མཆན་ལ། ཁ་གཅིག་གིས་དུས་ཚོད་ཀྱི་ཆ་ནས་ཅུང་ཟད་ནོར་ཡོད་འདུག་བཤད། དཔྱོད་ལྡན་ཀུན་གྱིས་བརྟག་པར་དཔྱད།
རྗེ་བློ་བཟང་གྲགས་པ།
སྐུ་བལྟམས་ཡུལ་དང་ཡབ་ཡུམ་གྱི་མཚན། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ནི་རབ་བྱུང་དྲུག་པའི་མེ་བྱ་སྤྱི་ལོ ༡༣༥༧ ལོར་མདོ་སྨད་ཀྱི་ས་ཆའི་ཤར་ཙོང་ཁའི་ཡུལ(དེང་སང་མཚོ་སྔོན་ཞིང་ཆེན་ཁོངས་སྐུ་འབུམ་དགོན་པ་ཆགས་ཡུལ་དེར་ཡིན་འདུག)ཞེས་པར་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་ཡུམ་ཤིང་བཟའ་ཨ་ཆོས་གཉིས་གྱི་སྲས་སུ་སྐུ་བལྟམས།
སློབ་དཔོན་བསྟེན་ཚུལ། དགུང་ལོ་གསུམ་པར་ཀརྨ་པ་རོལ་པའི་རྡོ་རྗེ་ལས་དགེ་བསྙེན་བསྒྲུབས། མཚན་ལ་ཀུན་དགའ་སྙིང་པོ་བསྩལ། དགུང་ལོ་བདུན་པར་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་མཁན་པོ་དང་། ཀོའུ་བ་གཞོན་ནུ་བྱང་ཆུབ་ཀྱིས་སློབ་དཔོན་མཛད་དེ། དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ལ་བློ་བཟང་གྲགས་པ་ཞེས་གསོལ། དགུང་ལོ་བཅུ་བདུན་པར་དབུས་སུ་བྱོན། རྗེ་རེད་མདའ་བ་སོགས་བཤེས་གཉེན་མང་པོ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་བྱང་ཆུབ་པར་སྦྱངས། དགུང་ལོ་ཉེར་བཞི་པར་དཀའ་བཞི་ཚུལ་ཁྲིམས་རིན་ཆེན་ལས་བསྙེན་པར་རྫོགས།
མཛད་རྗེས་གཙོ་ཆེ་བ། དགུང་ལོ་སོ་དྲུག་པར་འཁོར་དག་པ་རྣམ་བརྒྱད་ལྷན་སྐྱོར་མོ་ལུང་ནས་འོལ་ཁར་ཕེབས། སྒྲུབ་པ་གཙོ་བོ་མཛད། མདོ་རྒྱུད་བསྟན་བཅོས་མ་ལུས་འཆད་རྩོད་རྩོམ་གསུམ་གྱི་ལམ་ནས་བཟུང་། དགུང་ལོ་སོ་བདུན་པར་འོལ་ཁའི་རྫིང་ཕྱིའི་བྱམས་པ་རྟེན་དང་བརྟེན་པ་ཞིག་གསོས་གནང། དགུང་ལོ་སོ་དགུ་བར་གཉལ་གྱི་ལུང་རར་ཆོས་འཁོར་བསྐོར། དགུང་ལོ་ཞེ་བརྒྱད་པར་སྔགས་རིམ་ཆེན་མོ་བརྩམས། དགུང་ལོང་གཅིག་པར་གོང་མ་ཡུང་ལོ་རྒྱལ་པོས་འཇའ་ས་དང་། གསེར་ཡིག་ཕྱག་རྟེན་བཅས་དང་བཅས་ཕུལ་ཏེ། ལན་གསུམ་བར་དུ་གདན་དྲངས་ཀྱང་མ་ཕེབས། དགུང་ལོ་ང་གཉིས་པར་ལྷ་སར་ཆོ་འཕྲུལ་ཆེན་པོའི་སྨོན་ལམ་བཙུགས། དགུང་ལོ་ང་གསུམ་པ་སྤྱི་ལོ ༡༣༠༤ལོར་དགའ་ལྡན་དགོན་པ་བཏབ། དགུང་ལོ་ང་དགུ་བར་དགའ་ལྡན་དུ་སྟག་རྩེའི་སྒྲུབ་མཆོད་སྤེལ། མཛད་ཆེན་རྣམ་བཞི་ད་བར་མ་ཉམས་པར་གནས་ལ། དགེ་ལྡན་གྲུབ་མཐའི་སྲོལ་བཏོད་པ་དང་། དགའ་ལྡན་ཁྲི་རབས་དང་པོའང་ཡིན།
སློབ་མ་གྲགས་ཆེ་བ། སློབ་མ་གྲགས་ཆེ་བ་ནི་རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་། རྗེ་དགེ་འདུན་གྲུབ་པ། འདུལ་འཛིན་གྲགས་པ་རྒྱལ་མཚན། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས། རྗེ་ཤེས་རབ་སེང་གེ། རྒྱུད་ཆེན་ཀུན་དགའ་དོན་གྲུབ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་སོགས་མང།
གསུང་རྩོམ། གསུང་རྩོམ་ནི་བྱང་ཆུབ་ལམ་རིམ་དང་། ལེགས་བཤད་གསེར་ཕྲེང་། རིམ་ལྔ་གསལ་སྒྲོན་སོགས་པོད་བཅོ་བརྒྱད་བཞུགས།
མཚན་གཞན། ཀུན་དགའ་སྙིང་པོ། རྗེ་བློ་བཟང་གྲགས་པ། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། བློ་བཟང་གྲགས་པ།
སངས་རྒྱས་པ། རབ་བྱུང་བདུན་པའི་ས་ཕག ༡༤༡༩ ཟླ་བཅུ་པའི་ཚེས་ཉི་ཤུ་ལྔ་ཉིན་སྔ་དྲོ་ཉི་དྲོད་ཙམ་ལ་གཟིམ་ཁང་འོད་གསལ་སྦུག་ཏུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་གཤིགས།
རྒྱལ་ཚབ་དར་མ་རིན་ཆེན།
སྐུ་བལྟམས་ཡུལ་དང་ཡབ་ཡུམ་གྱི་མཚན། རྒྱལ་ཚབ་དར་མ་རིན་ཆེན་ནི་རབ་བྱུང་དྲུག་པའི་ཤིང་འབྲུག་སྤྱི་ལོ ༡༣༦༤ ལོར་ཡབ་བློན་པོ་རྦའི་རིགས་རྒྱུད་རྟ་དཔོན་པ་དང་། ཡུམ་ཇོ་མོ་ཤེས་རབ་མ་གཉིས་ཀྱི་སྲས་སུ་གཙང་ཉང་སྟོད་ཀྱི་ཡུལ་དུ་སྐུ་བལྟམས།
སློབ་དཔོན་བསྟེན་ཚུལ། དགུང་ལོ་བཅུ་བར་གནས་རྙིང་དུ་མཁན་ཆེན་རིན་ཆེན་རྒྱལ་མཚན་གྱི་དྲུང་དུ་རབ་ཏུ་བྱུང་། མཚན་དར་མ་རིན་ཆེན་དུ་གསོལ། དེ་ནས་སློབ་དཔོན་དཔལ་མགོན་པའི་དྲུང་དུ་ཡི་གེ་འབྲི་ཀློག་ཕུལ་དུ་ཕྱིན་པར་བསླབས། བཀའ་བཞི་བ་རིན་ཆེན་རྡོ་རྗེ་དང་། རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་སོགས་མཁན་ཆེན་དུ་མ་སྤྱི་བོར་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། ལྷག་པར་དུ་རྗེ་བཙུན་རེད་མདའ་བ་ལས་ཕར་ཕྱིན་དང་། ཚད་མ། འདུལ་བ། མངོན་པ། དབུ་མ་སོགས་མདོ་ཕྱོགས་ཀྱི་གཞུང་རྣམས་དང་། གསུང་འདུས་སོགས་གསང་སྔགས་ཀྱི་གཞུང་ཕལ་ཆེ་བ་གསན་སྦྱོང་གནང་སྟེ་རེད་མདའ་བའི་ཐུགས་སྲས་རབ་འབྱམས་པ་བདུན་གྱི་ནང་ཚན་རྩོལ་བཟང་མཆོག་གྱུར