བྱིས་དུས་ཀྱི་རྫི་རོགས།

འབའ་བ་བློ་བཟང་མགོན་པོ།


རྫི་བོའི་འཚོ་བ་ནི་བདག་ལ་མཚོན་ན་ནམ་ཡང་བརྗེད་ཐབས་བྲལ་བའི་བྱིས་དུས་འཚོ་བ་ཞིག་རེད། ཁོ་བོ་ལ་བག་ཆགས་ཧ་ཅང་ཟབ་མོ་བཞག་སོང་། དེ་དུས་ང་ཚོ་ཁྱིམ་ལ་ར་དང་ལུག། ནོར་ནག་དང་བ་མོ། མཛོ་དང་མཛོ་མོ། རྟ་དང་དྲེའུ་སོགས་མང་པོ་ཡོད།
ཕོ་ལོ་བརྒྱད་ནས་བཟུང་ང་རང་ངའི་རྫི་རོགས་སོགས་དང་མཉམ་དུ་རྫི་བོ་བྱེད་པ་ཡིན། ངའི་རྫི་རོགས་རྣམས་ཀྱི་མིང་ང་རང་ད་རུང་གསལ་པོ་དྲན་ཐུབ། སྙན་གྲགས་དང་ཚུལ་ཁྲིམས། བྱང་ཆུབ་སྒྲོལ་མ། བྱང་ཆུབ་དབང་མོ། སྐལ་བཟང་ཚེ་རིང་སོགས་ནི་ངའི་རྫི་རོགས་རྣམས་རེད། སྐལ་བཟང་ཚེ་རིང་ནི་ང་ཚོའི་ནང་ལོ་ཆེས་ཆེ་ཤོས་དང་དབང་པོ་སྐྱོན་ཅན་གྱི་རྫི་རོགས་ཁྱད་པར་ཅན་ཞིག་རེད། ང་ཚོ་ནམ་རྒྱུན་ཕ་ཡུལ་གྱི་ཆུ་དཀར་རྫ་གདན་དང་རྗེ་སྒོ་རྩྭ་ར། དར་ཚེར་སྟེང་སོགས་རི་ལ་ནོར་ལུག་འཚོ་འགྲོ་དགོས།
ནམ་རྒྱུན་ངའི་རྫི་རོགས་ཚོ་དང་མཉམ་དུ་ཕྱུགས་དེད་སའི་ལམ་རྒྱ་ཇེ་ཆེ་གཏོང་བ་དང་ལམ་གཡས་གཡོན་གྱི་གནོད་པ་བསྐྱེད་མཁན་ཚེར་མ་ཚང་མ་བཅད་བ་ཡིན། ཕྱུགས་འཚོ་སར་ཐོན་ཚར་རྗེས་ང་ཚོའི་ལས་འགན་གཙོ་བོ་ནི་ཕན་ཚུལ་སྒྲུང་གཏམ་བཤད་པ་དང་གཞས་ཚིག་སྦྱོང་བ། རྡོའི་རང་ཐག་སྐོརབ། འགྲིག་འདེད་པ་སོགས་བྱ་འགུལ་མང་པོ་སྤེལ། སྐབས་དེ་དུས་ང་ཚོར་ཁ་པར་དང་བརྙན་འཕྲིན་མེད་པས་རྩེད་མོ་ཧ་ཅང་མང་པོ་རྩེ་རྒྱུ་ཡོད། དེང་སང་གི་བྱིས་པ་ཚོས་རྩེད་མོ་དེ་ཚོ་ཤེས་མཁན་ཧ་ཅང་དཀོན་པོ་རེད། དེང་སང་བྱིས་པ་མང་ཆེས་ཤོས་བརྙན་འཕྲིན་དང་ཁ་པར་སོགས་ལ་རྣམ་གཡེང་ནས་་སྲོལ་རྒྱུན་གྱི་རྩེད་མོ་དང་སྒྲུང་གཏམ་སོགས་ལ་སྤྲོ་བ་ཡོད་མཁན་ཉུང་ཉུང་རེད།
