རྫུ་འཕྲུལ་སྐོར་ལ་དཔྱད་པ།

ད་ཅི། ཀླུ་སྨྱོན་ལགས་ཀྱིས་ངེད་དྲ་བའི་སྒང་ལ་ལྷ་རི་གཟིམ་སྤྲུལ་རིན་པོ་ཆེ་ཟེར་བ་ཞིག་ལ་མཐུ་དང་ནུས་པ་ཆེ་རབས། རྩལ་དང་གྲུབ་པ་ཐོབ་ཡོད་ལུགས་ཀྱི་མཚམས་སྦྱོར་རྩོམ་ཡིག་ཅིག་སྤེལ་འདུག་པ་ལ། བོང་རྫི་ལགས་ཀྱིས་རྐང་བཙུགས་ནས་དགག་ཚིག་རིང་ཐུང་འགའ་བསྟུད་མར་བྲིས་ཡོད་པ་མཐོང་། ཕར་བལྟས་ཚོད་ལ་བོང་རྫི་ལགས་གློ་བུར་དུ་ལྷ་མེད་སྨྲ་བ་ཞིག་ཆགས་སོང་བའི་ཉམས་འགྱུར་ཅི་བས་གསལ། གང་ལྟར། ཁོང་གཉིས་ཀྱི་རྩོམ་དང་མཆན་སོགས་བཀླགས་པས་བདག་ལའང་བསམ་བློ་འདྲ་མ་ཞིག་འཁོར་བྱུང་།

ཕྱོགས་གཅིག་ནས་བོང་རྫི་ལགས་གང་འཚམ་བདེན་པའི་ཁུལ་རེད། ཁོས་བཤད་པ་བཞིན་ལྕགས་སོགས་ཚ་པོ་རུ་བསྒྱུར་ནུས་པ་དེ་ཧ་ལས་དགོས་པ་ཞིག་དངོས་འབྲེལ་མ་རེད། དཔེར་ན་རྒྱ་སྒྱུ་མ་མཁན་གྱིས་སྒྱུ་མའི་རྩེད་མོ་ངོམ་པ་ལྟ་བུའོ། ། འོན་ཏེ། སྐབས་རེར་ང་ཚོས་སྒྱུ་མ་ཡག་པོ་ཞིག་ཀྱང་རྩེད་ཤེས་ཀྱིན་མི་འདུག་པས། ད་ཕྱིན་འདྲ་ཆགས་པོ་རེ་རྩེད་ཤེས་མཁན་ཡོད་ན་ཞེ་དྲག་ཡག་པོ་རེད་སྙམ་གྱིན་ཡོད།

