འདིར་མདོ་སྨད་ཨ་མདོ་བ་དག་གི་ཕལ་སྐད་དུ་སྣང་བའི་བརྡ་འགའ་ཞིག་ཡི་གེར་ཇི་ལྟར་འབྲི་རིགས་ཚུལ་ཐད་ཅུང་ཟད་སྤྲོ་བར་འདོད་དེ། དེ་ལྟ་བུ་ཤེས་པ་ཡང་དགོས་གལ་ཆེ་བར་འདུག་སྟེ། དེང་སང་བརྡ་དང་ཐ་སྙད་སྣང་བ་གང་དྲན་གྱིས་སྤྱོད་པ་དེ་དག་མིག་ལ་མི་རན་ཞིང་། བོད་ཀྱི་སྐྱེས་ཆེན་སྔ་མ་དེ་དག་གི་གསུང་ལ་མ་བསླབ་པའི་དེ་ཉིད་སྟོན་པའང་ཡིན་པས། འདིར་ཡི་གེ་ཁུངས་ཐུབ་དུ་མའི་རྒྱབ་རྟེན་དང་བཅས་ཏེ་དེའི་ཚུལ་ཅུང་ཟད་གླེང་བར་བྱེད་དོ།
དང་པོ། ཨ་མདོ་ཞེས་པའི་མིང་།
ཐོག་མར་ཨ་མདོ་ཞེས་པའི་མིང་དང་ཨ་མདོའི་སྐད་ཀྱི་བྱུང་བ་ཅུང་ཟད་གླེང་བར་བསམ་སྟེ། སྤྱིར་ཨ་མདོ་བྱ་བ་འདིར་སྟོད་ཀྱི་ཨ་མདོ་དང་སྨད་ཀྱི་ཨ་མདོ་གཉིས་སྣང་སྟེ། 《ལྔ་པ་ཆེན་མོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་》དུ། ཁོང་ཉིད་རྒྱ་ནག་ཏུ་ཕེབས་སྐབས་ནག་ཆུའི་གོང་དུ་ཧོར་ཨ་མདོ་ཞེས་པའི་ཡུལ་ཞིག་བརྒྱུད་པར་གསུངས་ལ། དེ་ནི་ད་ལྟའི་ནག་ཆུ་ཁུལ་གྱི་ཨ་མདོ་རྫོང་ཞེས་པ་དེ་ཡིན་པར་མངོན། ཡང་དེ་ཉིད་དུ། ཨ་མདོ་ཚོ་ལྔ་ནས་རྟ་པ་བརྒྱ་རེ་བསུ་བ་ལ་འབྱོར་ཞེས་དང་། བསོད་ནམས་ཤི་པ་གན་ཆས་རྟ་བཅུ་ལྷག གུར་གདན་བཅས། ཨ་མདོ་ཚོ་ལྔ། བྲག་ཏི་རྟ་འབུལ་བ། ཞིང་སྐྱོང་ནང་སོ། སྐུ་འབུམ་ཆོས་རྗེ་སོགས་ཁྱོན་བསྡོམས་རྟ་བརྒྱ་ལྷག་ཅེས་བྱུང་བའི་ཨ་མདོ་དེ་ནི་མདོ་སྨད་ཨ་མདོའི་ཡུལ་འདི་ཡིན་པ་གསལ་མོད། རྣམ་ཐར་རང་དུ་དེ་ཉིད་ཡུལ་བྱེ་བྲག་པ་ཞིག་ཏུ་ངོས་བཟུང་འདུག་པས་མགོ་རྨོངས་པ་ཞིག་འདུག སྤྱིར་ཨ་མདོ་བྱ་བ་འདི་ཉིད་《རཱ་ལོ་ཙཱ་བའི་རྣམ་ཐར》དུ་ཡང་སྣང་སྟེ། རྫ་གངས་དཀར། ལྷོ་ས་ནག མི་ཉག ཟུར་མང་། ལྕགས་ལ། ཨ་མདོ། གུ་ཐོམ་ལ་སོགས་པའི་སྐྱེ་བོ་གྲངས་མེད་པ་མཇལ་བར་འདུས་ཞེས་འབྱུང་། རྣམ་ཐར་འདི་ཉིད་རྭ་ལོ་ཙཱ་བའི་དབོན་པོ་ར་ཆོས་རབ་ཀྱིས་བརྩམས་པར་གྲགས་པས། མི་ལ་རས་པ་དང་མར་བ་ལོ་ཙཱ་བ་སོགས་ཀྱི་དུས་སྐབས་ནས་ཨ་མདོ་ཞེས་པའི་མིང་དེ་བྱུང་ཡོད་དོ། 