་གྱི་མཚན་ཡང་ཐོགས། དེ་ནས་འཇམ་མགོན་བླ་མའི་གྲགས་པ་གསན་པས་རྩོད་པ་མཛད་པར་གཉལ་གྱི་ར་གྲོང་དུ་བྱོན་པས་རྗེ་བདག་ཉིད་ཆེན་པོའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་ཤིན་ཏུ་དད་དེ་སློབ་མའི་གཙོ་བོར་གྱུར། ལོ་བཅུ་གཉིས་བར་དུ་རྗེ་རིན་པོ་ཆེའི་ཞབས་ཕྱིར་རྒྱུན་མཐུད་ནས་དགའ་ལྡན་གསར་བཞེངས་ཀྱི་མཁར་ལས་ཀྱང་བསྒྲུབས། རྗེའི་ཆོས་གསུངས་ཚད་གསན། གསན་ཚད་བཟུང་། བཟུང་ཚད་བརྗེད་དུ་མ་བཅུག་པར་མདོ་སྔགས་མཐའ་དག་ལ་ཐོགས་པ་མེད་པའི་མཁྱེན་པས་མཁས་པ་རྣམས་ལེགས་བཤད་ཀྱིས་ཡིད་འཕྲོག་པར་མཛད།
མཛད་རྗེས་གཙོ་ཆེ་བ། ས་སྐྱ་དང་གསང་ཕུ། རྩེ་ཐང་བཅས་སུ་པོ་ཏི་དཀའ་བ་བཅུའི་གྲྭ་སྐོར་གནང་། རོང་སྟོན་ཤཱཀྱ་རྒྱལ་མཚན་དང་། མཁས་ཆེན་གཡག་པ་སོགས་ས་སྐྱའི་མཁས་ཆེན་རྣམས་དང་རྩོད་གླེང་ལེགས་པར་མཛད་དེ་མཁས་པའི་གྲགས་པ་ཐོབ་ཅིང་། དཀའ་བཅུ་པའི་མིང་རྟགས་བླངས། ཁོང་དགུང་ལོ་ང་དྲུག་ཏུ་ཕེབས་པ་ས་ཕག་སྤྱི་ལོ ༡༤༡༩ ལོར་ཙོང་ཁ་པ་འདས་ནས། ཙོང་ཁ་པའི་ཚབ་ཏུ་དགའ་ལྡན་གསེར་ཁྲིར་བཞུགས། དེ་ནས་བཟུང་ཁོང་ལ་རྒྱལ་ཚབ་ཅེས་པའི་མིང་ཐོབ། གདན་ས་ལོ་བཅུ་གཅིག་འཛིན་ཅིང་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ཁོ་ན་མཛད། དེ་ནས་མཁས་གྲུབ་དགེ་ལེགས་དཔལ་བཟང་གདན་སར་བཀོད་དེ་ཟུར་བཞུགས་མཛད།
སློབ་མ་གྲགས་ཆེ་བ། གསུང་ལས་སྐྱེས་པའི་སློབ་མ་མཁས་པ་རཏཱ་བཀྲ་ཤིས་དང་། བྱམས་པ་གླིང་བ། རིན་ཆེན་དཔལ། འདུལ་དཀར་བ་གྲགས་པ་དཔལ་ལྡན། བློ་གྲོས་མགོན་པོ། གླིང་སྨད་ཡོན་རྒྱམ་པ་ཆེན་པོ་རིན་བྱང་བ། འདུན་འཛིན་བསམ་འཕེལ་བ། སངས་རྒྱས་བཟང་པོ། བློ་བརྟན་པ། དཔལ་ལྡན་བཟང་པོ་སོགས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཤིན་ཏུ་མང་པོ་བྱུང་།
གསུང་རྩོམ། 《རྣམ་འགྲེལ་གྱི་རྣམ་བཤད་ཐར་ལམ་གསལ་བྱེད》དང《རྣམ་ངེས་དགོངས་པ་རབ་གསལ》《རིགས་ཐིགས་ཀྱི་ཊཱིཀྐ་རིན་པོ་ཆེའི་གཏེར་མཛོད》《ཚད་མདོའི་མཐར་འཛིན་གདུང་སེལ》《ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དོན་གསལ་བའི་རྣམ་བཤད་སྙིང་བོ》《དབུ་མ་རིན་ཆེན་ཕྲེང་བའི་རྣམ་བཤད་སྙིང་པོའི་དོན་གསལ་བ》ལ་སོགས་པའི་གཞུང་ཆེན་མང་པོའི་འགྲེལ་བ་དང་། གསང་འདུས་དང་། དུས་འཁོར་སོགས་ཀྱི་བཀའ་རྩོམ་གཅིག་ཏུ་བསྒྲིལ་བ་པོད་ཆེན་བརྒྱད་བཞུགས་པ་བཅས་སོ། །