ངས་བྱས་ན། ཀླུ་སྨྱོན་ལགས་ཀྱི་རྩོམ་འདིའི་ནང་ཉུང་མཐའ་དོན་དག་གསུམ་བཤད་མེད་དམ་སྙམ།

གཅིག བླ་མ་དེས་ལྕགས་སོགས་བསྲེགས་པའམ་ཚ་པོར་བསྒྱུར་མྱོང་བ་བདེན་པ་ཡིན་གསུང་གིན་ཡོད་ཚོད་རེད། ངས་ཀྱང་དེ་གང་འཚམ་བདེན་པ་ཡིན་པར་ཆ་འཇོག་གིན་ཡོད། ཡིན་ཡང་ནུས་པ་དེའི་ཚད་གང་འདྲ་ཡིན་པ་ཤེས་ཀྱི་མེད། ལྕགས་དུམ་བུ་ཞིག་ངར་ཙམ་དང་ཁ་བཏགས་ཤར་མོ་རེ་སྲེག་ཙམ་བྱེད་ཐུབ་པ་རྐྱང་བ་ཡིན་ནམ། རི་བོ་ནས་རྒྱ་མཚོའི་བར་གཞོབ་ཐུལ་དུ་གཏོང་ནུས་པ་ཡིན། སྔ་མ་ཡིན་ན་རྟེན་འབྲེལ་ཙམ་རེད་པས་ནུས་པ་ཞིག་ལ་བརྩི་རིན་ཆེར་མི་འདུག་ཅིང་། དེ་འདྲ་ཡོད་མེད་ལའང་ཁྱད་པར་ཆེན་པོ་མི་འདུག་སྟེ། བརྒྱ་ལ་ནུས་པ་ཞིག་ཡིན་པའི་དབང་དུ་བཏང་ནའང་འབར་ཞུན་སྒམ་ཆུང་གང་གི་ཚོད་རེད། དེ་འདྲ་མེད་ཀྱང་མི་སྐྱོན་ཏེ། འབར་ཞུན་སྒམ་ཆུང་གང་སུས་ཀྱང་ཉོ་ཐུབ་པའི་ཕྱིར་རོ། ། རི་བོ་ནས་རྒྱ་མཚོའི་བར་བརླག་ནུས་པ་ཡིན་ཟེར་ན་ང་རང་མི་རློམ། ཅིའི་ཕྱིར་ཞེ་ན། ང་བརྒྱད་ལོ་ནས་ད་ལྟའི་བར་ང་ཚོའི་མི་རིགས་ལ་དེ་འདྲའི་ནུས་པ་ཞིག་མཁོ་ཤག་ཤག་ཡིན་མོད། ཡིག་ཐོག་དང་ངག་ལམ་ནས་འབྱུང་བ་ཉི་ཟླ་སོགས་སོ་སོའི་མཛུབ་མོ་བཅུའི་རྐྱོང་སྐུམ་ལྟར་ཁ་ལོ་བསྒྱུར་ནུས་རབས་ཀྱི་སྒྲུང་སྣ་ཚོགས་གོ་མྱོང་བ་ལས། འཚོ་བ་དངོས་དང་དོན་དག་དངོས་ཀྱི་ཐོག་ནས་ནི་བཙོན་ཁང་ཆུང་ངུ་ཞིག་གི་སྒོ་སྒེའུ་ཙམ་བསྲེགས་རབས་ཀྱང་གོ་མྱོང་མེད་ན། རིག་དེ་བས་ཀྱང་ག་ལ་མྱོང་། བྱས་ན་རྫུ་འཕྲུལ་ཆེན་པོ་དང་ནུས་རྩལ་ངོ་མཚར་ཡོད་མེད་ཞོར་ལ་རྟོགས་ཐུབ་པ་མིན་ནམ

གཉིས། ལྕགས་སོགས་བསྲེགས་པའམ་ཚ་པོ་རུ་བསྒྱུར་ཐུབ་པ་གཞིར་བཞག་གིས་དེ་ནི་ཆོས་ལུགས་ཀྱི་ནུས་པ་ཞིག་ཡིན་རབས་གསུང་གིན་ཡོད་པ་འདྲ། དེ་ལ་ངེས་པ་མ་ཡོད་སྙམ། དཔེར་ན། ཆོས་ལུགས་དང་འབྲེལ་བ་མེད་པའམ་ཆོས་ལུགས་ལ་དད་པ་མེད་པའི་རྒྱ་སྒྱུ་མ་མཁན་དག་གིས་མེ་ཆུ་སོགས་དང་འབྲེལ་བའི་རྩེད་མོ(杂技)གནག་པོ་ག་ཚོད་མི་རྩེད་དམ། དཔེར་བརྗོད་འདིའི་ཐོག་ནས་ལྡོག་ཕྱོགས་ཀྱི་འདང་རྒྱག་མང་པོ་རྙེད་ཐུབ་པ་ཡིན།