《བསྟན་པ་ཕྱི་དར་ལས་སྨད་འདུལ་སྐོར་གྱི་ཞིབ་འཇུག 》ཅེས་པ་རུ། ལྡེའུ་ཆོས་འབྱུང་རྒྱས་བསྡུས་གཉིས་གཙོ་བྱས་པའི་ཆོས་འབྱུང་ཁག་ཏུ། བླ་ཆེན་ནི་ཁམས་པ་ཡིན་པས། ད་ལྟ་ཁམས་པ་ལ་ཨ་མིར་འབོད་པ་ལྟར་རོ་ཞེས་པའི་ཚིག་འདི་ལ་གཞིགས་ན་ཨ་མི་ཟེར་བ་དེ་ཨ་མདོའི་མི་ཟེར་བ་ཡིན་ཤས་ཆེ། དེ་ལྟར་ཡིན་ན་ཨ་མདོ་ཞེས་པའི་ཐ་སྙད་འདི་མ་མཐའ་ཡང་དུས་རབས་བཅུ་གཉིས་པའི་སྔ་རོལ་དུ་བྱུང་ཡོད་པ་ཤེས་ཐུབ་ཅེས་བྲིས་འདུག འདི་ལ་དཔྱད་པར་བྱ་བ་འདི་ཡོད་དེ། སྐབས་འདིར་བསྟན་པའི་མེ་རོ་བླ་ཆེན་ནས་བྱུང་ཞིང་། བླ་ཆེན་དེ་ཉིད་བསྟན་པ་ཕྱི་དར་གྱི་མེས་པོ་ལྟ་བུར་ཆགས་ཡོད་པས། ཨ་མི་བྱ་བ་ཡང་ཨ་མེས་ཏེ་མེས་པོའི་དོན་ཡིན་པར་ངེས་སོ་སྙམ། དུས་རབས་བཅོ་ལྔ་བའི་ནང་ལ་འཁྲུངས་པའི་འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་དུ་ཡང་། རྒྱ་མི་ཨ་མདོ་བ་ཞེས་སོགས་འབྱུང་།
ཡུལ་སོགས་ཀྱང་གསལ་བོར་ངེས་པར་བྱས་པ་ནི་《མཁར་ནག་ཆོས་འབྱུང་》ལགས་ཏེ། དེ་རུ། རྒྱ་དང་ཉེ་བའི་ཆབ་མདོ་ཁམས་སྨད་ཨ་མདོ་སར་རྗེའི་བསྟན་པ་དར་ཞིང་། རྗེ་རིན་པོ་ཆེའི་འཁྲུངས་ཡུལ་བཅོང་ཁར། རྗེའི་སྐུ་ལྟེ་ཁྲག་ལས་ཙན་དན་སྐྱེས་པ་དེས་སྲོག་ཤིང་བྱས་ནས་མཆོད་རྟེན་བཞེངས་པ་ལ་སྐུ་འབུམ་ཐང་དུ་གྲགས་ཞེས་འབྱུང་བས་ད་ལྟའི་སྐུ་འབུམ་དང་བཅས་པའི་གནས་ལ་ཨ་མདོ་ཞེས་འབོད་པར་མངོན་ནོ།
ཕྱིས་སུ་ཡབ་རྗེ་བླ་མའི་《ཨ་མདོའི་ཆོས་འབྱུང་》གི་མཚན་བྱང་དུ་ཡང་ཨ་མདོའི་ཆོས་འབྱུང་ས་བོན་ཞེས་ཡུལ་མིང་གསལ་བོར་གསུངས་ཤིང་། ཉི་མ་དབུས་གཙང་གི་བྱང་ཕྱོགས། མདོ་སྨད་ཨ་མདོའི་ས་ཕྱོགས་འདིར། ཞེས་མདོ་སྨད་ཡུལ་འདིར་ཨ་མདོ་ཞེས་འབོད་ཅིང་། ནང་དུ་ཨ་མདོའི་ཕྱོགས་ཀྱི་དགོན་པ་དག་གི་བཏབ་ལོ་དང་འདེབས་མཁན་སོགས་ཀྱི་ལོ་རྒྱུས་གསལ་བོར་གསུངས་འདུག་གོ དེའི་ཕྱིས་སུ་《རྡོ་རིང་བའི་མི་རབས་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ》 ཞེས་པ་རུ་ཡང་། ཨ་མདོ་ཞེས་པའི་མིང་དང་བཅས་པ་གོང་བཞིན་བྱུང་འདུག་པས། ཨ་མདོ་ཞེས་པའི་མདོ་སྨད་ཡུལ་གྱི་མིང་དུ་ཆགས་པ་ནི་ཆེས་འཕྱི་ཡང་མཁར་ནག་ལོ་ཙཱ་བ་འཚོ་གཞེས་ཀྱི་དུས་ཙམ་ལ་ཁེལ་འདུག་གོ
གཉིས་པ། ཨ་མདོའི་སྐད།
དེ་བཞིན་དུ་ཨ་མདོའི་སྐད་ཀྱང་མི་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་གོང་ལ་གསར་དུ་ཆགས་པའི་སྐད་ཅིག་ག་ལ་ཡིན་ཏེ། ངག་སྒྲོས་སུ་ཨ་མདོའི་ཡུལ་གྱི་མི་རྣམས་ནི་ཆོས་རྒྱལ་དུས་སུ་མཐའ་མཚམས་སྲུང་བར་མངགས་པའི་དམག་ཏུ་བཤད་ཅིང་། དེ་ནས་རིམ་བཞིན་ཚོ་པ་ཆགས་པར་ངེས། སྐད་སོགས་ཀྱང་དེ་ནས་བཟུང་དབུས་དང་ཁམས་ཀྱི་སྐད་དང་མི་འདྲ་བ་འདི་ལྟ་བུ་ཞིག་ཆགས་འགོ་བརྩམས་པར་གསལ་ཏེ། ནེ་རིང་བ་འཆི་མེད་རབ་རྒྱས་ཀྱིས་མཛད་པའི 《རྗེའི་རྣམ་ཐར་ཧ་ཅང་བསྡུས་པ་ནོར་བུའི་བང་མཛོད》ལས། རྗེ་རིན་པོ་ཆེ་ཁམས་པའི་དགེ་བཤེས་སུ་འདུག་པས། ཁམས་སྐད་རེ་གྱོང་ཅུང་ཟད་གསུངས་ཟེར་ཡང་། དབུས་སུ་ཕེབས་པ་སོགས་ཀྱིས་རང་ཤུགས་ཡིན་ཞེས་འབྱུང་བ་ལས། རྗེ་རིན་པོ་ཆེའི་དུས་ཙམ་ལ་ཡང་ཁམས་སྐད་ཅེས་པ་ཨ་མདོའི་སྐད་དེ་དབུས་ཀྱི་སྐད་དང་མི་འདྲ་བ་ཡན་གར་བ་ཞིག་ཡིན་པ་ཧ་ཅང་གསལ་ལ། ཁམས་སྐད་རེ་གྱོང་ཞེས་པས་ད་ལྟའི་ཨ་མདོའི་སྐད་ལས་ཀྱང་དག་མོ་ཞིག་ཨེ་ཡིན་སྙམ་པ་སྐྱེ། དེ་ལྟ་བུའི་བྱུང་རིམ་བསྡུས་པ་སྔོན་དུ་སོང་སྟེ་ད་ནི་བརྡ་དེ་དག་གླེང་བར་བྱའོ།
གསུམ་པ། ཨམ་སྐད་ཁྲོད་ཀྱི་བརྡ་ཁ་ཅིག་གི་ཁུངས་བསྟན་པ།
གཅིག དུས་སྟོན་པའི་ཚིག
༡ དེ་ཉིན། དེ་ཉིན་ཞེས་པ་འདི་བགྲེས་པོ་དག་གི་ངག་ཏུ་སྣང་ཞིང་། ཉིན་དེར་ཞེས་པའི་དོན་ཏེ། 《ཏ་སི་ཏུའི་བཀའ་ཆེམས་མཐོང་བ་དོན་ལྡན་》གྱི་ ངོས།༡༩༢པར། གྱེ་རེ་ནས་ཉི་མ་རྩེ་ཤར་ལ། ཉུག་ལྷ་ཁང་གི་འོག་གི་གྲོང་ཞིག་ཏུ་དྲོ་བར་ལ་སླེབས། དེ་ཉིན་དེར་བསྡད་ཅེས་དང་། ངོས༡༩༡པར། ནོར་འབུམ་ཡང་སྔར་ཕྱག་འཚལ་བ་ལ། དེ་ཉིན་ཕྱག་མི་འཚལ་བར་ཞེས་འབྱུང་ཞིང་ ། དོན་ཡང་ཉིན་དེར་ཞེས་པའོ།
