【ནང་དོན་གནད་བསྡུས། 】 རྒྱ་བོད་ཀྱི་ལོ་རྒྱུས་ཡིག་ཚང་རེ་འགའ་ལ་གཞི་བཅོལ་ཏེ་ཞང་ཞུང་སྒོ་ཕུག་བར་གསུམ་མངའ་རིས་ཀྱི་རྒྱ་ཁྱོན་དང་ཞང་ཞུང་ཞེས་པའི་ཐ་སྙད་འདི་ཕྱིས་བྱུང་གི་བཏགས་མིང་ཙམ་མ་ཡིན་པར་གནའ་ནས་རུས་སམ་ཚོ་བ་གང་རུང་ཞིག་གི་མིང་ལ་ཆགས་ཡོད་ཚུལ་རགས་ཙམ་བརྗོད་པ།
【བརྡ་ཆད་གཙོ་བོ། 】 ཞང་དང་ཞུང་། ཁྱུང་།
དེ་ཡང་མཁས་དབང་དཔལ་ཚུལ་གྱིས་མཛད་པའི་《 གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》 ལས“ སྟོད་ན་ཁ་ཆེའི་ཡུལ་མཚམས་སེང་གི་ཕྱིན།། བྱང་ཕྱོགས་ཧོར་གྱི་གངས་རྒྱུད་ཚུད་དང་སྨད།། སུམ་པ་གླང་གི་གྱིམ་ཤོད་ཡན་ཆད་དང་།། ལྷོ་རྒྱུད་རྒྱ་གར་བལ་པོའི་ཡུལ་ཁམས་ཚུན།།” ཞེས་སྟོད་ཁ་ཆེ་དང་ཨུ་རྒྱན་ཏ་ཟིག་དག་གི་ཤར་མཐར་ཐུག་ཅིིང་། བྱང་ཧོར་རམ་སོག་པོ་མེ་ཉག་གངས་རྒྱུད་ཀྱི་ལྷོ་མཚམས་བར། ཤར་སམ་པ་གླང་གི་གྱིམ་ཤོད་དེ་དེང་གི་ཁྱུང་པོ་རྩེ་དྲུག་རི་བོ། དེ་མིན་ཙི་ན་དང་འ་ཞ་འཇང་སོགས་ཀྱི་ནུབ་མཐའི་ཡན་ཆད། ལྷོ་རྒྱ་གར་དང་བལ་བོ་འབྲུག་ཡུལ་དག་གི་བྱང་མཐར་ཐུག་པའི་མངའ་རིས་ཆེན་པོ་དེར་དུས་རབས་བདུན་པའི་ཡན་ལ་ཀུན་གྱིས་ཞང་ཞུང་ཞེས་འབོད་པར་ལགས་སོ།
ཡང་ལ་ལས་ཞང་ཞུང་ནི་དེང་གི་སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རུ་བཞི་སྨད་མདོ་ཁམས་སྒང་དྲུག་ཅེས་ཕྱེ་བའི་ནང་ཚན། སྟོད་མངའ་རིས་ཙམ་ལ་ངོས་འཛིན་གྱིན་ཡོད་མོད། དེ་ཡང་བདེན་པའི་གཏམ་དུ་མ་ངེས་ཏེ་《 ཞང་ཞུང་སྙན་བརྒྱུད་བོན་མ་ནུབ་པའི་གཏན་ཚིགས》( ཤ༢༢༣ཕ༡༤)ལས ་“ དེ་དུས་ཞང་ཞུང་གི་རྒྱལ་པོ་ལིག་མི་རྐྱ་བཞུགས། ཞང་ཞུང་གི་དམག་སྟོང་སྡེ་དང་ཁྲི་དགུ་འབུམ་ཡོད་པའི་སྟེང་དུ་སུམ་པ་སྟོང་བུ་ཆུང་ཡན་ཆད་མངའ་རིས་ཡིན” ཞེས་དང་སུན་ཀྱིན་རིན་སོགས་ཀྱིས་བརྩམས་བསྒྲིགས་བྱས་པའི་རྒྱ་ནག་གི་ལོ་རྒྱུས་《 