སྤྱིར་ང་ཚོའི་ལས་ཁང་གིས་བོད་སྐད་སྐད་མཛོད་ལ་ཞིབ་འཇུག་བྱེད་ཀྱིན་ཡོད་ལ། བོད་ཀྱི་སྐད་ཡིག་དར་ཁྱབ་སྐོར་རམ།  རང་མི་རིགས་ཀྱི་སྐད་ཆའི་ཁྲོད་དུ་རང་སྐད་ཡིག་བརྒྱ་ཆ་ག་ཙམ་ཞིག་ཟིན་འདུག་ཡོད་པ་སོགས་སུ་ཞིབ་འཇུག་བྱས་པའི་མཇུག་འབྲས་ཀྱི་ཆ་ཤས་ཙམ་འདིར་བརྗོད་འདོད་བྱུང་སོང་། མ་གཞི་ནས་ང་ཚོས་ལོ་2-75བར་གྱི་མི་སོ་སོས་སྤྱོད་བཞིན་པའི་སྐད་ཆ་རྣམས་བརྒྱ་ཆར་གཞལ་ནས་བརྩིས་ཡོད་མོད། ངས་དེ་རིང་འདིར2-8བར་གྱི་བྱིས་པ་ཞིག་གིས་སྐད་ཆ་བཤད་པ་ཐ་སྙད་དག་བརྩིས་ཤིང་བརྒྱ་ཆར་གཞལ་ནས་བརྩིས་པ་ལས་གཞན་རྣམས་འདིར་བཀོད་མེད།
    སློབ་གྲྭར་མ་སོང་སྔོན་གྱི་ད་ལྟའི་བོད་དམངས་ཁྲོད་ཀྱི་བྱིས་པ་ལོ་ན་གཉིས་ཅན་ཞིག་གིས་སྐད་ཆ་བཤད་པའི་བརྒྱ་ཆ90.11%ཙམ་ནི་བོད་སྐད་ཡིན་ཞིང་། བརྒྱ་ཆ4.95%ཙམ་རྒྱ་སྐད་རེད་འདུག་ལ་ལོ་ན་གཉིས་ཅན་གྱི་བྱིས་པ་ཞིག་གིས་སྐད་ཆའི་ཁྲོད་དུ་བཀོལ་སྤྱོད་བྱེད་བཞིན་པའི་ཐ་སྙད་ཀྱི་གྲངས་ཀ་ནི1166ཡས་མས་ཤིག་རེད་འདུག་གོ། དེ་བཞིན་ལོ་ན་གསུམ་ཅན་གྱི་བོད་དམངས་ཁྲོད་ཀྱི་ད་ལྟའི་བྱིས་པ་ཞིག་གིས་སྐད་ཆ་བཤད་པའི་བརྒྱ་ཆ་81.99%ཙམ་ནི་བོད་སྐད་རེད་འདུག་ལ། བརྒྱ་ཆ་11.91%ཙམ་ནི་རྒྱ་སྐད་བཤད་ཀྱིན་འདུག ཁོས་བཀོལ་བཞིན་པའི་ཐ་སྙད་ཀྱི་གྲངས་ཀ་ནི 1921ཡས་མས་ཤིག་རེད།  དེ་ག་ནང་བཞིན་ལོ་ན་བཞི་ཅན་གྱི་བྱིས་པ་ཞིག་ལ་མཚོན་ནའང་ཁོས་སྐད་ཆའི་ཁྲོད་ཀྱི་བརྒྱ་ཆ79.76%ཙམ་བོད་སྐད་ཡིན་ཞིང་བརྒྱ་ཆ14.13%རྒྱ་སྐད་བཤད་བཞིན་འདུག  བཀོལ་བཞིན་པའི་ཐ་སྙད་ཀྱི་གྲངས་ནི4363ཡས་མས་རེད་འདུག དེ་བཞིན། ལོ་ལྔ་ཅན་ཞིག་གིས་བོད་སྐད་བཤད་པའི་སྐད་ཆའི་བརྒྱ་ཆ་ནི 74.55%དང་རྒྱ་སྐད་བཤད་པའི་བརྒྱ་ཆ་ནི16.35%6རེད་འདུག་ལ། ཁོས་སྐད་ཆའི་ཁྲོད་དུ་ཐ་སྙད 7421ཡས་མས་ཤིག་བཀོལ་སྤྱོད་བྱེས་བཞིན་འདུག  དེ་ནི་ལོ་གཉིས་དང་ལོ་དྲུག་བར་གྱི་བྱིས་པ་ཞིག་གིས་སྐད་ཆ་བཤད་པའི་ཐ་སྙད་ཀྱི་སྤྱི་སྡོམ་དང་བོད་སྐད་དང་རྒྱ་སྐད་བཤད་པའི་བརྒྱ་ཆའི་ཚད་ཙམ་རེད།  དེ་བཞིན་སློབ་ཆུང་འདོན་སྦྱིན་པའི་སློབ་མ་ཞིག་གི་སྐད་ཆའི་ཁྲོད་དུ་ཐ་སྙད་ག་ཙམ་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དང་བརྒྱ་ཆའི་ག་ཙམ་བོད་སྐད་དང་བརྒྱ་ཆའི་ག་ཙམ་རྒྱ་སྐད་རེད་འདུག་པའི་སྐོར་ལ་ཞིབ་འཇུག་ཙམ་བྱས་ན།  