གསུམ། ལྕགས་སོགས་ཚ་པོ་རུ་བསྒྱུར་པ་དེའི་ཆ་ནས་སེམས་ཅན་གྱི་ནད་སོགས་འཆོས་ཐུབ་མདོག་ཁ་པོ་ཞིག་དགོངས་བཞིན་མེད་འགྲོ ། འདི་ཧ་ཅང་ཁག་པོ་རེད། ནད་ཕལ་མོ་ཆེའི་ན་ཟུག་གི་མཐོ་རླབས་ནི་ཕྱེད་ཅིག་ལུས་ཀྱིས་དང་ཕྱེད་ཅིག་སེམས་ཀྱིས་བྱས་དང་བྱེད་བཞིན་ཡོད་པས།ནད་པ་སྡོད་གནས་སྤར་བ་ཙམ་གྱིས་ནད་ལ་ཁྱད་ཤོར་སོང་བ་ལྟ་བུ། གོས་བརྗེས་པ་ཙམ་གྱིས་ཕན་ནུས་ཐོན་བཞག་པ་ལྟ་བུ། གྲོགས་གསར་བ་ཞིག་ལ་ཐུག་པས་ཅུང་ཟད་བདེ་བར་གྱུར་པ་ལྟ་བུ། བཟའ་བཏུང་གཞན་ཞིག་བསྟེན་པས་ཟུག་གཟེར་ཡལ་སོང་བ་འདྲ་པོ་སྟེ་ནད་ལ་ཨ་གསར་མ་འདྲ་བ་སྣ་ཚོགས་ཡོང་སྲིད་པ་རེད། དེ་རིགས་སེམས་ཁམས་ལ་རྐྱེན་བྱས་པ་ཞིག་ཡིན་ཚོད། ནད་ལ་ཁ་གཏིང་གཉིས་སུ་ཕྱེས་པའི་ཁ་ཡི་དེ་དག་འདྲོགས་སླ་པོ་ཡོད་པ་རེད། དཔེར་ན། མི་ཞིག་གིས་ཁོག་པའི་ནང་རེའུ་བརྩེས་ཏེ་མཚམས་འཇོག་མི་ཤེས་པའི་དུས་གློ་བུར་སུ་ཞིག་གིས་རེའུ་རྩེད་མཁན་ལ་ཨི་ཙི་ལུ་གུ་དྲག་ཙམ་སྒོག་པ་ཡིན་ན་མཚམས་གཅོད་ཐུབ་པ་རེད། དེ་ནི་ཨི་ཙི་ལུ་གུ་སྨན་ཡིན་པས་མ་རེད་ལ་ཨི་ཙི་ལུ་གུ་རྫུ་འཕྲུལ་ཡིན་པས་ཀྱང་མ་རེད། གཞི་རྩ་ནད་པའམ་རེའུ་རྩེད་མཁན་གྱི་སེམས་ཁམས་ཀྱི་གནས་སྐབས་དེ་དཀྲོགས་པས་རེད། དེ་འདྲ་ཞིག་ཡིན་པའི་རྐྱེན་གྱིས། ནད་ཀྱིས་མནར་དྲགས་པ་དག་གིས་རལ་པ་ཆེན་པོ་ཅན་གྱི་གནག་རྫི་ཞིག་གམ་ཆོས་གོས་སེར་པོ་བཀླུབས་པའི་རྐུན་མ་ཞིག་མཐོང་བ་ཙམ་གྱིས་ཀྱང་རེ་ཞིག་ན་ཟུག་ཅུང་ཟད་བརྗེད་མི་སྲིད་པ་མིན། དེ་ནི། རལ་པ་དང་ཆོས་གོས་དེས་ནད་པའི་སེམས་ཀྱི་ན་བཞིན་པའི་གནས་སྐབས་རེ་ཞིག་དཀྲོགས་པས་རེད། དཔེ་བཞག་ན། འཆི་ལ་ཉེ་བའི་མི་ཞིག་གིས་སྨན་པ་སྐྱོ་བོ་ཞིག་གམ་སྨན་ཁང་ངན་ནེ་བ་ཞིག་མཐོང་བའི་ཚེ་ནའང་རྒྱུ་མཚན་མེད་པའི་བདེ་སྣང་ཞིག་རྙེད་འགྲོ་བ་དང་གཅིག་མཚུངས་སུ་ཟད། མདོར་བསྡུས་ན། གང་ཟག་ཆེ་གེ་མོས་སུ་ཡིན་གྱིས་མི་ཤེས་པའི་རྫས་སོགས་རྐྱེན་ཕྲན་བུ་ལ་བརྟེན་ནས་ལྕགས་སོགས་ཚ་པོར་བསྒྱུར་ཐུབ་ཀྱང་སྲིད་མོད། དེ་ནི་ཆོས་ལུགས་ལ་འབྲེལ་བ་ཡོད་པ་ཞིག་ཡིན་མིན་མི་ཤེས་ལ། ནད་པ་སོགས་ལ་གནས་སྐབས་སུ་བྱུང་བའི་བདེ་ཚོར་དེ་འདྲ་འདི་འདྲ་དང་ལྕགས་ཚ་པོར་བསྒྱུར་པའི་ལྟད་མོ་དེའི་བར་ན་འབྲེལ་བ་ཁྱད་པར་ཅན་ཞིག་མཐར་གཏུགས་ན་ཨེ་ཡོད་ཀྱང་མི་ཤེས། མི་སྐོར་ཞིག་ལ་མཚོན་ན། ཆ་ལུགས་སེར་པོ་དམར་པོ་བྱས་པ་ཞིག་གམ་མིང་ལ་བླ་མ་གྲུབ་ཆེན་འབོད་པ་ཞིག་མཐོང་ཚེ་རང་བཞིན་གྱིས་སེམས་ལ་དགའ་བ་འཕེལ་ཐུབ་ཀྱི་ཡོད་པ་ནི་གང་ཟག་དེ་དང་དེ་ཁྱད་པར་ཅན་ཞིག་ཡོད་པས་མ་ཡིན་པར། ལོ་རྒྱུས་ཀྱི་བཤུལ་ལམ་རིང་མོར་ཆོས་ལུགས་ཀུན་ནུས་ཡིན་པ་བསྒྲགས་དྲགས་པས་རེད་སྙམ།