ཚིས་ཧྥེའུ་ཡོན་ཀོ》( སི ཤ༢༤ཕ༩)(册府元龟)ལས་“ཞང་ཞུང་ཆེ་བའི་རྒྱལ་ཁབ་ནི་ཤར་ནས་བོད་དང་ནུབ་ནས་ཞང་ཞུང་ཆུང་བ། བྱང་ནས་ལི་ཡུལ་དང་འབྲེལ་ཞིང་ཤར་དུ་ལེ་བར་སྟོང་ཕྲག་ལྷག་དང་། ཧྲག་དམག་ཁྲི་ཕྲག་བརྒྱད་དགུ་ཡོད”ཅེས་ཞང་ཞུང་མངའ་རིས་ཀྱི་རྒྱ་ཁྱོན་དང་དམག་དཔུང་སྟོབས་འབྱོར་སོགས་ཧ་ཅང་རྒྱ་ཆེ་བ་ཞིག་བསྟན་ཡོད་པ་མ་ཟད། ཞང་ཞུང་ཆེ་བ་དང་ཆུང་བ་ཞེས་རྒྱལ་ཁབ་ཐ་དད་ཀྱི་ཚུལ་དུ་བཀར་ཡོད་ཀྱང་། དོན་ལ་ཞང་ཞུང་སྒོ་ཕུག་བར་གསུམ་དག་ལས་མ་འདས་སྙམ། ཡང་རེ་འགས་དེ་ལས་ཀྱང་གུ་དོག་གི་ཚུལ་དུ་ཞང་ཞུང་ནི་མཁར་རྫོང་ག་གེ་མོ་ཞིག་གི་མིང་སྟེ་དེང་གི་གུ་གེ་ཞེས་པའི་མཁར་ཤུལ་དེ་ཙམ་ལ་ངོས་བཟུང་ནས་ཕྱི་ནང་ལོ་རྒྱུས་སྨྲ་བའི་གྲལ་དུ་ཡིན་མདོག་གི་འཇའ་རིས་བྱུང་རྒྱལ་དུ་འཐེན་ཡང་། མཁར་རྨེའུ་བ་མཆོག་གིས་མཛད་པའི་《 མདའ་དང་འཕང་ 》 ( པེ སྟ ཤ༢༥༥ ཕ༨ )ནང་དུ་“ཉེ་བའི་དུས་སུ་བོད་ཀྱི་ཞིབ་འཇུག་པ་ཁག་གཅིག་གིས་དགེ་ལུགས་པའི་ལོ་རྒྱུས་མཁན་པོ་རྣམས་ཀྱིས་གསུངས་པའི་གུ་གེ་དང་ཞང་ཞུང་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཞེས་པའི་གཏམ་ལ་བློ་གཏད་ཡོད། འོན་ཀྱང་། དོན་དངོས་ཐོག་གུ་གེ་ནི་ཞང་ཞུང་གི་ཆ་ཤས་གཅིག་གམ་རྒྱལ་ཕྲན་ཆུང་ཆུང་ཞིག་ཡིན་ནོ།།” ཞེས་གུ་གེ་ནི་ཞང་ཞུང་རྒྱལ་ཁབ་ཀྱི་མངའ་རིས་སུ་གཏོགས་པའི་རྒྱལ་ཕྲན་ཆུང་ངུ་ཞིག་གམ་ནང་ཁུལ་གྱི་ས་ཆ་ག་གེ་མོ་ཞིག་གི་ཡུལ་མིང་ཞིག་ལ་ངོས་འཛིན་པ་འདི་ལུང་རིག་གང་ལ་ལྟོས་རུང་མཁས་པའི་ལེགས་བཤད་ཅིག་ལ་གལ་དུ་དམིགས་སོ།།
