ངའི་སྙིང་གི་བཟའ་ཟླ་ལགས།ཚེ་འདིར་ཁྱེད་དང་ཕྲད་ནས་སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་དང་སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་བྱས་ནས་མི་ཚེའི་གཏན་གྲོགས་སུ་གྱུར་བ་ནི་ངས་ཚེ་རབས་སྔོན་མར་བསགས་པའི་ཚོགས་དང་བཏབ་པའི་སྨོན་ལམ་གྱི་མཐུ་ལས་སྒྲུབ་པ་ཡིན་ཤས་ཆེ།

 

ཁྱེད་ནི་བུ་མོ་སྙེམས་ཆུང་ཞིག་རེད། ཁྱེད་ཀྱི་ལུས་ཐོག་ནས་གྲོང་ཁྱེར་བུ་མོའི་ང་རྒྱལ་དང་སྤོབས་པ་ཡེ་ནས་མཐོང་རྒྱུ་མེད།  དེ་ནི་ང་རང་ཆེས་ཐོག་མར་ཁྱེད་ལ་སེམས་པ་ཤོར་བའི་རྒྱུ་མཚན་དེ་ཡིན།  རིམ་བཞིན་རིམ་བཞིན་གཤིབ་གཤིབ་པའི་མཐར་ཁྱེད་ཀྱིས་བརྩེ་དུང་ཞིག་ལ་བཟུང་བའི་རྣམ་འགྱུར་དང་ལྷག་བསམ་དེས་ང་རང་རྦད་དེ་ཡི་རང་ངོ་།། ཁྱེད་ཀྱིས་ཤེས་བྱ་དང་རྒྱུ་དངོས་གཉིས་ཀྱིས་དབུལ་བའི་ང་དང་མཉམ་དུ་ལྷག་བསམ་དྭངས་མས་འཛོམས་པ་དཀོན་ཞིང་བྲལ་བ་མང་བའི་བརྩེ་དུང་དེ་དང་ལེན་བྱས་པར་ཁོ་བོའི་སེམས་ནང་དུས་རྟག་ཏུ་དགའ་བ་སྒོམ་བཞིན་ཡོད།དུས་རྒྱུན་ངའི་སྐད་ཆ་ཆུང་ཆུང་ཞིག་གིས་ཁྱེད་ཀྱི་སེམས་ལ་རྨ་ཁ་ཆེན་པོ་ཞིག་བཟོ་བ་དེ་ནི་བརྩེ་དུང་ཞིག་གི་བདེན་རྟགས་རེད།ཁྱེད་ཀྱིས་ང་ལ་བཅངས་པའི་བརྩེ་དུང་རྣལ་མ་དེའི་མཚོན་རྟགས་རེད།ཡང་ངས་སྣང་མེད་དུ་བཤད་པའི་སྐད་ཆ་ཞིག་གིས་ཁྱེད་རང་ཉིན་གང་མ་སྐྱིད་པ་བཟོས་པ་ནི་ཁྱེད་རླུང་ལངས་པོ་ཡོད་པ་མ་ཡིན་ཏེ། དེ་ནི་བུ་མོ་ཞིག་གིས་བརྩེ་དུང་ཕྱིར་མངོན་པའི་ངོས་གཞན་ཞིག་རེད། དབྱར་ཁ་ཆར་པའི་དཀྱིལ་ལ་ངས་ཁྱེད་ལ་ཆར་གདུགས་ཤིག་སྐྱེལ་མ་ཐུབ་ལ་དགུན་ཁ་ཁ་བའི་ཀློང་དུ་ངས་ཁྱེད་ལ་ཚ་སོབ་སོབ་ཀྱི་འཐམ་འཁྱུད་ཅིག་ཀྱང་སྦྱིན་མ་ཐུབ།དེ་ལས་ལྡོག་སྟེ་ཉིན་ལྟར་ཁ་པར་ནས་ཁྱེད་ཀྱི་བདེ་སྡུག་གླེང་བཞིན་མ་འོངས་པའི་ལམ་ཁ་ཁ་པར་གྱི་ངོ་ཤེལ་དུ་འགོད་རྒྱུ་ལས་མ་འདས།བཀའ་དྲིན་ཆེ་བྱུང་།སྙིང་གི་བཟའ་ཟླ་ལགས།ཁྱེད་ལ་ལུས་སེམས་ཀྱི་ངལ་བ་ཅི་བྱུང་ཡང་འཁང་ར་ཡེ་ནས་མེད་པར་བསམ་ཤེས་ཀྱིས་སྔོན་དུ་སོང་ནས་ཁྱིམ་གྱི་བྱ་བ་ཆེ་ཆུང་ཡོད་དོ་ཅོག་ལ་ཁྱེད་ཀྱིས་སེམས་ཁྲལ་ཁུར་བར་བཀའ་དྲིན་ཆེ་བྱུང་།

 

བྱེས་མའི་བརྩེ་དུང་།མངར་ལ་སྐྱུར་བའི་བྱེས་མའི་བརྩེ་དུང་།བརྩེ་དུང་རྣལ་མ་ཞིག་མཚོན་པའི་རྡོ་རིང་གསོན་པོ་ཞིག   བཀའ་དྲིན་ཆེ་བྱུང་།བར་ཐག  ལུས་པོ་རི་ཆུས་བཅད་ཀྱང་སེམས་པས་ལ་མོ་བརྒལ་ཡོད།ལས་ཀྱི་བཀོད་པའི་བཟའ་ཟླ་ལགས།ངའི་སེམས་པའི་པར་སྒྲོམ་ནང་བརྐོས་པའི་བུ་མོ་ལགས།  ཁོ་བོས་ཁམས་ནས་སྐྱིད་ཆུའི་ཁ་ལ་སྤྲིངས་པའི་སེམས་པ་དེ་ཁྱེད་ཀྱིས་མཐོང་བྱུང་ངམ།ཐོས་བྱུང་ངམ།

 

ཆུ་སྤགས་ཚེ་རིང་ཆོས་གྲགས་ནས།

 

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2786