དམངས་ལ་དཔྱོད་ཤེས་མེད་ན་དགོན་བདག་ཤེས་མེད་ངང་གིས་འཕེལ།
ཁྱུང་པོ་བདེན་འཚོལ།
དགོན་པ་དེ་དམ་པའི་ཆོས་ཀྱི་ལྟེ་གནས་ངོ་མ་ཞིག་དང་རིག་གནས་སློབ་སའི་ཁོར་ཡུག་ཅིག་ཏུ་འགྱུར་མིན་ནི་མི་དམངས་ཀྱི་གོ་རྟོགས་དང་དབུ་ཁྲིད་བཟང་ངན་ལ་འབྲེལ་བ་ཧ་ཅང་ཆེ།
ཤེས་ཡོན་དང་འཇོན་ཐང་ལྷག་བསམ་བཅས་གང་གིས་ཀྱང་མི་དབུལ་བའི་དབུ་ཁྲིད་ཅིག་ཡོད་པ་ནི་འདུས་དམངས་ཀྱི་ལས་བསོད་རེད། དེ་ལ་རྒྱབ་སྐྱོར་གྱི་ཚུལ་དུ་བསམ་པ་གཅིག་མཐུན་ནུས་ཤུགས་གཅིག་སྒྲིལ་བྱེད་པ་ནི་ཚོགས་སྡེ་དེ་ཉིད་ལེགས་ལམ་དུ་འགྲོ་བའི་ཉེ་རྒྱུ་ཡིན།
ལམ་ལུགས་སྲོལ་ཙམ་ཞིག་གི་ཐོག་ནས་མུན་ནག་མདའ་འཕེན་ལྟ་བུའི་དབུ་ཁྲིད་བསྐོ་བཞག་བྱས་པའི་ནག་ཉེས་ཀྱིས་བོད་ཀྱི་དགོན་སྡེ་ཕལ་མོ་ཆེར་བཤད་སྒྲུབ་ཀྱི་སྡེ་མ་ཚུགས་པ་དང་ཆོས་མིན་སྲིད་མིན་གྱི་འཁྲབ་སྟོན་ཁང་ལྟ་བུར་གྱུར་འདུག་པ་ནི་ངོ་མ་སྐྱོ།
དགོན་པ་ཞེས་པ་ཞིག་འཇིག་རྟེན་གྱི་ཁམས་ཆེན་མོ་འདིར་ཡོད་པའི་དགོས་པ་ནི་གྲྭ་བཙུན་ཚོར་བསླབ་གསུམ་གྱི་ཉམས་ལེན་དང་ཁྱིམ་པ་ཚོར་སེམས་ཀྱི་བདེ་སྐྱིད་རེ་འབྱུང་བའི་ཆེད་ཡིན་པ་ལས་དགོན་བདག་ཚོ་ཕྱུག་པོར་ཆགས་པའི་ཆེད་དུ་མིན།
གནད་དོན་འདི་དག་ནི་དགོན་དཔོན་གྱིས་ཤེས་དགོས་ལ་གྲྭ་བཙུན་དཀྱུས་མ་ཚོས་ཤེས་དགོས། ཆོས་དད་མང་ཚོགས་རྣམས་ཀྱིས་དེ་བས་ཀྱང་ཤེས་དགོས། དེང་སང་སྡེ་དགོན་གང་ལ་ཡང་ཕན་མི་ཐོགས་པའི་བླ་སྤྲུལ་མཁན་གསུམ་མང་དག་ཅིག་སྤྱི་ཚོགས་སུ་ཐོན་དང་ཐོན་བཞིན་པ་འདི་དག་ནི་རང་གཞན་ཀུན་ལ་བཟང་ངན་དབྱེ་འབྱེད་བྱེད་པའི་ཤེས་རབ་ཟབ་མོ་ཞིག་མེད་སོང་བས་ཡིན།
སྤྲུལ་སྐུའི་ལམ་ལུགས་རུལ་སུངས་ཅན་དུ་གྱུར་པ་བཞིན་མཁན་པོ་དང་དགེ་བཤེས་གཏོང་བའི་ལམ་ལུགས་དེའང་ལོག་ལམ་དུ་འཁྱར་བའི་ཉེན་ཁ་ཆེ་བས་ས་གནས་སོ་སོའི་སློབ་གླིང་དག་གིས་སློབ་ཡུན་སྲིང་བ་དང་རྒྱུགས་སྤྲོད་དོ་དམ་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་གནད་དམ་པ་ཞིག་ཏུ་མཐོང་།
དབང་བསྐུར་བ་ནི་རྒྱུད་ཉན་བཤད་སོགས་ལ་དབང་བར་བྱེད་པའམ་དབང་ལུང་མན་ངག་གིས་རང་རྒྱུད་སྨིན་ནས་གཞན་རྒྱུད་གྲོལ་བར་བྱེད་པའི་ཐབས་ཤིག་ཡིན་པ་ལས་བླ་སྤྲུལ་མཁན་གསུམ་གྱི་མིང་ཐོབ་པ་ཙམ་གྱིས་ལས་དེ་བྱེད་ཆོག་ཆོག་ཅིག་དང་དཔལ་འབྱོར་དོན་དུ་གཉེར་བྱེད་ཙམ་ཞིག་མིན་པས་ཐོག་མར་ཐོས་བསམ་གྱི་སྒོ་ནས་མདོ་སྔགས་གཉིས་ཀྱི་དོན་གོ་ཞིང་བསྙེན་སོགས་ཀྱིས་ལས་རུང་དུ་བྱེད། དེ་ནས་གཞན་ལས་ལྷག་པའི་ཉམས་རྟོགས་ཤིག་ནམ་སྐྱེས་པ་ན་ཞི་རྒྱས་དབང་དྲག་དང་དབང་བསྐུར་གྱི་ལས་ལ་ཞུགས་ན་ཧ་ཅང་འཚམ་མོ། །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2770
ཉེ་མཆན།