ལོ7ཅན་གྱི་སློབ་མ་ཞིག་གིས་སྐད་ཆ་བཤད་པའི་ཁྲོད། བོད་སྐད་བཤད་པའི་བརྒྱ་ཆ་ནི་70.40%ཟིན་ཡོད་ཅིང་། རྒྱ་སྐད་བཤད་པའི་བརྒྱ་ཆ་ནི 21.45%ཡིན་འདུག་ལ་ཁོང་ཅག་གིས་བཀོལ་སྤྱོད་བྱེད་བཞིན་པའི་ཐ་སྙད་ཀྱི་གྲངས་ཀ་ནི 7334ཡས་མས་ཤིག་ཡིན་འདུག  ལོ་8ཅན་གྱི་བོད་ཀྱི་སློབ་ཆུང་སློབ་མ་ཞིག་ལ་མཚོན་ནས་བཤད་ན་ཁོས་བཤད་པའི་སྐད་ཆའི་བརྒྱ་ཆ་64.76%ཙམ་བོད་སྐད་ཡིན་ཞིང་། བརྒྱ་ཆ 24.49%ནི་རྒྱ་སྐད་རེད་འདུག  དེ་བཞིན་ཁོས་སྐད་ཆའི་ཁྲོད་བཀོལ་བཞིན་པའི་ཐ་སྙད་ཀྱི་གྲངས་ཀ6964ཡས་མས་རེད་འདུག  ད་འདི་ནས་བསམ་གཞིག་ཅིག་བཏང་ན།  བོད་དམངས་ཁྲོད་ཀྱི་སྐད་ཆའི་ཁྲོད་དུ་བརྒྱ་ཆ་ག་ཙམ་བོད་སྐད་ཡིན་ཞིང་།  བརྒྱ་ཆ་ག་ཙམ་རྒྱ་སྐད་རེད་འདུག་པ་སྔོན་དུ་བཤད་ཟིན་པ་དེ་རེད།  ད་འདི་ནས་བསམ་བློ་གཏོང་རྒྱུ་ཞིག་ནི་ལོ་ཆེ་རུ་སོང་བ་དང་བསྟུན་བོད་སྐད་ཀྱི་སྐད་ཆ་བཤད་པའི་བརྒྱ་ཆ་ཉུང་ངུར་འགྲོ་བཞིན་ཡོད་ཅིང་མི་རིགས་གཞན་པའི་སྐད་ཆ་བཤད་པའི་བརྒྱ་ཆའི་གྲངས་འཕེལ་བཞིན་ཡོད་ན། དེ་རིང་ཁ་སང་བོད་སྐད་ཡིག་ནི་ཉེན་ཚབ་ཆེ་བའི་དུས་སྐབས་ཤིག་ལ་ཁེལ་འདུག་པ་ཤེས་ཐུབ་བོ།།  ངས་བལྟས་ན་འུ་ཅག་ད་རུང་ཉེན་ཚབ་ཀྱི་དུས་ན་ཡོད་པ་ལས་ཡིད་ཆད་ཀྱི་དུས་ན་མེད་པ་འདྲ་བས་ཅིས་ཀྱང་འུ་ཅག་གིས་རང་སྐད་ཡིག་བཀོལ་སྤྱོད་མང་ཙམ་གནང་རྒྱུ་ནི་གལ་ཆེ་བར་ཆགས་ཡོད།  དུས་ཚོད་འདི་འདྲ་བ་ཞིག་གི་ནང་དུ་འུ་ཅག་སྔར་བཞིན་བསྡད་ན་ཉིན་ཞིག་བོད་ཅེས་པའི་མི་རིགས་ཤིག་གོ་ལ་འདི་ནས་མེད་པར་ཆགས་པའི་ཉེན་ཚབ་ཆེན་པོ་འདུག་པས།  རང་མི་རིགས་ཀྱི་ལོ་ཆུང་བྱིས་པ་ཚོའི་ཁ་རུ་བོད་སྐད་དག་མ་ཞིག་འགོ་ཨུ་ཐུབ་ལྟ་རྒྱུ་ནི་གནད་འགག་གི་གནད་འགག་རེད་འདུག་པ་འདྲ་བས་བོད་མི་རིགས་ཕ་མ་སོ་སོའི་བྱིས་པ་དག་ནི་མི་རིགས་གཞན་ཞིག་ཏུ་བསྒྱུར་མི་འཇོག་པ་གལ་ཆེའོ།། ད་རུང་གསལ་བཤད་བྱེད་དགོས་པ་ཞིག་ནི་གོང་གི་ཐ་སྙད་ཀྱི་སྤྱི་སྡོམ་དག་སྟེ་དཔེར་ན་ལོ་བདུན་ཅན་གྱིས་བཀོལ་བའི་ཐ་སྙད་ཀྱི་གྲངས་དང་བརྒྱད་ཅན་གྱིས་བཀོལ་བའི་ཐ་སྙད་ཀྱི་གྲངས་གཉིས་ལ་ལོ་བརྒྱད་ཅན་གྱིས་བཀོལ་བའི་ཐ་སྙད་ཀྱི་གྲངས་ལས་ཉུང་བར་ཆགས་འདུག་པ་ནི་ང་ཚོས་དམངས་ཁྲོད་ཀྱི་སྒྲ་ལེན་པའི་གྲངས་ཀར་མང་ཉུང་ཤོར་སོང་བས་ཡིན་པ་ནི་གོ་བར་གྱིས་ཤིག།

                          ༢༠༢༢-༡-༢༠ཉིན་བྲིས།ཞྭ་ནག་པ། (གསེར་རྟ)

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2603