ནུབ་ཕྱོགས་བྱིས་པའི་རྩོམ་རིག་ལོ་རྒྱུས་ལ་རྒྱུས་མངའ་དགོས་ན། ཨ་རབ་ཀྱི་སྒྲུང་དང་རྒྱ་གར་སྒྲུང་གཉིས་པོས་སྔ་ས་ནས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྒྲུང་གཏམ་རྩོམ་རིག་ལ་ཤུགས་རྐྱེན་ཐེབས་ཚུལ་ཤེས་དགོས། དཔེར་ན་ནུབ་ཕྱོགས་བྱིས་རྩོམ་གྱི་བརྩམས་ཆོས་ཐོག་མའི་གྲས<<ཨེ་སོབ་ཀྱི་ལེགས་བཤད་གཏམ་རྒྱུད>>དང་། <<ལེ་ན་ཧུ་སྒྲུང་གཏམ>> <<ལ་ཧྥེང་ཏན་གཏམ་རྒྱུད་སྙན་ངག>>སོགས་ནི་ཨ་རབ་ཀྱི་སྒྲུང་གཏམ་དང་རྒྱ་གར་སྒྲུང་གཏམ་གྱི་སྙིང་པོ་བསྡུ་ལེན་བྱས་པ་ཤ་སྟག་ཡིན། དེའི་མཇུག་ཏུ། ནུབ་ཕྱོགས་པ་ཚོས<<མཚན་ཞག་སྟོང་གི་གཏམ་རྒྱུད>>སོགས་པའི་ཨ་རབ་ཀྱི་སྒྲུང་གཏམ་ལ་དགའ་དད་ཡོད་པ་དང་ཆབས་ཅིག དབུས་ཤར་དང་། ཨེ་ཤ་ཡ་དབུས་རྒྱུད་ཀྱི་ཕུལ་དུ་བྱུང་བའི་ཨ་ཧྥེན་ཐི་དང་ཀྲུང་གོའི་སྒྲུང་གཏམ་ལ་དོ་སྣང་བྱེད་འགོ་ཚུགས། འོན་ཏང་ང་ཚོས་ཞིབ་འཇུག་བྱེད་པའི་ཁྱབ་ཁོངས་ཁྲོད་དུ་ཀྲུང་གོ་ཚུད་པའི་རྒྱལ་ཁབ་མང་པོའི་བྱིས་པའི་རྩོམ་རིག་གི་ལོ་རྒྱུས་འདུས་ཡོད། དེ་བས་ཀྱང་ནུབ་ཕྱོགས་རྩོམ་རིག་གིས་ཤར་ཕྱོགས་ལ་སྐྱེས་སུ་ཕུལ་བ་ནི་ཧ་ཅང་མང་ཞིང་གདམ་ཀ་བྱ་རྒྱུ་ཡང་མང་། རྩོམ་པ་པོའི་ཤེས་རབ་ལས་འཁྲུངས་པའི་དེང་རབས་ཀྱི་དྲི་བསུང་ཐུལ་བ་དག་ནི་ཤར་ཕྱོགས་པར་མཁོ་བའི་བསམ་པའི་རྒྱགས་ཕྱེ་ངོ་མ་དེ་ཡིན། བྱིས་པའི་རྩོམ་རིག་ཁྲོད་དུ་ཐོན་པའི་གཅེས་སྐྱོང་དང་ལྟ་རྟོགས་དེས་ཤར་ཕྱོགས་བའི་བྱིས་པར་དངོས་དངོས་བྱིན་བྱིན་གྱི་དྲོད་སྣང་ཐོབ། འོན་ཏེ་གཙོ་གནད་དང་། རིན་ཐང་། དོན་སྙིང་ཆེས་ཆེར་ལྡན་པ་ནི་བྱིས་པའི་མི་གཤིས་ལ་བརྩི་བཀུར་བྱེད་པ་དེ་ཡིན། དེས་ཤར་ཕྱོགས་བར་བྱིས་པའི་སེམས་ཁམས་དང་། ལུས་ཁམས། སློབ་གསོ། ངོས་འཛིན་གྱི་ཁྱད་ཆོས། སྒེར་གཤིས་སོགས་པའི་བརྩི་བཀུར་དག་གི་བློ་སྒོ་ཕྱེ་ཐུབ། དཔེར་ན་ཉི་ཧོང་གི་འཆད་ཁྲིད་གླེང་སྟེགས་ཀྱིས་མེན་རྗི་ལོ་སྟེ། སྤྱི་ལོ༡༨༦༨ནས་༡༩༡༢ལོའི་དབར་དཔར་དུ་བསྐྲུན་པའི་བྱིས་པའི་རྩོམ་རིག་བརྩམས་ཆོས་རྩེ་ཕུད་འགྱུར་མ་དག་གིས་ཉི་ཧོང་གི་རྩོམ་པ་པོའི་བློ་སྒོ་ཕྱེས་ཡོད། ནུབ་ཕྱོགས་ཀྱི་གྲགས་རྩོམ་འདིའི་ཁྲོད་དུ<<གོང་མའི་ན་བཟའ་གསར་པ>><<ཁེ་ལའོ་སེ་ཆེ་ཆུང་གཉིས>><<ལོ་གཉིས་ཀྱི་འཁོར་བཞག>><<རྒྱལ་སྲས་དང་དབུལ་ཕྲུག>><<དབུལ་ཕྲུག་འཁྱམ་ཉུལ་ཟིན་ཐོ>><<བུད་མེད་ཆུང་བ>><<ཧྥུ་ལན་ཏེ་སེའི་ཁྱི>><<སྲས་མོ་ཆུང་ཆུང>>སོགས་ཚུད་ཡོད། །
སྤྱི་ལོ༡༨༩༡ལོར། ཉི་ཧོང་གི་རྩོམ་པ་པོ་ཡན་ཀུ་ཞའོ་པོ(༡༨༧༠ནས༡༩༣༣བར)ཡི་དགྲ་ཤ་ལེན་རྒྱུའི་ནང་དོན་གཙོ་བོར་བྱས་པའི་བྱིས་པའི་བརྩམས་སྒྲུང་སྟེ<<སེར་གྱི་རིལ་བུ>>(ཁྱི་ཕྲུག་ཨ་ཧོང) དེས་སྔ་རབས་ཉི་ཧོང་བྱིས་པའི་རྩོམ་རིག་གི་ཤོག་ལྷེ་གསར་པ་ཞིག་ཁ་ཕྱེས་ཡོད། འོན་ཏེ<<གསེར་གྱི་རིལ་བུ>>ཡི་གསར་རྩོམ་ཁྲོད་དུ་དུས་རབས་བར་མའི་ཡོ་རབ་སྲོགས་ཆགས་ཀྱི་བྱུང་བརྗོད་སྙན་ངག <<ལེ་ན་ཧུ་སྒྲུང་གཏམ>> ལ་ལད་མོ་དང་། ཀེ་ལེན་བྱིས་སྒྲུང་དང་ཨན་ཐུ་ཧྲེང་བྱིས་རྩོམ་ལ་དཔེ་བསྡུར་དང་ཉིང་ཁུ་བསྡུ་རུབ་བྱས་ཡོད། ཀྲུང་གོའི་བྱིས་པའི་རྩོམ་རིག་གསར་རྩོམ་དར་བ་ནི་ཉི་ཧོང་ལས་འགོར་བ་ཡོད་ཅིང་། ནུབ་ཕྱོགས་རྩོམ་རིག་གི་ཤུགས་རྐྱེན་ཡང་ཧ་ཅང་ཆེ། ཀྲུང་གོའི་སྒྱུ་རྩལ་བརྩམས་སྒྲུང་བའི་གཏོད་པ་པོ་ཡད་ཧྲེང་ཐའོ་ཡིས་དུས་རབས་གསར་པའི་འགོར་བརྩམས་པའི་དྲན་གསོའི་ཟིན་ཐོ་སྟེ<<ང་དང་བྱིས་པའི་རྩོམ་རིག>>ཞེས་པའི་ནང་དུ”ངས་བྱིས་སྒྲུང་འབྲི་བ་ནི་ནུབ་ཕྱོགས་པའི་ཤུགས་རྐྱེན་ཐེབས་པ་ཞིག་ཡིན” ཀྲེང་ཀྲེན་ཡིད་ཀྱི་རྩོམ་རིག་ཤུལ་བཞག་ཁྲོད་ཀྱི་སྐད་ཆས་ཀྱང་སྐབས་དེའི་ཡད་ཧྲེང་ཐའོ་ཡི་རྩོམ་རིག་གི་ལྟ་བ་དེ་དོན་དངོས་དང་མཐུན་པ་ར་སྤྲོད་བྱེད་ཐུབ། ནུབ་ཕྱོགས་བྱིས་རྩོམ་གྱིས་བློ་སྒོ་ཕྱེས་བའི་རྨང་གཞིའི་འོག་ཏུ་ཀྲུང་གོའི་དེང་རབས་བྱིས་པའི་རྩོམ་རིག་གི་སྲོལ་གཏོད་པས་ཀྱང”བྱིས་སྒྲུང”སྣ་མང་རྙེད་དེ། རྩོམ་རིག་ཐབས་ལམ་འདིས”ཆུ་ཚོད་དེ་བས་མཐོ་བ་ཞིག་གི་ཐོག་ཏུ་རང་ཉིད་ཀྱི་དངོས་དོན་གསལ་བར་བྱེད་དགོས”(<<མ་ཁེ་སེ་དང་ཨེན་ཁེ་སེའི་བརྩམས་ཆོས་བདམས་བཏུས>>) དེའི་རྗེས་སུ་བྱིས་རྩོམ་དངོས་ལ་འཇུག་ཐུབ་ཡོད། རྒྱ་གར་ནི་དུས་ཡུན་རིང་པོར་དབྱིན་ཇིའི་ཞིང་བྲན་དུ་འགྱུར་བས། མ་གཞི་བྱིས་སྒྲུང་དང་། གཏམ་རྒྱུད་ཀྱི་ནང་དོན་ཕུན་སུམ་ཚོགས་རུང་། དབྱིན་ཇིས་འཁྲིད་པའི་ནུབ་ཕྱོགས་བྱིས་པའི་རྩོམ་རིག་བརྩམས་ཆོས་ཀྱི་འགྲོ་ལམ་ཐོག་ནས་མ་གཏོགས་དེང་རབས་མིས་ཟེར་བའི་བྲོ་བ་གསར་པ་དེ་རྙེད་མི་སྲིད། དེ་ནས་རིམ་བཞིན་རང་མི་རིགས་ཀྱི་དེང་རབས་བྱིས་པའི་རྩོམ་རིག་གི་མྱུ་གུ་འབུས་འགོ་ཚུགས་ཡོད། །
ནུབ་ཕྱོགས་པས་བྱིས་པའི་སེམས་ཁམས་དང་སློབ་གསོའི་ཞིབ་འཇུག་ཁྲོད་ནས་འབུར་དུ་ཐོན་པའི་སྔོན་ཤེས་སྔོན་རྟོགས་དང་། བྱིས་པའི་རྩོམ་རིག་གསར་རྩོམ་ཁྲོད་ཀྱི་ཕུན་ཚོགས་རང་བཞིན། དེ་བཞིན་འཛམ་གླིང་བྱིས་རྩོམ་གྱི་འགུག་ཤུགས་བཅས་ཀྱིས་ནུབ་ཕྱོགས་བྱིས་རྩོམ་ལོ་རྒྱུས་ལ་ཞིབ་འཇུག་བྱེད་རྒྱུ་ཐག་བཅད་ཅིང་། དེ་ནི་ཚད་ཟབ་པོའི་ཐོག་ནས་འཛམ་གླིང་བྱིས་རྩོམ་ལ་ཞིབ་འཇུག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པའང་ཚོར། ( དེའི་ནང་དུ་ཀྲུང་གོའི་བྱིས་རྩོམ་ཚུད་ཡོད) སྔོན་འགྲོའི་ཆ་རྐྱེན་འདི་མ་ཚང་བར་ཤར་ཕྱོགས་རྒྱལ་ཁབ་ཁག་གི་བྱིས་པའི་རྩོམ་རིག་ལ་ཞིབ་འཇུག་བྱ་བའི་ལམ་ལ་བཞུགས་ན་ནི་གནད་དུ་མ་འཕིགས་པ་དང་། ཉིང་བསྡུས་མེད་པ། ངོས་འཛིན་གསལ་པོ་མེད་པའི་ཞིབ་འཇུག་ཏུ་འགྱུར་འགྲོ ཧང་སང་དགོས་པའི་དཔེ་ཞིག་བཞག་ན། སྐུ་ཞབས་ལུའུ་ཞུན་གྱིས་སྔོན་མ་དགའ་ཞེན་ཆེན་པོའི་སྒོ་ནས་ཨུ་རུ་སུའི་རྩོམ་པ་པོ་ལོ་ཤན་ཁེའི་བྱིས་རྩོམ་ལ་དཔེ་བསྡུར་དང་ཡིག་བསྒྱུར་བྱས་ཡོད། འོན་ཏེ་ངས་ཨུ་རུ་སུ་དང་སུ་ལན་གྱི་བྱིས་པའི་རྩོམ་རིག་ལོ་རྒྱུས་ལ་ཞིབ་འཇུག་བྱས་ཚར་དུས། སྐུ་ཞབས་ལུའུ་ཞུན་གྱིས་བསྒྱུར་བའི་རྩོམ་བདག་ནི་ཨུ་རུ་སུའི་ས་རུ་སྐད་གྲགས་དེ་ཙམ་མེད་པ་ཤེས། ཨུ་རུ་སུའི་བྱིས་རྩོམ་ལོ་རྒྱུས་ཅི་ཞིག་གི་ཐོག་ཏུའང་སྐུ་ཞབས་ལོ་ཤན་ཁེ་དང་ཁོང་གི་ལྗགས་རྩོམ་རྙེད་རྒྱུ་མིན་འདུག སྐུ་ཞབས་ལུའུ་ཞུན་གྱིས་བསྒྱུར་བའི་ཨའོ་ཏ་ལིའི་རྩོམ་པ་པོ་ཀྲེ་འར་མའེ་ལུན་གྱི་བྱིས་སྒྲུང་ཡང་གོང་གི་གནས་ཚུལ་བཞིན་དུ་གཅིག་པར་སྣང་། ཀྲུང་གོའི་དཔྱད་རྩོམ་འགའ་རེའི་ཐོག་ནས་གནད་དོན་དངོས་ཀྱི་མཐིལ་གསལ་པོ་མི་མཐོང་། ཏུང་ཀེས་གོང་གི་རྩོམ་པ་པོ་ཁོང་གཉིས་ནི་ཀེ་ལེན་ཕུ་ནུ་དང་། ཨན་ཐུ་ཧྲེང་། ཝང་ཨར་ཏེ་སོགས་ཀྱི་དབུས་སུ་བསྟར་འདུག་མོད། འདི་འདྲའི་རྩོམ་རྣམས་སྐུ་ཞབས་ལུའུ་ཞུན་གྱིས་བསྒྱུར་བ་ཡིན་རྐྱེན་རྩོམ་རིག་གི་རྩེ་ཕུད་དང་སློབ་དཔོན་གྲས་སུ་འཇོག་པ་དེས་ངེད་ཚོའི་རྒྱལ་ཁབ་ཀྱི་ཤེས་ཡོན་པ་འགའ་རེའི་རིག་གཞུང་མི་བརྟན་པ་དང་། ནན་ཏན་མེད་པ། དེ་བཞིན་ཕྱིའི་དཔྱད་གཞི་ནས་ཐད་དཀར་སྔོན་བྱོན་མཁས་པའི་ཚད་ཐིག་འཇལ་བཞིན་པ་མཚོན་ཐུབ། །
ཝེ་ཝིས་བརྩམས། སྤྱི་ལོ༢༠༡༩ལོའི་ཟླ༡པོའི་ཚེས༢༥ཉིན་མལ་གྲོ་གུང་དཀར་ནས་རྫོགས་པར་བསྒྱུར་བ་དགེའོ། །
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2607
དཔྱད་མཆན་སྤེལ།