༡༽བྱིས་པར་ཉི་མ་རེ་ལ་ཆག་མེད་དུ་ཕ་སྐད་ཀྱི་སྒྲུང་རེ་བཤད་པ་དང་། ཕ་མས་ཀྱང་རང་ཁྱིམ་དུ་ཕ་སྐད་གཙང་མ་གཙང་རྐྱང་བཤད་པ། རྩམ་པ་སོགས་བོད་མི་རང་གི་ཁ་ལག་ཟ་བར་བྱིས་པ་ཆུང་དུས་ནས་གོམས་སུ་འཇུག་པ།

༢༽བྱིས་པའི་དཔེ་ཀློག་གི་དགའ་བ་སྐྱེད་སྲིང་བྱེད་པའི་ཆེད་དུ། བྱིས་པའི་མཐོང་སར་ཕ་མ་རང་གིས་ཉི་མ་རེ་རེར་སྐབས་དང་སྐབས་སུ་དཔེ་ཆ་ཀློག་པ།

༣༽བྱིས་པའི་སློབ་སྦྱོང་ལ་བར་ཆད་མི་བཟོ་བའི་ཆེད་དུ། གཟའ་མཇུག་གི་ངལ་གསོའི་ཉི་མ་ཕུད། དུས་ཚོད་ཧ་ཅང་ཐུང་ངུ་ལ་མ་གཏོགས། བྱིས་པར་ཁ་པར་དང་བརྙན་འཕྲིན་བལྟར་མི་འཇུག་པ། དེ་ལྟར་ཡོང་བ་ལ། བྱིས་པས་མཐོང་སར་ཕ་མ་རང་གིས་ཁ་པར་དང་བརྙན་འཕྲིན་ལ་མི་ལྟ་བ། ཁྱད་པར་དུ་བྱིས་པས་དཔེ་ཆ་ཀློག་པ་དང་སྦྱོང་ཚན་འབྲི་དུས་སུ། ཁ་པར་དང་བརྙན་འཕྲིན་ལ་གཏན་ནས་མི་ལྟ་བ།

༤༽བྱིས་པའི་མཐོང་ས་དང་ཐོས་སར་ཕ་མའི་ལུས་ངག་གི་ཐོག་ནས། ཆང་རག་འཐུང་བ་དང་ཐ་མག་འཐེན་པ། འགྲིག་ཤོ་(མ་ཅང)རྒྱག་པ། ཚིག་ངན་བཤད་པ། སྐྱག་རྫུན་ལབ་པ། གནས་ལུགས་མི་རྩི་བ། ངོ་ཚར་མི་འཛེམ་པ། དུས་ལྟར་མར་མི་ཉལ་བ་དང་ཡར་མི་ལངས་པ་སོགས་སྤྱོད་ངན་གྱི་རིགས་མི་ཐོན་པ།

༥༽དོན་དག་གང་འདྲ་ཞིག་དང་ཕྲད་རུང་། ཐ་ན་རང་ཉིད་ལ་གྱོང་རག་པ་སོགས་ལ་ཐུག་དུས་ཀྱང་། ཕ་མ་རང་ཉིད་གང་ཐུབ་ཅི་ཐུབ་ཀྱིས་བདེན་པ་དང་རྒྱུ་འབྲས་ཀྱི་ཕྱོགས་སུ་ལངས་པ། རང་ཉིད་ནོར་སོང་ན་ཡིན་གཅིག་མིན་གཅིག་བྱིས་པར་དགོངས་དག་ཞུས་ཏེ་རང་སྐྱོན་ངོས་ལེན་པ།

༦༽བྱིས་པ་སློབ་གྲྭར་ཞུགས་པའི་རྗེས་སུ། ཉི་མ་རེ་རེའི་སྦྱོང་ཚན་ལ་ཞིབ་ལྟ་བྱས་ནས། གང་གང་ནོར་ཡོད་པ་དེ་དག་རེ་རེ་བཞིན་བྱིས་པས་ཡོངས་སུ་ཤེས་པའི་བར་ནོར་བཅོས་བྱེད་དུ་འཇུག་པ། ཚུལ་དེ་བྱིས་པ་ལོ་དྲུག་ཙམ་ནས་བཅུ་གསུམ་བར་དུ་མཐའ་འཁྱོལ་བར་བྱེད་པ།

