རྩོམ་པ་པོའི་རིན་ཐང་གཞལ་བ།
དགེ་མཆོག


རྩོམ་པ་པོ་ཞེས་པའི་མིང་འདི་ལ་ནང་གསེས་སུ་རྩོམ་གྱི་རྣམ་པ་མི་འདྲ་བས་རྩོམ་པ་པོ་ཡང་མི་འདྲ་བ་ལོས་ཡོད་ཆོག །འོན་ཀྱང་འདིར་བརྗོད་པའི་རྩོམ་པ་པོ་ནི་སྤྱི་ཚོགས་ལེགས་ལམ་དུ་འཇོགས་མཁན་གྱི་རྒྱུ་འབྲས་བློ་མིག་ཅན་དག་ལ་ཞུ་བ་ཡིན། ཁོང་རྣམ་པ་ནི་སུས་གང་ཞིག་ནས་མ་འདངས་ན་དེ་རུ་ལྷན་པོ་རྒྱག་མཁན་དང་། སུ་ཞིག་ལམ་ནོར་དུ་འཕྱན་པ་ན་དེ་ལེགས་ལམ་དུ་དཀྲི་མཁན་ཡིན། དེ་དག་གིས་ཕ་མས་བུ་རྒྱུད་ལ་སློབ་གསོ་གཏོང་བ་དང་ཕ་མས་བུ་རྒྱུད་ལ་བསམ་པ་དཀར་བ་ལྟར་སྤྱི་ཚོགས་ལ་ལྷག་བསམ་རྣམ་དག་གིས་སློབ་གསོ་གཏོང་བ་ཡིན། ཕ་མས་བུ་ལ་ཕན་སེམས་ཀྱི་ཀུན་ནས་བསླངས་ཏེ་ཁ་ཏ་སློབ་གསོ་གཏོང་བ་ལས་རྣམ་པ་ཀུན་ཏུ་བུ་དེ་ལ་གནོད་པ་ཅན་གྱི་ལས་གང་ཡང་བྱེད་ག་ལ་བཅུགས་ཏེ་མི་སྲིད་པ་ཡིན། དཔེ་དེ་བཞིན་བདེན་དོན་གཙིགས་སུ་འཛིན་ཞིང་ཡག་ཉེས་དབྱེ་བ་ཤེས་མཁན་གྱི་རྩོམ་པ་པོ་དག་ཀྱང་སྤྱི་ཚོགས་དང་ཁོར་ཡུག་ལ་ཕན་པའི་དོན་དུ་སྐད་ཆ་བཤད་ཅིང་བྱ་བ་སྒྲུབ་པ་དང་། ཐ་ན་རྨོངས་པའི་སྤྱི་ཚོགས་གང་ཞིག་ན་རང་གི་བསམ་བློ་ལ་རྒྱབ་སྐྱོར་ཐུབ་མཁན་རང་ལས་སུ་ཡང་མེད་པར་སྨྱོན་པ་སྨྱོ་ཆུའི་ལོ་རྒྱུས་ལྟར་སྤྱི་ཚོགས་དེས་མི་དཀར་པོར་ཞྭ་མོ་ནག་པོ་གཡོགས་ཏེ་མཐར་འཆི་ལམ་དུ་བརྫངས་རུང་། མ་འོངས་མཐོང་བའི་བློ་མིག །བདེན་དོན་བཀུར་བའི་བློ་གཤོགས་དག་ཡོད་པས་དེའི་ཆེད་དུ་ལུས་སྲོག་ཀྱང་ཕངས་པ་མེད་པར་གཏོང་མྱོང་མཁན་གྱི་རྩོ་པ་པོ་ནི་འཛམ་གླིང་གི་ས་ཕྱོགས་གང་དུ་ཡང་ཡོད།