༢ དེ་རེས། དེ་རེས་ཞེས་པ་དུས་དེར་ཞེས་པའི་དོན་ཏེ། རེས་ནི་དུས་ཞེས་པའི་དོན་དང་འདྲ་བ་ཡིན་ཏེ། ཏ་སི་ཏུའི་བཀའ་ཆེམས་མཐོང་བ་དོན་ལྡན་》གྱི་ངོས།༣༡པར། བྲག་དཀར་པོ་ལ་གླགས་ཆེ་དུམ་པ་བཙལ་འདུག་ནའང་། དེ་རེས་མ་ཐོབ་འདུག་ཅེས་དང་། 《མདོ་སྨད་ཆོས་འབྱུང་》ངོས།༥༤ རྒྱལ་བ་ཡོན་ཏན་རྒྱ་མཚོ་དབུས་སུ་ཕེབས་དུས་དགོན་གསར་འདེབས་ཀྱི་ཐུགས་དགོངས་གཏད་ཀྱང་དེ་རེས་མ་གྲུབ་ཅེས་འབྱུང་། དེ་བཞིན་འདི་རེས་ཞེས་ཀྱང་འབྱུང་སྟེ། 《དེབ་དམར་གསར་མ་》རུ། འབྲི་གུང་སྒོམ་པ་ཤག་རིན་ཧོར་དམག་གིས་བཟུང་བའང་འདི་རེས་ཡིན་ཞེས་པ་ལྟ་བུའོ།
༣ དོ་རེད། ཨ་མདོ་རྔ་བའི་སྐད་དུ་སང་ཉིན་ལ་ཐོ་རེས་ལྟ་བུ་ཞིག་ཟེར་ཞིང་། བརྡ་དེ་ཅི་ཡིན་སྙམ་དུ་ཡུན་རིང་བསམ་མོད་མ་ཤེས། བར་སྐབས་ཤིག་ལ་《བུ་སྟོན་ཆོས་འབྱུང་》ཀློག་དུས། ངོས༣༦༣པར། དོ་རེད་གཤེགས་པའི་དེ་རིང་ཚུན་ཆད། ཉིད་ཀྱི་ཕྱག་གིས་དྲི་མེད་ཀྱི་གཟུངས་བཞུགས་པའི་ཚ་ཚ་བཏབ་ནས་མཆོད་རྟེན་ཚད་ལྡན་མང་པོ་བཞེངས་ཏེ་རབ་གནས་རྒྱས་པ་མཛད་དོ།། ཞེས་དང་། ཡང་དེ་རུ། ངོས༣༥༥བར། དགའ་ལྡན་དུ་འགྲོ་བའི་ཕྱི་ཕྱག་ནང་བར་བྱེད་པས། ཁྱེད་ལ་ཡང་དོ་རེད་ཤོག་བྱས་པ་ཡིན་གསུང་ཞིང་། ཞེས་འབྱུང་བའི་ཁྲོད་ཀྱི་དོ་རེད་དེ་སང་ཉིན་གྱི་དོན་ཡིན་ངེས་པས། རྔ་བའི་སྐད་དུ་སང་ཉིན་ལ་དོ་རེད་ཟེར་བ་ཡང་ཁུངས་ཡོད་པའི་བརྡ་རུ་སྣང་ངོ་།
༤ དོ་ཞག ཡང་རྔ་བ་སོགས་ཀྱི་སྐད་དུ་ཉེ་དུས་ཞེས་པའི་དོན་ལ་དོ་ཞག་སོགས་ཟེར་ཞིང་། དང་པོ་བསམ་དུས་དོ་དགོང་ཞེས་པའི་དོན་ཨེ་ཡིན་སྙམ་པ་ཞིག་སྐྱེས་མོད། 《དེབ་ཐེར་དམར་པོ་》རུ། ཅོག་ཙེ་ལ་གོང་དུ་བྱོན་དུས་དོ་ཞག་ཆར་ཞོད་ཆེ་བར་འདུག་ནག་ཆུ་ཆེས་པས་ཨེ་ཐར་ཡིན་ཞེས་པས་ཞེས་འབྱུང་ངོ་།