༧༽ཆུང་ངུའི་དུས་ནས་བཟུང་། བྱིས་པས་སྒྲུབ་ཐུབ་པ་གང་ཞིག་ཡིན་རུང་བྱིས་པ་རང་ཉིད་ལ་བསྒྲུབ་ཏུ་འཇུག་པ།

༨༽བྱིས་པའི་དྲི་བར་ལན་འདེབས་མ་ཤེས་ན་ཤེས་མདོག་མི་བྱེད་པར། དྲྭ་ལམ་ནས་འཚོལ་བའམ་ཡང་ན་གཞན་ལ་འདྲི་བ། དེ་ལྟར་བྱས་པས་ཀྱང་མ་ཤེས་ན། “ངས་ཤེས་མ་སོང”ཞེས་དྲང་མོར་ལན་འདེབས་པ།

༩༽བྱིས་པར་སྐད་ཆ་བཤད་སྐབས་དང་བྱིས་པའི་སྐད་ཆར་ཉན་སྐབས། དོན་ཆེན་པོ་ཞིག་ཏུ་བརྩིས་ཏེ་བྱིས་པའི་གདོང་ལ་ལྟ་ཞིང་ཞིབ་ཏུ་ཉན་རྗེས། བྱིས་པར་བརྩི་འཇོག་ཡོད་པའི་སྒོ་ནས་གནས་ལུགས་དང་མཐུན་པའི་སྐད་ཆ་བཤད་པ།

༡༠༽བྱིས་པས་ནོར་འཁྲུལ་བཟོས་ཏེ་བསླབ་བྱ་གཏོང་དགོས་ཐུག་དུས། དེའི་རྒྱུ་འབྲས་རྐྱེན་གསུམ་ཡོངས་སུ་ཤེས་པར་བྱས་རྗེས། གང་བཟོས་པའི་སྐྱོན་ཆ་དེ་རང་མ་གཏོགས། དེ་དང་འབྲེལ་མེད་གཞན་དག་མི་བཤད་པ་སྟེ། བྱིས་པར་མ་ཉེས་ཁག་གཡོགས་བྱེད་པ། བྱིས་པའི་སེམས་ཤུགས་གཅོག་པ། བྱིས་པའི་རྩིས་ཐང་དང་ལ་རྒྱ་ལ་གནོད་པ། སྒོས་སུ་བྱིས་པ་ཁྱད་དུ་གསོད་པ་སོགས་གཏན་ནས་བྱེད་མི་ཉན།

༡༡༽བྱིས་པས་དོན་དག་ཡག་པོ་རེ་བསྒྲུབས་དུས། བསྟོད་ར་འོས་འཚམ་རེ་བྱེད་ཅིང་། རྒྱུ་ཡག་པོ་ལས་འབྲས་བུ་ཡག་པོ་འབྱུང་བ།སེམས་ཤུགས་ཡོད་ན་འདི་བཞིན་དོན་དག་གཞན་དག་ཀྱང་འགྲུབ་སླ་པོ་ཡིན་ཚུལ་བཤད་ནས། སེམས་ཤུགས་ཡར་ནས་ཡར་ལ་སྤོར་བ།

༡༢༽སློབ་གྲྭའི་བསླབ་གཞི་དག་ནན་ཏན་དུ་སྦྱངས་ཏེ། རྒྱུགས་སྐར་མཐོན་པོ་ལོན་པ་ཡག་པོ་ཡོད་ནའང་། དེ་ཙམ་གྱིས་བྱིས་པར་དགོས་ངེས་ཀྱི་ཡོན་ཏན་འབྱོར་ཡོད་པ་མཚོན་མི་ཐུབ་ན། སློབ་ཆུང་ལོ་རིམ་བཞི་པ་ནས་བཟུང་། བོད་ཡིག་གིས་གཙོས་པའི་དཔེ་དེབ་ཀློག་པའི་གོམས་གཤིས་ངེས་པར་ཆགས་སུ་འཇུག་དགོས།

