུད་བྱས་རྗེས་བོད་ཀྱི་འབྲོག་སྡེ་འཕྲད་པ་དང་པོ་དེ་ཡིན་ཞིང་། མཐའ་མ་ས་སྐྱར་བསྐྱོད་རྒྱུའི་བློ་དོར་ནས་ས་ཆ་དེ་གར་གཞིས་ཆགས་ནས་གནས་པ་ཞིག་ཡིན།
སོག་པོའི་རྒྱལ་པོའི་སྲས་དེ་དཔའ་སྟོབས་ཆེ་ཞིང་བང་རྩལ་དང་རྟ་རྩལ་ཡང་ཤིན་ཏུ་ཆེ་བས་སུས་ཀྱང་དོ་ཟླར་མ་ནུས། དེ་པས་བོད་མི་ཞིག་བག་མར་བླངས་པ་དང་རིམ་བཞིན་འབྲོག་སྡེའི་དཔོན་དུ་འགྱུར་ཅིང་། ཁོ་པོའི་འགྲུལ་རོགས་ཚོས་ཀྱང་དེ་ལྟར་བྱས། གོང་དུ་བརྗོད་པའི་དཔྱད་གཞི་དེའི་ནང་དུ་སོག་པའི་རྟ་པ་རྣམས་གཞིས་ཆགས་སའི་འབྲོག་སྡེ་དེ་ནི་ཧོར་ཞེས་པའི་མིང་དེའི་མཆེད་ཁུངས་ཡིན་ཚུལ་གསལ།
འོན་ཀྱང་དཔྱད་གཞི་ཡིག་ཆ་གཞན་ཞིག་གི་ནང་དུ།༼༡༠༽སོག་པོའི་རྒྱལ་སྲས་དེ་ལ་རིགས་རྒྱུད་མ་བྱུང་བས་དེ་པ་སོག་ཡུལ་དུ་སོང་ནས་རང་གི་གཅེན་པོ་རྒྱལ་པོ་ཐོག་ཐིག་མུར་གྱི་བུ་གཉིས་པ་ཨུ་ཡུ་རྒྱལ་དང་སོག་དུད་བཞི་བཅུ་སྐོར་ཞིག་མཉམ་དུ་ཁྲིད་ནས་སླར་སྦྲ་ཆེན་དུ་ལོག་ཅིང་གཞིས་ཆགས་སྐད།
གོང་གསལ་གྱི་ནང་དོན་རྣམས་ལ་ཆ་འཇོག་རིན་ཆེན་པོ་ཡོད་མེད་ནི་སོག་ཡིག་གི་དཔྱད་ཡིག་ནང་དེ་ལྟའི་ལོ་རྒྱུས་འཁོད་ཡོད་མེད་ལ་དཔྱད་ཞིབ་བྱ་དགོས་པ་ཡིན། འོན་ཀྱང་ཁོ་བའི་ལག་ཏུ་ཡོད་པའི་ཡིག་ཆའི་ནང་ཨོ་ཡུ་རྒྱལ་གྱིས་བོད་མི་ཞིག་བག་མར་བླངས་པས་བུ་གསུམ་བྱུང་བ་ལས་རྒན་ཤོས་དེས་ཚོ་པའི་དཔོན་བྱས་པས་རྒྱལ་པོ་དམར་པོ་ཞེས་གྲགས་ཤིང་། དེ་པའི་གཅུང་པོ་གཉིས་ལ་རིམ་བཞིན་རྒྱལ་པོ་དཀར་པོ་དང་རྒྱལ་པོ་ནག་པོ་ཞེས་ཟེར་རོ། དཔྱད་ཡིག་ནང་རྒྱལ་པོ་དམར་པོ་ལས་མཆེད་པའི་ཧོར་ཚོ་སོ་དགུའི་རྒྱལ་རྒྱུད་རིམ་པར་བྱུང་ཚུལ་གསལ།(ཞར་བྱུང་དཔྱད་གཞི་དང་པོར་གཟིགས།)གུ་རོན་ཨོ་ལོན་ལ་ཚོ་པ་དེའི་དཔོན་གྱི་གོ་གནས་ཐོབ་རྗེས་དུས་ཡུན་རིང་པོ་མ་སོང་བར་ཁྱིམ་ཚང་དེའི་ཕོ་རྒོད་ཚོས་ཉེ་འཁོར་གྱི་འབྲོག་སྡེ་རྣམས་ཀྱང་རིམ་བཞིན་རང་འོག་ཏུ་བསྡུས་པ་དེ་ནི་ཧོར་ཚོ་སོ་དགུའི་ཐོག་མའི་ཆགས་རབས་ཡིན། འོན་ཀྱང་ཁོ་བོའི་དཔྱད་ཡིག་ཁྲོད་དུས་རབས་བཅུ་བཞི་པའི་སྐབས་ཚོ་པ་དེ་དག་ནི་ཚོ་དཔོན་ག་གེ་མོ་ཞིག་ལ་དབང་བ་ཙམ་ལས་མནའ་འབྲེལ་གྱི་ཚོ་པ་སོ་དགུའི་གནས་སྟངས་ལྟར་ཡོད་ཚུལ་ནི་མི་གསལ། དེར་བརྟེན་ཚོ་པ་སོ་དགུ་ནི་གློ་བུར་དུ་བྱུང་བ་ཞིག་མ་ཡིན་པར་རིམ་བཞིན་ཆགས་གྲུབ་བྱུང་བ་ཞིག་ཡིན་པར་གོར་མ་ཆག ཁོ་བོའི་དཔྱད་གཞི་ལྟར་ན། བྱང་སྤྱི་རྒྱལ་ཐོག་བརྒྱད་པའི་སྐབས་ཏེ། དུས་རབས་བཅུ་བདུན་པའི་ནང་ཁྱུང་པོ་སྟེང་ཆེན་གྱི་ཁུལ་དེ་ཐོག་མར་ཧོར་རྒྱལ་པོས་དབང་དུ་བསྡུས་པས་ཧོར་ཚོ་སོ་དགུ་གཅིག་གྱུར་བྱུང་ཡོད།༼༡༡༽ མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱས་གྱིས་སྤྱི་ལོ་༡༧༢༡ལོར་མཐའ་གཟིགས་ལ་བསྐྱོད་སྐོར་གྱི་ལོ་རྒྱུས་ནང་དུ་སྐབས་དེར་ཁྱུང་པོ་དང་“ཧོར་ཁག་བཞི།”ཞེས་ཡོད་ཚུལ་འཁོད་པ་ལས་གཞན་པ་ཡོད་ཚུལ་མི་གསལ་བས། དུས་རབས་བཅོ་བརྒྱད་པའི་སྐབས་སུ་ས་དེར་ཚོ་པ་བཞི་རང་ལས་སོ་དགུ་མེད་པར་མཚོན།༼༡༢༽ སྐབས་དེ་དུས་ཀྱི་ཁྱུང་པོ་དང་ཧོར་གཉིས་མཉམ་འབྲེལ་ཡིན་ཚུལ་ཡང་ཤིན་ཏུ་བརྗོད་དཀའོ། ལྷ་སར་ཡོད་པའི་ཨམ་བན་ནས་ཆིན་ཝང་(亲王)བསྟན་འཛིན་མཚོ་སྔོན་དུ་མངགས་ནས་སོག་པོའི་ཚོ་པར་རྒོལ་དུ་བཅུག་པ་དེ་ནི་ཆིང་སྲིད་གཞུང་གིས་ས་ཆ་དེའི་དབང་ཇུས་འཛིན་འགོ་བརྩམས་པ་ཞིག་ཡིན། ཉེ་འཁོར་གྱི་ཚོ་པ་རྣམས་ཀྱིས་ཧོར་ཚོའི་རྒྱལ་པོར་སྐྱབས་བཅོལ་དུ་ཡོང་དོན་ལས་ཚོ་པ་དེ་ལ་མཉམ་འབྲེལ་གྱི་བཙན་ཤུགས་ལྡན་པ་མངོན་ཞིང་། དེ་ནི་བེ་རི་སོགས་ཚོ་པ་དྲུག་གིས་ཧོར་ཚོའི་རྒྱལ་པོར་སྐྱབས་བཅོལ་བ་ལས་ཀྱང་ཤེས་ཐུབ།༼༡༣༽ འདིར་བརྗོད་པའི་བེ་རི་ནི་ཕལ་ཆེར་སི་ཏན་(སི་ཏན། ༡༩༥༩:༡༨༨)གྱིས་བཤད་པའི་“ཧོར་གྱི་ཚོ་པ་ཆེན་པོ་ལྔ།”ཞེས་པའི་ནང་གི་བེ་རི་ཞེས་པ་དེ་མ་ཡིན་པར་དེ་ནི་ཁམས་ཡུལ་གྱི་ཤར་ལྷོའི་ཕྱོགས་དང་སྐྱེ་རྒུ་མདོ་དང་དར་རྩེ་མདོའི་བར་དུ་ཆགས་པ་དེ་ཡིན། བེ་རི་རྫོང་དེ་བཞིན་སྤྱི་ལོ་༡༦༤༠ལོར་གུ་ཤི་ཧན་ནས་གཏོར་ཕམ་བཏང་ཞིང་། རྫོང་ཤུལ་དེ་སྤྱི་ལེ་བཅོ་བརྒྱད་ཀྱིས་ཆོད་པའི་དཀར་མཛེས་གྲོང་སྡེ་ནས་མཐོང་ཐུབ།
ཧོར་རྒྱལ་ཐོག་བཅུ་གཅིག་པ་ཁྲི་དཔོན་རྒྱལ་གྱི་དུས་སུ་ཨམ་བན་ཞེས་པའི་དཔོན་གནས་ཤིག་ཆིང་སྲིད་གཞུང་གིས་སྤྱི་ལོ་༡༧༢༨ལོར་ཐོག་མར་ལྷ་སར་བཙུགས་པ་དང་ཧོར་ཚོ་དེ་ཡང་ཨམ་བན་ནས་དམིགས་བསལ་དབང་བསྒྱུར་བྱ་ཡུལ་དུ་གྱུར། སྒྲིག་གཞི་དེ་སྤྱི་ལོ་༡༩༡༢བར་གནས་ཡོད། སྤྱི་ལོ་༡༧༢༨ནས་༡༩༡༢བར་གྱི་ཧོར་གྱི་ལོ་རྒྱུས་དུས་མཚམས་དེ་ལ་“རྒྱ་དུས་”ཞེས་བརྗོད་སྲོལ་ཡོད།༼༡༤༽ འོན་ཀྱང་ཧོར་རྒྱལ་པོའི་རྒྱུད་ནི་ཉམས་ཆགས་མེད་པར་གནས་པ་མ་ཟད། རྒྱ་ཨམ་བན་ཐབས་མཁས་ཀྱི་དབང་ལ་ཧོར་རྒྱལ་པོའི་དབང་ཐང་ལ་བརྩི་འཇོག་གང་འཚམ་བྱས་ཡོད། སྤྱི་ལོ་༡༩༠༥ལོར་རྒྱལ་ཐོག་བཅུ་དགུ་པ་ཚེ་དབང་ལྷ་རྒྱལ་གྱི་སྐབས་སུ་ཧོར་རྒྱལ་ཚང་ནང་ཁུལ་འཁྲུགས་ནས་རྒྱལ་པོ་དང་བཅས་པ་མི་ཚང་ཡོངས་རྫོགས་ལྔ་ལམ་དུ་བརྫངས་། མཐའ་མ་ཡ་ཐ་ཚོ་པའི་དཔོན་ཧོར་རྒྱལ་པོ་ཚང་གི་གཉེན་དུ་འགྲོ་བ་དེ་བསུས་ནས་རྒྱལ་ཁྲིར་བསྐོར་པས་རྒྱལ་རྒྱུད་མི་སྟོང་ཙམ་བྱུང་ནའང་ནང་ཁུལ་གྱི་འཁྲུག་གཞིའི་རྩ་བ་ཆོད་མེད།༼༡༥༽ ཧོར་རྒྱལ་པོའི་ནང་འཁྲུག་ལ་སོགས་པར་མན་ཇུའི་ཤུགས་རྐྱེན་ཕོག་དཀའ་ཞིང་། ནང་འཁྲུག་གི་མཁའ་ལ་འབུར་དུ་ཐོན་པའི་སྐར་མ་ནི་གར་གྱ་ཚང་ཡིན་པས། གཤམ་དུ་མི་ཚང་འདིའི་སྐོར་ཡང་གླེང་བར་བྱའོ།།
འཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
༼༡༽ ཁྱུང་པོའི་སྐོར་གྱི་ལོ་རྒྱུས་མདོར་བསྡུས་ཤིག《ཧོར་ཚོ་སོ་དགུའི་ལོ་རྒྱུས་མདོར་བསྡུས།》ཞེས་པའི་ཤོག་གྲངས་3-10བར་དང་ནག་རུ་ཚོ་པའི་སྐོར་ཤོག་གྲངས་181-199བར་གསལ།
༼༢༽༼༣༽《ཧོར་ཚོ་སོ་དགུའི་ལོ་རྒྱུས་མདོར་བསྡུས།》ཤོག་གྲངས་178,22
༼༤༽ ཁོ་ནོར་དང་བར་ནེ་ཐེ1997:གཡུང་དྲུང་རྒྱལ་བ།
༼༥༽༼༡༡༽ 《བོད་ལྗོངས་ནག་ཆུ་ས་ཁུལ་གྱི་རིག་གནས་ལོ་རྒྱུས།》དེབ་བདུན་པ།ཤོག་གྲངས་ 307-318,12-13
༼༦༽ དགོན་པ་འདིའི་སྐོར་རོབ་ཙམ་ཞིག་《 བོད་ལྗོངས་ནག་ཆུ་ས་ཁུལ་གྱི་རིག་གནས་ལོ་རྒྱུས།》དེབ་བདུན་པ། ཤོག་གྲངས། 436-445 ལ་གཟིགས།
༼༧༽ དགོན་པ་འདིའི་སྐོར།《བོད་ལྗོངས་ནག་ཆུ་ས་ཁུལ་གྱི་རིག་གནས་ལོ་རྒྱུས།》ཤོག་གྲངས་455-463དང་ཤར་རུའི་(རིའི་)སྐོར་ཁོ་བོས་བྲིས་པའི་1998:125ལ་གཟིགས།
༼༨༽༼༡༠༽ འཇིགས་མེད་རིག་པའི་རྡོ་རྗེ། 《ཧོར་གྱི་ཆོས་འབྱུང་།》ཤོག་གྲངས་7,10-11
༼༩༽ ཐོག་ཐིག་མུར་《བོད་ལྗོངས་ནག་ཆུ་ས་ཁུལ་གྱི་རིག་གནས་ལོ་རྒྱུས།》དེབ་བདུན་པའི་ཤོག་གྲངས་11,ཐོག་ཐིག་མུར་1329-1332 (Petech 1990:143)ཚལ་པ་ཀུན་དགའ་རྡོ་རྗེའི་《དེབ་ཐེར་དམར་པོ་》ཤོག་གྲངས་522དང་531.འཇིགས་མེད་རྡོ་རྗེའི་ 《ཧོར་གྱི་ཆོས་འབྱུང་།》ཤོག་གྲངས་31བཅས་ལ་གཟིགས་པར་འཚལ།
༼༡༢༽༼༡༣༽༼༡༤༽༼༡༥༽ མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། 《མི་དབང་རྟོགས་བརྗོད།》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1981ལོ། ཤོག་གྲངས་468-471,15,21,22,27,28,-33
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2789
ཉེ་མཆན།