ཕྱོགས་གཞན་ཞིག་ནས། བོང་རྫི་ལགས་ཀྱི་ལྷ་མེད་འདྲེ་མེད་ཀྱི་མཆན་དེ་དག་ཁ་ཞེ་གཉིས་མེད་ཀྱིས་ཡིན་མིན་ཡང་ཅི་ཆ། ཁོས་རྙིང་མ་བའི་ལྷ་འདྲེ་དང་རྫུ་འཕྲུལ་སོགས་ལ་ཆོ་མེད་ཟེར་བ་ལས་སྤྱིར་ལྷ་འདྲེ་ལ་ཆོ་མེད་ཅེས་ཤོད་ཐུབ་ས་ཨེ་རེད། ། བརྒྱ་ལ་དེ་འདྲ་ཡིན་ན། ང་རང་ཀླུ་སྨྱོན་ལགས་སོགས་ཀྱི་ཚལ་བ་ཡིན། སྤྱིར་ལྷ་འདྲེ་དང་རྫུ་འཕྲུལ་སོགས་ཡོད་ཁོ་ཐག་རེད་ཅེས་ངས་གཏན་གཏན་ཤོད་ཐུབ་ཀྱི་མེད་མོད། བརྒྱ་ལ་ཡོད་ན་ནི་རྙིང་མ་པ་ཚོར་སྐད་ཆ་འདྲི་དགོས་པ་ཞིག་ཡོད། དེའི་ཕྱོགས་ནས་བོད་དར་གྲུབ་མཐའ་དག་ལས་རྙིང་མ་བ་ཚོས་འདྲ་ཆགས་པོ་ཞིག་ཤོད་མ་ཐུབ་ན་གཞན་དག་ལ་རེ་བ་བརྒྱབ་རིན་མི་འདུག་སྙམ་ཡོད།

གྲོགས་ཀླུ་སྨྱོན་ལགས་ལ་ད་དུང་འདྲི་རྒྱུར། མེ་ལོང་དེ་གང་འདྲ་ཞིག་ཡོད་པ་རེད། རྒྱུ་སྤུས། ཆེ་ཆུང་། ལྗིད་ཚད། མཐུག་སྲབ་སོགས་ལ་རྒྱུས་ཡོད་གལ་ཆེ། ད་དུང་ལུང་བུ་དང་དྲལ་བུག་ཡོད་མེད་སོགས་ཤེས་དགོས་པ་རེད། གོ་རིམ་གྱི་ཐོག་ནས་བཤད་ན། (1)སྔགས་བརྒྱབ་མ་ཐག་མེ་ལོང་ཚ་པོ་རུ་གྱུར་པ་རེད་དམ། སྔགས་བརྒྱབ་ནས་ཅུང་ཟད་འགོར་བ་ན་ཡིན། (2)མེ་ལོང་ཚ་པོ་ཆགས་མ་ཐག་ནད་པའི་ལུས་སྟེང་ཕུར་བ་རེད་དམ། ནད་པའི་ཐོག་ཕུར་ནས་ཅུང་ཟད་ཙམ་ན་མེ་ལོང་ཚ་པོ་ཆགས་པ་ཡིན། (3)མེ་ལོང་གི་སྒང་ལ་བྱུག་རྒྱུའི་རྫས་སོགས་ཡོད་དམ་མེད། ཡོད་ན་གང་འདྲ་ཞིག་རེད། (4)སྔགས་མ་བརྒྱབ་པར་མེ་ལོང་རྐྱང་བ་སྒུལ་སྐྱོག་དྲག་ཙམ་བྱས་ནས་ཚ་པོ་རུ་འགྱུར་མིན་ལ་ཚོད་བརྟག་བྱས་ཨེ་མྱོང་། དེ་དག་ལ་ཉམས་ཞིབ་མཐར་ཕྱིན་པ་ཞིག་བྱས་ན་ཅི་ཞིག་ལྷང་ལ་འབུད་མི་ཡོང་ངམ་སྙམ། སྤྱིར་བཏང་གྲུབ་རྟགས་བསྟན་ཚུལ་ངས་ཀྱང་མང་པོ་གོ་མྱོང་། དེའི་ནང་གི་གཅིག་ཙམ་བཤད་ན། ལོ་འགའི་སྔོན་ལ་མཚོ་སྔོན་པོའི་མཐའ་འཁོར་གྱི་གྲུབ་ཆེན་ཡིན་ནོ་ལོ་ཞིག་ལ་སྙན་གྲགས་རྒྱས་རབས་བཤད་ན་ཧ་ལས་པ་ཞིག་ཡོད།