༡༣༽བྱིས་པར་དངུལ་དང་རྔན་པ་མང་པོ་མི་སྤྲོད་པ་སྟེ། དེ་ལ་རྒྱུ་མཚན་གསུམ་ཡོད། དང་པོ། དངུལ་མང་པོ་སྤྲད་པས། བྱིས་པའི་བསམ་པ་སློབ་སྦྱོང་ལ་མི་འཁོར་བར། གང་ཞིམ་ཟ་བ་དང་གང་ཡག་གོན་པ་ལ་མགོ་འཁོར་འགྲོ། གཉིས་པ། དངུལ་འཚོལ་བར་དཀའ་ལས་རྒྱག་དགོས་པའི་གནས་ལུགས་མ་ཤེས་གོང་། དངུལ་མང་པོ་སྤྲད་པས། དངུལ་ནི་སོ་སོས་དཀའ་ལས་རྒྱག་མི་དགོས་པར། གཞན་ཞིག་གིས་སྟེར་འོང་གིས་སྙམ་པའི་འཁྲུལ་སྣང་སྐྱེ་ཞིང་། དོན་དེས། དགེ་རྒན་དང་ཕ་མ་རང་གིས། བྱིས་པར་ད་ལྟ་སློབ་སྦྱོང་ལ་འབད་བརྩོན་མ་བྱས་ན། མ་འོངས་པར་རང་ཁ་སོས་ཀྱི་མ་རེད་ཅེས་པའི་སློབ་གསོ་རྩིས་མེད་གཏོང་ཡོང་། གསུམ་པ། བུ་ཕྲུག་གིས་ཕ་མས་སྤྲད་པའི་དངུལ་གྱི་རིན་ཐང་རྟོགས་མེད་པའི་དུས་ནས། དངུལ་མང་པོ་སྤྲད་ན། དངུལ་ལ་གཅེས་སྤྲས་མི་བྱེད་པའི་གོམས་གཤིས་ངན་པ་ཆགས་ཏེ། རྗེས་མར་སོ་སོ་རང་གིས་བཙལ་བའི་དངུལ་ཡང་ཤེས་མེད་ཚོར་མེད་ངང་ཆུད་ཟོས་སུ་འགྲོ་ངེས་པ་བཅས་ཡིན།

༡༤༽དུས་རྟག་པར་ཕྱི་ལོགས་ཀྱི་ཟ་ཁང་དུ་མི་འགྲོ་བར། ཕ་མས་རང་ཁྱིམ་དུ་ཁ་ལག་བཟོས་ཏེ། ནང་མི་མཉམ་དུ་སྐད་ཆ་བཤད་ཀྱིན་ཁ་ལག་ཟ་བ་དེས། བྱིས་པའི་བདེ་ཐང་ལ་ཕན་པར་མ་ཟད། མ་འོངས་པར་བྱིས་པ་རང་ཉིད་ཀྱི་ཁྱིམ་ཚང་དྲོད་ཁོལ་ལྡན་པ་ཞིག་ཡོང་བ་ལའང་ཕན་ཐོགས་ཆེན་པོ་ཡོད།

༡༥༽གྲོང་ཁྱེར་ནི་གྲོང་གསེབ་དང་གཏན་ནས་མི་འདྲ་སྟེ། འཚོ་བ་སྟབས་བདེ་པོ་ཡོད་ལ་ཉེན་ཁའང་མི་ཉུང་བ་ཞིག་ཡོད། འབྲེལ་ཡོད་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ལོ་རེ་རེར་བོད་དུ་ཨེ་ཛི་ནད་ཡམས་འགོས་པའི་ནད་པ་མང་ནས་མང་དུ་འགྲོ་གི་འདུག ཨེ་ཛི་ནད་ཡམས་འགོས་པ་ཡིན་ན། མི་དེ་ལ་ལོ་བཅུ་ཙམ་གྱི་ཚེ་ཚད་མ་གཏོགས་མེད། དེའི་རྐྱེན་གྱིས། ཕ་མས་ཀྱང་བུ་ཕྲུག་ལ་ནད་ཡམས་དེ་རིགས་ཇི་ལྟར་འགོ་བའི་ཚུལ་ངེས་པར་ཤེས་སུ་འཇུག་དགོས།