དེ་མིན་《དར་རྒྱས་གསལ་སྒྲོན》དང་《 ལེགས་བཤད་གཏེར་མཛོད》《འཛམ་གླིང་དབུས་ཀྱི་རྣམ་བཞག་ཉེར་མཁོའི་སྣང་བ》《ལྷ་རྒྱུད་རིན་ཆེན་ཕྲེང་བ》སོགས་ཀྱིས་མཚོན་པའི་བོན་གྱི་ཁུངས་ལྡན་ལོ་རྒྱུས་ཕལ་མོ་ཆེར་ཞང་ཞུང་ཞེས་པའི་རྒྱལ་ཁབ་ཆེན་པོ་དེར་ནང་གསེས་སུ་སྒོ་ཕུག་བར་གསུམ་དང་།དེའི་སྒོ་བ་དེ་ལའང་སྒོ་ཕུག་བར་གསུམ་སོགས་ཕྱེ་ཡོད་པ་མ་ཟད། དེའི་མངའ་རིས་ཀྱི་ཕྱོགས་མཚམས་དང་ཁྱབ་ཁུངས། རྒྱལ་ཁབ་ཀྱི་འབྱུང་རིམ་དང་མངའ་མཛད་བྱ་རུ་ཐོབ་པ་བཅོ་བརྒྱད། རྒྱལ་ཕྲན་སིམ་མ་བཞི་བཅུ་སོགས་ཀྱི་མཚན་རིམ་དང་མཛད་ཕྲིན་རྣམས་རྒྱས་སྤྲོས་གནང་བ་ལ་བལྟས་ནའང་། བོད་ཆེན་པོའི་རྒྱལ་སྲིད་མ་ཚུགས་ཡར་སྔོན་དུས་ཡུན་རིང་བོ་ཞིག་ལ་ཕྱི་སྲིད་འབྱོར་མངའ་ཐང་དང་ནང་བོན་རིག་དཔལ་གསུམ་གང་གི་ཐོག་ནས། གཞན་ཁྱིམ་མཚེས་ཀྱི་རྒྱལ་ཁབ་ཀུན་ལས་ཡང་རྩེ་ལྟར་སོན་པའི་རང་བཙན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པར་ངེས་སོ།།
དེའང་“ཞང་ཞུང”ཞེས་འབོད་པའི་ཐ་སྙད་འདོགས་ཚུལ་གྱི་ཐད་ལ་སྔ་རབས་བོན་གྱི་ལོ་རྒྱུས་མཁན་ཚོས་དཔྱོད་རིན་མེད་པ་ཞིག་ལ་དགོངས་པའམ་ཡང་ན་གལ་མེད་དུ་སྣང་བའམ། དེ་མིན་ཐ་སྙད་ཙམ་ལ་དཔྱོད་སྲོལ་མེད་པའམ། གང་ལྟར་འདིའི་ཐད་ལ་འདོད་སྟངས་དང་དགོས་པ་དང་རྒྱ་མཚན་སོགས་གལ་དུ་བཟུང་ནས་ཆེད་དུ་བཀོད་པ་དེ་ཙམ་མེད་ཀྱང་། དེས་ན་ཁུངས་བཙན་ལོ་རྒྱུས་ཤིག་ལ་བརྟེན་ནས་དངོས་ཐོག་བདེན་འཚོལ་གནད་དུ་ཁེལ་བའི་གཏན་ཚིགས་ཤིག་བསྒྲུབ་རྒྱུ་དེ་བས་ཀྱང་དཀོན་འདུག་མོད། དེང་གི་ཕྱི་ནང་ལོ་རྒྱུས་སྨྲ་དབང་ཆེན་མོ་ནམ་མཁའ་ནོར་བུ་དང་གཞན་ཞིབ་འཇུག་མཁན་འགའ་ཞིག་གི་བཞེད་ཚུལ་ལྟར་ན། ཐོག་མར “ཞང” ཞེས་པའི་ཐ་སྙད་འདི་《ནོར་བུའི་མེ་ལོང་》 ( སི ཤ༢༦ ཕ༥) ལས “ཞང་ཞུང་གི་ཞང་ཞེས་པའི་ཚིག་འདི་ནི་ཕྱིས་སུ་བོད་ཀྱིས་སྦྱར་བའི་ཐ་སྙད་ཅིག་ཡིན་ལས་ཆེ། གང་ལ་ཟེར་ན། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་རྒྱ་ནག་གི་གོང་མ་ཐང་གི་སྲས་མོ་ཁབ་ཏུ་བཞེས་པའི་རྒྱུ་མཚན་གྱིས། བོད་མིས་རྒྱ་ནག་ལ་ཞང་གི་ཐ་སྙད་བེད་སྤྱོད་བྱས་ཡོད་པ་ནི། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་ཞང་ཞུང་བཟའ་ལི་ཐིག་སྨན་ཁབ་ཏུ་བཞེས་པས་མཚོན། ” ཞེས་བོད་རྒྱལ་སོ་གཉིས་པ་སྲོང་བཙན་གྱིས་ཞང་ཞུང་བཟའ་ལི་ཐིག་སྨན་ཁབ་ཀྱི་ཆེན་མར་བཞེས་ཡོད་པས། ཞང་ཞུང་གི་རྒྱལ་པོ་ནི་བོད་ཀྱི་རྒྱལ་པོའི་ཞང་བོ་ཡིན་པ་ལ “ཞང” ཞེས་པའི་ཐ་སྙད་འདི་ཞུང་གི་སྡུན་དུ་ཞེ་ཚིག་གི་ཚུལ་དུ་དུས་དེ་ཙམ་ནས་སྦྱར་བར་བཀོད་འདུག་མོད།ཡང་ཁོང་གིས་མཛད་པའི་《ལོ་རྒྱུས་གཡུ་ཡི་ཕྲེང་བ》ལས་ “བོད་སྐད་དུ་མ་རྒྱུད་ཀྱི་སྤུན་ཟླར་ཞང་འབོད་པའི་སྲོལ་དེ་ཡང་། སྤུ་རྒྱལ་གྱི་གདུང་རབས་ཉེར་བདུན་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་བཙུན་མོ་རྣམ་ཟ་མང་དགར་ལ་ལྷ་སྲས་ཁྲི་གཉའ་གཟུང་བཙན་འཁྲུངས་པ་དེས་ཡུམ་གྱི་ཉེ་དུར་གཏོགས་པའི་རིགས་པའི་རིགས་རུས་རྣོ་ལ་ཞང་དུ་བོས་པ་དེ་ནས་ཞང་ཞེས་པའི་མིང་དེ་ཆགས” ཞེས་པར་ལྟར་ན་སྲོང་བཙན་ཡར་སྔོན་གྱི་བོད་ཀྱི་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྲས་ཁྲི་གཉའ་གཟུང་བཙན་གྱི་དུས་དེ་ནས་མིང་དེ་འདྲ་ཆགས་པ་ལྟར་ན་སྲོང་བཙན་ཡན་གྱི་ཐ་སྙད་ཅིག་ཡིན་པར་གསལ། དེང་གི་ཞིབ་འཇུག་པ་མང་ཤོས་ཀྱིས་བཞེད་ཚུལ་འདི་གཉིས་རྩིས་སུ་འཛིན་པར་སྣང་། ཡང་ཞུ་ཡས་ཉི་མ་གྲགས་པའི《ཞང་བོད་སྒྲ་སྡེབ》ཏུ་ཞང་ལ་བོད་སྐད་དུ་བྱ་དང་། ཞུང་ལ་བོད་སྐད་དུ་ཁྱུང་ཞེས་བསྒྱུར་ཡོད། དེ་ལྟར་ཞང་སྐད་ཀྱི “ཞང” ཞེས་པ་ནི་བོད་སྐད་དུ་ “བྱ” ཞེས་པ་ལ་འཇུག་ཅེས་དོན་ལ་བྱ་ཁྱུང་ཞེས་བཀྲལ་འདུག་མོད། དེ་ཡང་ཞུང་ངམ་ཁྱུང་གི་ཚིག་ལ་ལྟོས་སྟེ་འབྲེལ་ཆགས་ཀྱི་ཞེ་འདོད་ཙམ་ལས་ཁུངས་ལྡན་གྱི་ལོ་རྒྱུས་ཤིག་མཐོང་ལམ་དུ་མ་གྱུར་བས་བདེན་པ་དེ་ཙམ་མ་མཐོང་། གཞན་《འབེལ་གཏམ་ལུང་གི་སྙིང་པོའི》ནང་དུ་ཞང་ཞུང་ཞེས་པའི་ཐ་སྙད་དེ་བོད་སྐད་དུ་ཁྱུང་ལུང་ངམ་ཁྱུང་པོའི་ལུང་པ་རུ་གོ་བར་བསྟན་ཡོད།དེ་ཡང་ཞང་ནི་ལུང་དང་ཞུང་ནི་ཁྱུང་སྟེ་དོན་ལ་ཁྱུང་ལུང་ཞེས་བསྒྱུར་བ་ནི་དེང་གི་ཞིབ་འཇུག་པ་ཕལ་ཆེར་ཞིག་གི་འདོད་སྟངས་ཡིན་ནོ།།
དེ་མིན་གོང་གི་རྒྱ་ནག་གི་ལོ་རྒྱས་ཡིག་ཚང (ཚིའེ་ཧྥེའུ་ཡོན་ཀོ།) ( སི ཤ༢༤ ཕ༧) (册府元龟) ཞེས་པ་ལས་ཞང་ཞུང་ལ་དབྱང་ཐོང (羊同) ཞེས་འབོད་པ་སྒྲ་གདངས་ནའང་“ཞང་ཞུང་” ཞེས་པའི་སྒྲ་དང་ཤིན་ཏུ་ཉེ་བས“ཞང་ཞུང་” བྱ་བའི་མིང་འདི་གནའ་སྔ་མོ་ཞིག་ནས་ཆགས་པའི་ཞང་སྐད་ཀྱི་ཐ་སྙད་རྙིང་ཤོས་ཤིག་ཡིན་པར་མངོན། ཡང (རླབས་ཀྱི་པོ་ཏི་བསེ་རུ་རྒྱས་པ) ( བོ ཤ༧ ཕ༡༣) ནང་དུ་“བལ་པོ་བལ་ཡོ་བལ་གཟིགས་གསུམ། མ་སྟོང་བལ་སྟོང་ཅོན་སྟོང་དྲུག མར་པ་ཞང་ཆུང་སྤུ་རང་དགུ། སྟོད་ཀྱི་ཨ་དཀར་མཆེད་དགུ་ཡིན།” ཞེས་ཨ་དཀར་མཆེད་དགུ་བྱ་བའི་རུས་རྒྱུད་ཀྱི་ནང་ཚན་ཞང་ཆུང་ཞེས་པའི་རུས་རྒྱུད་དམ་ཚོ་ཆུང་ཞིག་ཡོད་པར་མ་ཟད། དེའི་ཚིག་ཟུར་ལ་བརྟགས་ན་ཞང་ཆེན་དང་ཞང་འབྲིང་བྱ་བའི་རུས་རྒྱུད་ཅིག་ཀྱང་ཡོད་པ་ལ་ངེས་པ་མེད་སྙམ། དེ་ཡང་གང་ལ་ཟེར་ན། ཆེ་བ་ལ་ལྟོས་ཏེ་ཆུང་བ་དང་ཆུང་བ་ལ་བརྟེན་ནས་ཆེ་བ་ཞེས་པའི་ཐ་སྙད་འདི་འགྲུབ་དགོས་པས་དེ་འདྲ་ཡོད་པར་སྒྲུབ་བྱེད་དུ་བཀོད་ཀྱང་མི་ཆོག་རྒྱུ་ཕལ་ཆེར་མེད་དམ་སྙམ། ཡང་《ཡ་ཐོག་ཤེས་རིག་གི་མཐའ་དཔྱད》(ཀ ཤ༤ ཕ༡༤) ནང་དུ་ “ཞང་ནི་གནའ་སྔ་མོ་ཞང་ཞུང་ས་ཁུལ་གྱི་རུས་རྒྱུད་ཚོ་ཁག་གཅིག་གི་མིང་ཡིན་པ་འདོད།” ཅེས་དང་ཡང 《མངའ་རིས་དང་ཞང་ཞུང་གི་མིང་བྱུང་ཚུལ་སྐོར་ལ་རགས་ཙམ་དཔྱད་པ 》( པེ ཤ༣༢ ཕ༢༡) ལས་“ཁོ་བོས་བལྟས་ན་ཞང་ཞེས་པ་གནའ་སྔ་མོ་ཞང་ཞུང་ས་ཁུལ་ལ་ཡོད་པའི་ཞང་ཞེས་པའི་རུས་ཚོ་ཁག་ཅིག་གི་མིང་ཡིན་པར་འདོད། རྒྱུ་མཚན་ནི་《བོད་ཀྱི་ཚིག་མཛོད་ཆེན་མོ》(པེ སྨ ཤ ༢༣༧༢ ཕ༨) ནང་ཞང་ནི་སྔར་བོད་ཀྱི་རུས་ཤིག་གི་མིང་ཡིན་ཞེས་བརྗོད་པ་དང་།” གཞན་ཡང་ 《ཞང་ཞུང་གླེང་བ》 ( པེ ཤ༢༥ ཕ༡༤) ཞེས་པའི་ཆེད་་རྩོམ་ནང་“སྤྱི་ལོ་༧༦༡ལོར་ཞང་སྟོད་རྩན་གྱིས་ཟུང་ཆུ་དང་ཟངས་ཀར་དབང་དུ་བསྡུས་པ་རེད་ཅེས་དང་། ལོ་ཙ་བ་སྐ་ཅོག་ཞང་གསུམ་ལས་ཞང་ཡེ་ཤེས་སྡེ་སོགས་རུས་ཞང་ལས་མཆེད་པའི་མི་རྒྱུད་མང” ཞེས་”ཞང” བྱ་བ་མིང་གི་ཆ་ཤས་འདི་གནའ་བོ་ཞང་ཞུང་ཡུལ་གྱི་རུས་སམ་ཚོ་བ་ཞིག་གི་མིང་ཞིག་ཡིན་པར་གསལ་པོ་བསྟན་ཡོད།
དེ་ལྟར་“ཞུང་”ཞེས་པའི་ཐ་སྙད་འདི་ལའང་《ནོར་བུའི་མེ་ལོང》 (སི ཤ༢༤ ཕ༣) ལས “ཞང་ཞུང་གི་སྐད་དུ་“ཞུང”ཞེས་པ་དེ་ནི་བོད་སྐད་བརྡ་རྙིང་དུ་“ཁྱུང་”ཞེས་བྱ་བ་དང་དོན་གཅིག་པ་ཡིན། “ཁྱུང”ཞེས་བྱ་བའི་ཐ་སྙད་འདི་བོད་ཀྱི་བརྡ་རྙིང་མ་ཞིག་ཡིན་པ་ནི། དུས་ཕྱིས་བོད་དུ་བྱོན་པའི་སངས་རྒྱས་པའི་མདོ་རྒྱུད་ཡོངས་གྲགས་ཀྱི་དཔེ་རྣམས་སུ་ཁྱུང་ལ་“ནམ་མཁའ་ལྡིང”ཞེས་པའམ་“མཁའ་ལྡིང”ཞེས་པའི་ཐ་སྙད་བྱས་ཡོད་པ་ལས་“ཁྱུང”ཞེས་པའི་ཚིག་འདི་རྙེད་དཀའ་བ་དེ་ཙམ་གྱིས་ཤེས་ཐུབ་པ་ཡིན།”ཞེས་དང་ཡང་“ཞང་ཞུང་གི་མི་བརྒྱུད་དེ་དག་གཙོ་ཆེར་ཁྱུང་གི་རུས་ལས་གྱེས་པ་ཡིན་སྟབས། ཡུལ་ལའང་ཁྱུང་སྟེ། ཞང་ཞུང་སྐད་དུ་“ཞུང”ཞེས་པའི་ཐ་སྙད་འདི་བྱུང་བ་གོར་མ་ཆག”ཅེས་“ཞུང”ཞེས་པའི་རུས་རིགས་ཀྱི་མིང་དེ་ཕར་ཡུལ་ལ་ཆགས་པའི་ཚུལ་འདི་ཡིད་རྟོན་འཆའ་བའི་གནས་སུ་འཁུམས། ཡང་《ཡ་ཐོག་ཤེས་རིག་གི་མཐའ་དཔྱད》 ནས (ཀ ཤ༢ ཕ༣) “སྤྱིར་བཏང་ཞང་ཞུང་གི ་“ཞུང”དང་“ཁྱུང” གཉིས་སྒྲ་ཐག་ཤིན་ཏུ་ཉེ་བས། ཁྱུང་ནི་བོད་ཀྱི་རུས་རྙིང་ཤིག་ཡིན་ཏེ། ཁྲི་སྲོང་སྐབས་སུ་བན་བོན་རྩོད་པ་བྱས་ཏེ་བོན་གྱི་ཁ་འཛིན་དུ་རྩིས་པ་ཆེན་པོ་ཁྱུང་པོ་དོ་ཚུགས། ཁྱུང་པོ་རྩེ་བ་སོགས་བསྡད་པ་ལོ་རྒྱུས་སུ་གསལ།”ཞེས་ཞང་ངམ་ཁྱུང་ནི་ཞང་བོད་ཀྱི་ཆེས་ཐོག་མའི་རུས་མིང་ཞིག་ཡིན་པ་དང་། རུས་དེ་ལས་འཁྲུངས་པའི་མཁས་དབང་མང་པོ་ཞིག་བྱུང་བ་སྔོན་གྱི་ལོ་རྒྱུས་དག་ལ་བརྟེན་ནས་གཏན་ཚིགས་སུ་བཀོད་ཡོད།
དེ་བཞིན་ཞང་ཞང་མི་རྒྱུད་ཀྱི་རུས་ཆེན་གཙོ་བོ་སྟེ། “བསེ་ཁྱུང་སྦྲ”ཞེས་ཡོངས་སུ་གྲགས་པ་དེ་ཡིན་ལ། དེ་ལསཀྱང་“ཞང” དང་“ཞུང” ཞེས་པའི་རུས་རྒྱུད་དེ་གཉིས་ལོ་རྒྱུས་འཕེལ་རིམ་ངེས་ཅན་ཞིག་གི་ཁྲོད་ནས་རིམ་གྱིས་གཏུག་འགྲིམ་དང་འབྲེལ་འདྲིས་དག་ལ་བརྟེན་ནས། མཐར་གཅིག་གྱུར་དང་འཕེལ་རྒྱས། མཐུན་སྒྲིལ་དང་མཉམ་འདྲེས་སོགས་བྱུང་བས། རིམ་བཞིན་རུས་རྒྱུད་ཀྱི་མིང་དེ་ཚོ་བ་ག་གེ་མོའི་མིང་ལ་ཆགས། དེའང་ཡུལ་ག་གེ་མོའི་མིང་ལ་ཆགས། དེ་ཡང་ཡུལ་ཁམས་སྤྱིའི་མིང་དུ་ཆགས་པ་ནི་ “བོད་ཀ་གཡག་དྲུག” བྱ་བའི་ཚོ་མིང་གི་ཐོག་མ་“བོད” ཅེས་པའི་མིང་དེ་རིམ་གྱིས་བོད་སྤྱིའི་མིང་ལ་ཆགས་པ་བཞིན་ནོ།།
དེ་ལྟར་དུས་རིམ་ངེས་ཅན་ཞིག་བརྒྱུད་མཐར་“ཞང” དང “ཞུང” ཞེས་པའི་རུས་རྒྱུད་དམ་ཚོ་བ་དེ་གཉིས་གཞན་རུས་རིགས་དང་ཚོ་བ་ཀུན་ལས་མངའ་རིས་ཀྱི་རྒྱ་ཇེ་ཆེ་དང་སྲིད་འབྱོར་གྱི་སྟོབས་ཇེ་རྒྱས་སུ་ཕྱིན་པས། མཐར་རུས་ཚོ་གཞན་ཕལ་ཆེར་རུས་རྒྱུད་དེ་གཉིས་ཀྱི་ཆབ་འོག་གམ་མངའ་རིས་སུ་གྱུར་བས་རྒྱུ་མཚན་གྱིས་མིང་ཡང་དེ་འདྲ་ཆགས་པར་བསམས་སོ།། །།
འདི་ཞེས་དཔྱད་གོ་ཆུང་ན་ཡང་།།
ཆུང་བས་ཆེ་ལ་སྡོངས་འདེགས་ཀྱི།།
སྲི་ཞུ་ནུས་པར་ཀུན་སློང་གིས།།
ཉེར་བར་བསྐུལ་ཏེ་འདི་ཙམ་བཀོད།།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2580
དཔྱད་མཆན་སྤེལ།