ཁོང་གི་གྲུབ་རྟགས་ནི། རྔ་རྡུང་བའི་སྐབས་སུ་རྔ་དང་རྔ་དབྱུག་གི་བར་ནས་མེ་སྟག་མཆེད་པ་དང་། དེར་བསྟུད་ནས་གཏོར་མ་སོགས་འདར་ཞིང་གཡོ་བ་རེད་ཟེར། གྲུབ་ཆེན་ཁོ་རང་ཐེ་བའི་མི་མང་པོས་ནུས་པ་དེ་ནི་ཆོས་ལུགས་ལས་བྱུང་བ་ཞིག་ཡིན་ཞེས་བསྒྲགས་པ་མ་ཟད། མེ་སྟག་མཆེད་པ་དང་གཏོར་མ་འདར་བ་ལ་བརྟེན་ནས་མི་མང་པོའི་ནད་སངས་དྲགས་སུ་སོང་སྐད། གདོན་བས་མཐའ་རུ་བསྐྲད་སྐད། ཤི་བོ་ལྔ་ལམ་ནས་ཕྱིར་ཁྲིད་ཡོང་བའང་ཉུང་ཉུང་ཞིག་མིན་སྐད། གསོན་པོའི་ཁ་རྗེ་རླུང་རྟ་སོགས་ལ་ཕན་ཅི་ཐོགས་ནི་ངས་མ་བཤད་ཀྱང་ཁྱེད་ཚོས་ཁོག་རྩིས་རྒྱོབས་དང་ཤེས་ཐུབ།

ད་དུང་། གྲུབ་རྟགས་གང་བསྟན་གྱི་གོ་རིམ་ཚང་མ་བདེན་པའི་ཐོག་ལ་དག་པ་ཡིན་ཚུལ་བཤད་དགོས་ན་བཤད་ཐུབ་མཁན་མང་པོ་བྱུང་སྐད། ས་ཆུའི་ཚོད་ཀྱི་རི་དྭགས་ལྟ་བུའི་མི་དྲག་པ་མང་པོས་ཆེད་དུ་དཔང་པོ་བྱས་ཤིང་ཚིག་སྐྱོར་ཡང་བརྒྱབ་སྐད། འོན་ཏེ། ཉིན་ཞིག་བོང་རྫིས་བཤད་པའི་དམར་སྲུང་དམག་མི་རིག་ཡག་ཅིག་གིས་གྲུབ་ཆེན་ཚང་གི་མཚང་རྩ་བ་ནས་བརྟོལ་སོང་བ་རེད་ཟེར། ཡིན་དག་རྔ་ཡི་ཀོ་བའི་ངོས་དང་རྔ་དབྱུག་གི་མགོར་མུ་ཟི་བྱུགས་ཡོད་པས་རྡུང་བའི་ཚེ་ན་མེ་སྟག་མཆེད་ཤག་ཤག་ཡིན་པ་དང་། རྔ་དབྱུག་གི་ཡུ་བའི་ནང་དང་གཏོར་མའི་ཁོག་ཏུ་རྡོ་ཁབ་ལེན་བཞག་པས་བརྡུངས་པ་དང་ཆབས་ཅིག་རྔ་དབྱུག་གི་ཡུ་བ་དང་གཏོར་མ་ཉེ་ཙམ་རིང་ཙམ་བྱེད་འགྲིག་པས། རེ་འགའ་གཏོར་མ་དྲག་ཏུ་འདར་བ་དང་རེ་འགའ་དེ་ཙམ་མི་འདར་བའི་ཁྱད་ཆོས་དེ་ཐོན་པ་ཡིན་ས་རེད། གང་ལྟར་སྐྱོན་མཚང་མང་པོ་བུད་དྲགས་ནས་རྗེས་སུ་གྲུབ་ཆེན་ཁོང་ཁྲི་མུན་དུ་བཅུག་པར་བཤད། གྲུབ་ཆེན་ཚང་མ་འདི་འདྲ་ཡིན་པའི་ངེས་པ་མེད་མོད་མིན་པའི་ངེས་པ་ཡང་མེད་པས། མགོ་རྔ་བར་གསུམ་ལ་དཔྱད་པ་ཞིབ་འཇུག་ཚང་ངེས་ཤིག་མ་བྱས་ཚུན་བརྗོད་ཁག་པོ་རེད་དྲན་གྱིན་ཡོད། ཁྱེད་ཀྱིས་བྱས་ན་དེ་འདྲ་མ་རེད་པས།

སེང་རྡོར་གྱིས་བརྩམས།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2757