༡༦༽བྱིས་པ་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བ་ལ། ཕ་མ་གཉིས་ཀས་བྱིས་པའི་མདུན་དུ་ཁ་རྩོད་ཁ་འཛིང་གཏན་ནས་མི་བྱེད་པ་དང་། ཕ་མ་གང་རུང་གིས་བྱིས་པར་བསླབ་བྱ་གཏོང་ཚུལ་ནོར་སོང་ཚེ། གཞན་དེ་དེ་མུར་ཕྲུ་གུའི་རྒྱབ་རྩར་མི་ལངས་པར་བྱིས་པ་མེད་དུས་ཀྱི་ལྐོག་ཏུ། བཟའ་ཟླ་ལ་གོ་བརྡ་སྤྲད་ནས་ད་ཕྱིན་ནོར་འཁྲུལ་དེ་རིགས་མི་བཟོ་བར་བྱེད་པ།

༡༧༽བྱིས་པ་ལེགས་ལམ་དུ་འགྲོ་དགོས་ན། ཕ་མ་གཉིས་ཀ་བྱིས་པར་རྒྱུས་ལོན་ཡག་པོ་ཡོད་པ་ཞིག་ཡིན་དགོས། རྒྱུས་ལོན་པ་ལ། བྱིས་པས་སོ་སོའི་སེམས་ཚུལ་དང་དཀའ་ངལ་ངོ་མ་ངེས་པར་ཕ་མ་གཉིས་ཀར་ལབ་ཐུབ་དགོས། ཕ་མས་གཅར་རྡུང་བྱས་ཚེ། བྱིས་པས་སོ་སོའི་སེམས་ཚུལ་མི་ལབ་པར་མ་ཟད། ཞེད་སྣང་གི་རྐྱེན་པས། བྱིས་པ་དེ་སྐྱག་རྫུན་ལབ་མཁན་ཞིག་ཆགས་འགྲོ་ལ། ག་ལེ་ག་ལེར་རྩིས་ཐང་མེད་པ་དང་། ངོ་ཚ་མེད་པ། ཁྲེལ་མེད་པ་ཞིག་ཆགས་པའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད། རྒྱུ་མཚན་དེ་ལ་བསམ་ཤེས་བྱས་ནས། ཕ་མ་འཚིག་པ་ག་ཚོད་ཟོས་ནའང་། བཟོད་སྒོམ་བྱས་ཏེ་བྱིས་པར་གཅར་རྡུང་གཏན་ནས་མི་བྱེད་པ།

དེ་ལས་ཀྱང་རྒྱས་པ་ཞིག་མཁྱེན་འདོད་ན། <<འཛམ་གླིང་གི་སློབ་གསོའི་བསྟན་བཅོས་གྲགས་ཅན་བོད་འགྱུར་དཔེ་ཚོགས>>(མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་བཀྲམ)སོགས་ལ་གཟིགས།   གལ་སྲིད་ཕ་མ་གཉིས་ཀས་གོང་དུ་བཤད་པའི་རྩ་ཚིག་བཅུ་བདུན་པོ་དེ་དག་ཉམས་ལེན་བྱེད་པའི་སྒོ་ནས། རང་དཔེ་ཡག་པོ་བུ་ཕྲུག་ལ་སྟོན་ཐུབ་པར་བྱུང་ན། ཁྱེད་ཀྱི་བུ་ཕྲུག་ཁྱེད་ཀྱིས་འདོད་པ་ནང་བཞིན་ཞིག་ཡོང་བར་དཀའ་ལས་ཆེན་པོ་མེད་པར་སྙམ།

 

ཕྱི་ལོ་༢༠༡༨་ཟླ་༡༠་པར་བྱང་སྐར་ནས།

——————————–

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2625