ཉིན་ཞིག་ང་དང་སྙན་གྲགས། ཚུལ་ཁྲིམས་གསུམ་ཆུ་དཀར་རྫ་གདན་ལ་ཕྱུགས་འཚོ་སོང་བ་ཡིན། དེ་དུས་བཙལ་སྨད་ཀྱི་བུ་མོ་ཁ་ཤས་ཡང་ང་ཚོའི་ཐག་ཉེ་སར་ཕྱུགས་འཚོ་བྱུང་། དང་པོ་སྙན་གྲགས་ཀྱིས་གཞས་བཤགས་ཀྱི་འགོ་བཙུགས་སོང་། ཁོ་རང་ལ་སྐད་ངག་སྙན་མོ་ཞིག་ཡོད་པ་མ་ཟད་གཞས་ཚིག་འདྲ་མིན་མང་པོ་ཤེས། ཁོ་རང་གི་གཞས་ཚིག་འདི་འདྲ་ཞིག་རེད། ཕར་ལྟ་དུས་སྐྲ་གཞུག་དམར་རྫང་རྫང་། རྩར་སླེབས་དུས་ཁམ་བུ་སྔོ་ཐོ་ཐོ། ནང་དོན་གཙོ་བོ་ནི་ཐག་རིང་ལྟ་དུས་མཛེས་མ་ཞིག་ཡིན་ཡང་ཉེ་སར་སླེབས་དུས་ཁམ་བུ་སྔོ་སྔོ་ལྟ་བུ་མདོག་ངན་ཞིག་རེད། བུ་མོ་ཚོ་ཁོང་ཁྲོ་ལངས་ནས་ང་ཚོའི་མདུན་དུ་བསྐྱོད་བྱུང་། ང་ཚོ་གཞས་བཤགས་ཕལ་ཆེར་དུས་ཚོད་གཅིག་ཙམ་གཏུག། རྗེས་སུ་ང་ཚོ་མཉམ་དུ་ལག་པ་འཇུ་ནས་དགའ་བའི་འབའ་གཞས་འཁྲབ་པ་ཡིན།
ལོ་བཅུའི་རྗེས་སུ་ང་ཚོ་ཕ་ཡུལ་ལ་མོ་པ་བསྟན་འཛིན་ཆོས་གྲགས་ཞེས་པ་ཞིག་སླེབས་བྱུང་། ཁོ་རང་གི་མངོན་ཤེས་དང་རིམ་གྲོ་འདྲ་མིན་སྣ་ཚོགས་སྒྲུབ་ནས་མི་སེར་ཚང་མས་ཁོ་ལ་དད་པ་བྱེད། ཁོ་རང་གི་ངའི་རྫི་གྲོགས་ཚུལ་ཁྲིམས་ལ་འདི་ལྟར་བཤད། གལ་ཏེ་ཁྱེད་རང་གྲྭ་པ་མི་བྱེད་ན་ལོ་ཁ་ཤས་རྗེས་སུ་ཤི་བའི་ཉེན་ཁ་ཆེན་པོ་འདུག། ཚུལ་ཁྲིམས་དང་ཁྱིམ་མི་ཚང་མ་སྐྲག་ནས་ཁོ་རང་གྲྭ་པ་བྱེད་སོང་། ངའི་རྫི་རོགས་སྙན་གྲགས་ཡང་མནའ་མ་ཞིག་ལངས་ནས་ཁོ་ཚོ་ཁྱིམ་ནང་གི་ཀ་བ་ལྟ་བུ་ཞིག་འགྱུར་སོང་། ཁོ་བོ་ཡང་སློབ་གྲྭ་ལ་ཕྱིན་ནས་སློབ་གཉེར་བྱེད་པ་ཡིན། ང་རང་ངའི་བྱིས་དུས་ཀྱི་རྫི་རོགས་རྣམས་ལྷག་ཏུ་དྲན།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2768