མཚན་གཞན། རྩོལ་བཟང་མཆོག་གྱུར། རྒྱལ་ཚབ་དར་མ་རིན་ཆེན། དཀའ་བཅུ་པ་རྒྱལ་ཚབ་དར་མ་རིན་ཆེན།
སངས་རྒྱས་པ། དགུང་ལོ་རེ་དགུ་ལ་ཕེབས་པ་རབ་བྱུང་བདུན་པའི་ཆུ་བྱི་སྤྱི་ལོ ༡༤༣༢ ལོའི་བོད་ཟླ་ལྔ་བར་རྩེ་པོ་ཏ་ལར་དགོངས་པ་ཆོས་དབྱིངས་སུ་གཤེགས།
མཁས་གྲུབ་དགེ་ལེགས་དཔལ་བཟང་།
སྐུ་བལྟམས་ཡུལ་དང་ཡབ་ཡུམ་གྱི་མཚན། མཁས་གྲུབ་ཐམས་ཅད་མཁྱེན་པ་ནི། རབ་བྱུང་དྲུག་པའི་ཤིང་གླང་སྤྱི་ལོ ༡༣༨༥ ལོར་ལི་ཡུལ་ལྕང་ར་སྨུག་པོ་ནས་འོངས་པའི་སེའི་རིགས་ཀྱི་བརྒྱུད་པ་ཡབ་ཀུན་དགའ་བཀྲ་ཤིས་དཔལ་བཟང་དང་། ཡུམ་བུ་འདྲེན་རྒྱལ་མོ་གཉིས་ཀྱི་སྲས་སུ་གཙང་ལ་སྟོད་ཆུ་འོག་ཏུ་སྐུ་བལྟམས།
སློབ་དཔོན་བསྟེན་ཚུལ། སྐུ་ན་ཆུང་ངུའི་དུས་ནས་ཐ་མལ་བའི་སྤྱོད་པ་ལས་རིང་དུ་འདས་ཤིང་། རིག་པའི་གནས་ཀྱི་གཞུང་གང་དང་ཅི་ལ་གསན་བསམ་མཛད་རྒྱུའི་དད་བརྩོན་ཤུགས་ཆེན་པོས་དྲངས་ཏེ་ངམ་རིང་དང་ས་སྐྱ་སོགས་སུ་ཕེབས་ནས་མཁས་ཆེན་མང་པོའི་ཞབས་ལ་གཏུགས་ཏེ་མཁྱེན་རབ་ཀྱི་རྩལ་དང་ལྡན་པར་གྱུར་པས་ཀུན་གྱི་ཡིད་ཕྲོགས་པར་གྱུར། དེ་ནས་མཁས་གྲུབ་སེང་གེ་རྒྱལ་མཚན་དཔལ་བཟང་པོའི་དྲུང་ནས་རབ་ཏུ་བྱུང་ཞིང་། མཚན་ལ་མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་ཞེས་གསོལ། དགུང་ལོ་ཉེར་གཅིག་པ་རབ་བྱུང་བདུན་པའི་ཤིང་བྱ་སྤྱི་ལོ ༡༤༠༥ ལོར་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་མཁན་པོ་དང་། རྗེ་དཔལ་འབྱོར་ཤེས་རབ་ཀྱིས་ལས་སློབ། མཉམ་མེད་བློ་གྲོས་མཚུངས་མེད་ཀྱིས་གསང་སྟོད་མཛད་ནས་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་ཡང་དག་པར་བཞེས། དགུང་ལོ་ཉེར་གསུམ་པ་མེ་ཕག་སྤྱི་ལོ ༡༤༠༧ ལོར་མཉམ་མེད་ཙོང་ཁ་པ་ཆེན་པོ་དང་མཇལ། དེ་ནས་དགུང་ལོ་སོ་ལྔ་རིང་ཕལ་ཆེར་བཅར་བཞུགས་ཀྱིས་མཚན་མོ་ཚུན་དབུ་སྔས་སྦྲེལ་ཏེ་མདོ་རྒྱུད་མན་ངག་གི་གདམས་པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་མནོས་པས། མཁས་བཙུན་བཟང་གྲུབ་དང་འཆད་རྩོད་རྩོམ་པའི་ཡོན་ཏན་གྱི་གཏེར་དུ་གྱུར། རྗེ་ཙོང