ཁོང་རྣམ་པ་ནི་རྒྱུ་འབྲས་སྟོན་པའི་སློབ་དཔོན་དང་ལུང་བསྟན་བཤད་པའི་མཁྱེན་པ་ཅན་རེད་ཅེས་བརྗོད་ན་མི་ཆོག་པ་མེད། ང་ཚོར་མཁོ་བ་ནི་ཤི་བའི་རྗེས་རྣམ་ཤེས་གར་ཡོད་ལྟ་མཁན་དེ་མི་པར་གསོན་པའི་སྐབས་མི་རིགས་ཀྱི་བླ་དང་སྲོག་ལྟ་བུའི་རིག་གཞུང་དག་ཇི་ལྟར་བྱས་ནས་འུ་ཅག་གི་ལུས་དང་སེམས་ལ་སྟིམ་ཚུལ་འཆད་མཁན་དེ་དགོས། དེ་ནི་རྒྱུ་འབྲས་གོང་བཀུར་ཅན་གྱི་རྩོམ་པ་པོ་དག་གི་བརྩམས་ཆོས་སུ་ཡོད་པ་ཡིན། ང་ཚོས་མཐའ་གཅིག་ཏུ་ཁོང་རྣམ་པའི་ངག་ལ་ཉན་ན་བསླུ་བ་ཏིལ་འབྲུ་ཙམ་ཡང་ཡོད་མི་སྲིད། རྒྱུ་མཚན་ནི་ཁོང་རྣམ་པར་ལེགས་ཉེས་རྟོགས་པའི་ཤེས་རབ་མངའ་ཞིང་བདེན་དོན་གྱི་ཆེད་དུ་རང་སྲོག་བློས་གཏོང་ཐུབ་པའི་སྙིང་སྟོབས་ཡོད་པས་ཡིན། ཁོང་རྣམ་པ་ནི་ཆེད་དུ་སྤྱི་ཚོགས་ལེགས་ལམ་དུ་དཀྲི་བར་ཕེབས་པའི་སངས་རྒྱས་གསོན་པ་ཡིན་པ་ལས། ང་ཚོར་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་རྒྱ་གར་རྡོ་རྗེ་གདན་དུ་ཕེབས་མྱོང་མཁན་གྱི་སངས་རྒྱས་དེ་འདྲ་མཐོང་བའི་སྐལ་བ་གཏན་ནས་ཡོད་མི་སྲིད། དེར་བརྟེན་ཡང་དག་པའི་རྩོམ་པ་པོ་དག་ནི་ཆོས་ལུགས་ཀྱི་ངོས་ཐད་ནས་བཤད་ན་སངས་རྒྱས་ཡིན་ཞིང་འཇིག་རྟེན་གྱི་ངོས་ཐད་ནས་གླེང་ན་ཕ་མ་ཡིན། སངས་རྒྱས་ལ་སེམས་ཅན་གྱི་དོན་ལས་གལ་ཆེ་བ་མེད་པས་སངས་རྒྱས་ཀྱི་གསུང་ལ་ཉན་ན་ཕན་པ་ཡོད་པ་ཤ་སྟག་ཡིན་ཞིང་། ཕ་མས་ནི་བུ་ཡི་དོན་དུ་ལུས་སྲོག་ཀྱང་གཏོང་ནུས་ན་ཕ་མའི་སྐད་ཆ་བུ་ལ་གནོད་པ་ཅན་ཡོད་མི་སྲིད། དེར་བརྟེན་ཡང་དག་པའི་རྩོམ་པ་པོ་ནི་སངས་རྒྱས་དང་ཕ་མ་བཞིན་ཤེས་རབ་ཅན་དང་ཕན་སེམས་ཅན་ཡིན་པས་སུ་ཞིག་གིས་དེ་ལ་མི་དགའ་བ་དང་མི་བཟང་བར་སྨྲས་ན་དེ་སྨྲ་མཁན་དེའི་སྐྱོན་ཡིན་པ་ཤེས་དགོས།

༢༠༡༥/༡/༡༧/དགེ་མཆོག

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2761