་ཁ་པ་ཆེན་པོས་ཀྱང་འཕྲིན་ཡིག་ཚིགས་བཅད་མའི་མཇུག་ཏུ། བསྟན་པའི་རྩ་ལག་དམ་པ་སྡོམ་བརྩོན་ཆེན་པོ་བཀའ་བཅུ་བ་དགེ་ལེགས་དཔལ་བ་ཞེས་ཆེད་བསྔགས་མཛད་ཅིང་ནང་ཐུགས་ཀྱི་སྲས་གཅིག་པུར་གྱུར། གཞན་རྒྱལ་ཚབ་རིན་པོ་ཆེ་དར་མ་རིན་ཆེན་དང་། འདུལ་འཛིན་འཇམ་དཀར་པ་སོགས་ལས་ཟབ་ཆོས་མང་དུ་གསན།
མཛད་རྗེས་གཙོ་ཆེ་བ། གཙང་ཕྱོགས་སུ་ཕེབས་ནས། བདག་པོ་རབ་བརྟན་པ་དང་མཆོད་ཡོན་དུ་འབྲེལ་ནས་རྒྱལ་རྩེ་དཔལ་འཁོར་བདེ་ཆེན་ཆོས་སྡེ་བཏབ་ཅིང་དགེ་ལུགས་ཀྱི་གྲྭ་ཚང་མང་དུ་བཙུགས་ཏེ་འཇམ་མགོན་བསྟན་པའི་སྣང་བྱེད་དམ་པར་བཞེངས། དེ་ནས་རི་བོ་མདངས་ཅན་དུ་བྱོན་ཏེ་ཐུགས་དམ་མཉམ་བཞེས་ལ་བརྩོན་པ་དང་། སྐལ་ལྡན་གྱི་བུ་སློབ་མང་པོར་ཆོས་ཀྱི་བགོ་བཤའ་འགྱེད་པ་དང་། དགུང་ལོ་ཞེ་བདུན་པ་ལྕགས་ཕག་སྤྱི་ལོ ༡༤༡༣ ལོར་དགའ་ལྡན་གསེར་ཁྲིར་མངའ་གསོལ་ཏེ་གསེར་ཏོག་ཅོད་པན་འཆང་པའི་མཁས་གྲུབ་རྒྱ་མཚོའི་དབུས་སུ། དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་བཤད་པའི་ཤིང་རྟའི་སྲོལ་ཆེན་པོ་ལེགས་པར་ཕྱེ་ནས། རྗེ་ཐམས་ཅད་མཁྱེན་པའི་དབུ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་ཆ་ཐམས་ཅད་ནས་གངས་ཅན་བོད་ནས་ཤར་རྒྱ་མཚོ་ལ་ཐུག་གི་བར་དུ་ཁྱབ་གདལ་དུ་སྤེལ་པའི་ཕྱག་རྗེས་ཁྱད་པར་ཅན་བསྐྲུན།
སློབ་མ་གྲགས་ཆེ་བ། ཆོས་རྗེ་བློ་གྲོས་ཆོས་སྐྱོང་དང་། ཞ་ལུ་ལེགས་པ་རྒྱལ་མཚན། རྗེ་ཤེས་རབ་སེང་གེ། མཁས་ཆེན་བསོད་ནམས་མཆོག་གྲུབ། ཀུན་མཁྱེན་འཕགས་པ་འོད། སྤྱན་སྔ་པ་བློ་གྲོས་རྒྱལ་མཚན། ཞང་ཞུང་པ་ཆོས་དབང་གྲགས་པ་སོགས་མཁས་མཆོག་གྲངས་ལས་འདས་པ་བྱུང་།
གསུང་རྩོམ། 《འགྲེལ་བ་དོན་གསལ་གྱི་རྣམ་བཤད་རྟོགས་དཀའི་སྣང་བ》དང《དབུ་མའི་རྣམ་བཤད་སྟོང་ཐུན་སྐལ་བཟང་མིག་འབྱེད》དང་། 《ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ》ལ་སོགས་པ་གངས་ཅན་གྱི་མཁས་པ་གཞན་གྱིས་སྒྲུན་དུ་མེད་པའི་བསྟན་བཅོས་པོད་དགུ་བརྩམས།
མཚན་གཞན། བཀའ་བཅུ་བ་དགེ་ལེགས་དཔལ་བ། མཁས་གྲུབ་དགེ་ལེགས་དཔལ་བཟང་།
སངས་རྒྱས་པ། དགུང་ལོ་ང་བཞི་བ་ས་རྟ་སྤྱི་ལོ ༡༤༣༨ ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2775
ཉེ་མཆན།