༥ དོ་ཙིག ད་ལོ་ལ་དོ་ཙིག་ཅེས་བརྗོད་པ་ཡང་ཁུངས་དང་ལྡན་ཏེ། 《མི་ལ་རས་པའི་རྣམ་མགུར་》ངོས༤༦༤པར། དོ་ཙིག་ལོ་ཡི་དེང་སང་ན།། མཚར་སྡུག་ལྡན་པའི་བུད་མེད་ལྔ།། བསྐོར་ཞིང་བསྐོར་ཞིང་ཕྱག་བཙལ་ནས། ། ཡ་མཚན་ཆེ་བའི་སྤྱན་གཟིགས་དྲངས།། ཞེས་འབྱུང་བ་ལྟར་ལགས་སོ།
༦ སྔ་སེ། ཨ་མདོའི་སྐད་དུ་ཞོགས་པའི་དུས་ལ་སྔ་སེ་ཞེས་འབོད་དེ། 《རོ་སྒྲུང》 ངོས།༡༤པར། ཇོ་མོ་སྔ་སེ་བླངས་ན་ཡབ་མ་བགྲེས་གོང་ལ་སྲས་སླེབས་ཡོང་བ་ཡིན་ཞེས་འབྱུང་ངོ་།
གཉིས། མི་མིང་གི་སྐོར།
༡ ནག་ཆགས། རྔ་བ་སོགས་ཀྱི་སྐད་དུ་ཆུང་མ་ལ་ནག་ཆགས་ཟེར་ཞིང་། ནག་མོ་ཞེས་ཀྱང་འབོད། དེས་ན་འདི་ཁུངས་དང་ལྡན་སྙམ་ན་དེ་ལ་ཡང་ཁུངས་སྟོན་དུ་ཡོད་དེ། 《ཏ་སི་ཏུའི་བཀའ་སེམས་མཐོང་བ་དོན་ལྡན》གྱི་ངོས།༢༡༢པར། ནག་ཆགས་སྐྱེས་པ་འཚོལ་བ་དེ། ཧོར་འདྲ་དང་ཕོ་ཁྲོམ་འཚོགས་པའི་གཞོགས་ན་མར། བན་སྟོང་ངམ་སླེལ་སྟོང་ཁུར་ནས། ཨ་ལེན་མ་ལེན་གྱིས་ཕྱིན་པས། ཧོར་འདྲས་བཟུང་ནས་ཁང་པར་ཁྱེར་བས། མོ་མི་དགའ་བ་སྐད་བྱེད་དེ། དོན་གྱིས་འདོད་གྲུབ་པ་དེ་ཡིན་མོད། ཞེས་དང་། དེའི་ངོས༢༩༡པར། རྡོ་རྗེ་རྒྱལ་མཚན་འདི། རང་རེའི་རྩ་བའི་མི། ཆང་ནག་མོའི་སྐྱོན་མེད་པ། དངོས་པོ་ཟུར་གསོག་མི་བྱེད་པ་ཞེས་ནག་ཆགས་དང་ནག་མོ་ཞེས་མིང་བྱུང་བ་མ་ཟད་བུད་མེད་ཀྱི་དོན་དུ་བྱས་འདུག་ཅིང་། གཞན་《 བསྒྲགས་པ་གླིང་གྲགས། ངོས།༡༧༦པར་ཡང་། ནག་ཆགས་ལ་ཡང་འབྲོ་ཟ་ཏི་པང་མ། འགོ་ཟ་རིན་ཆེན་འཚོ། འོ་བྱེ་ཟ་སྐར་པང་། ཞེས་ནག་ཆགས་ཞེས་པའི་བརྡ་དེ་སྣང་ངོ་།
༢ བུད་མྱེད། གཞན་ཨ་མདོ་ཕྱོགས་ཀྱི་ཡུལ་ལུང་མང་པོའི་སྐད་དུ། ཆུང་མ་ལ་བུ་ཉིད་ལྟ་བུ་ཞིག་འབོད་ཅིང་། འདིའི་འབྲི་ལུགས་ག་འདྲ་ཡིན་སྙམ་ན་བཤད་པར་བྱ་སྟེ། གནའ་དུས་སུ་བུད་མེད་ཀྱི་མིང་ལ་བུད་མྱེད་ཅེས་འབྱུང་སྟེ། ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་《རཱ་མ་ཎའྀ་རྟོགས་བརྗོད》དུ། དངོས་གྲུབ་མྱི་འདོད་ན་མྱྀ་འོད་ཆེས་བྱས་ཆོག་མོད། ངན་པ་བུད་མེད་ཆེས་སྐྱོན་བརྗོད་ཇི་དགོས། ཁྱེད་ནམ་ཆིག་ན་བུད་མྱེད་ཀྱིས་བརླག་པར་གྱུར་ཆིག་པར་དམོད་པ་བོར་རོ་ཞེས་པ་ལྟར། ཆུང་མའི་མིང་ལ་བུད་མྱེད་ཟེར་བ་ཡང་དེ་ལས་བྱུང་བར་གདོན་མི་ཟ་སྙམ་སྟེ། ཨ་མདོ་བའི་སྐད་དུ་མ་ལ་ཡ་བཏགས་ཞུགས་པའི་བརྡ་རྙིང་བ་ཡོད་ཅིང་། དེ་ལྟར་ཡིན་པའི་ཤེས་བྱེད་གཞན་ཞིག་ནི་རོང་ཁུལ་ཁ་ཅིག་གི་སྐད་དུ་ཆུང་མ་ལ་བུ་མེད་ཡང་ཟེར་སྲོལ་ཡོད་པས་སོ།
༣ གོ་རྒས། ཨ་མདོའི་སྐད་དུ། གོ་རྒས་ནི་རང་གི་གོ་ཁ་ནས་རྒས་པ་སྟེ། གནས་ལ་མ་སོང་བའི་བུད་མེད་ལ་ཟེར། དེ་ཡང་ཁུངས་དང་ལྡན་པའི་བརྡ་རུ་འདུག་སྟེ། 《རྒྱལ་རབས་གསལ་བའི་མེ་ལོང་》ངོས༡༢༩བར། བུ་མོ་ཨ་མའི་གོ་ན་མཛངས།། གོ་རྒས་སེམས་ཀྱི་ནད་དུ་ཆེ་ཞེས་འབྱུང་།
གསུམ། བརྡ་གཞན་གྱི་རིགས།
༡ བོངས་ཁེ། རྨ་ལྷོ་སོག་རྫོང་སོགས་ཀྱི་སྐད་དུ། མིའི་ལུས་བོངས་ཆེ་ཆུང་ལ་བོངས་ཁེ་ཆེ་ཆུང་ཞེས་འབོད་ཅིང་། 《 དཔེ་ཆོས་རིན་ཆེན་སྤུངས་པ》ངོས༢༨༦པར། བྱིས་པ་བོངས་དང་བོང་སྙོམས་འདྲ། ཞེས་པ་ནི་དཔེར་ན་བྱིས་པ་ཀུན་བོངས་གེ་སྙོམས་ཙ་ན། རྟིང་པ་བཏེག་ནས་ང་མཐོ་ཟེར། ས་གང་མཐོ་སར་འགྲོ་བར་བྱེད། ཅེས་འབྱུང་སྟེ། འདིར་བོངས་ཞེས་པ་བོངས་ཚད་ལ་གོ་ཞིང་། ཁེ་ནི་མིང་མཐའ་ཙམ་དུ་འདོད་དོ།
༢ ཁ་ལག་བཀྲུ། གདོང་འཁྲུ་བ་ལ་ཨ་མདོའི་སྐད་དུ་ཁ་ལག་བཀྱུ་ཞེས་ཟེར་ཞིང་། ལྷ་སའི་སྐད་དུ་ནི་ཁ་ལག་ཅེས་པ་ནི་ཟ་མ་སྟེ་ཟས་ལ་གོ འོན་ཏེ་འབྲུག་པའི་སྐད་དུ་ཡང་གདོང་འཁྲུ་བ་ལ་ཁ་ལག་འཁྱུ་ཞེས་ཟེར། དེས་ན་འདི་ལ་ཁུངས་ཡོད་དམ་སྙམ་ན་དེ་ཡང་ཡོད་དེ། 《མདོ་མཛངས་བླུན་》ངོས༨༡པར། མཐར་གྱིས་བྲིམས་ཏེ་སངས་རྒྱས་དང་དགེ་འདུན་བསོད་སྙོམས་ཀྱི་བྱ་བ་བྱས་ནས་ཁ་ལག་བཀྲུས་ཏེ་ཕྱིར་ཡང་གདན་ལ་བཞུགས་ནས་ཆོས་བསྟན་པར་གསོལ་ཏོ།། ཞེས་དང་། དེ་ནས་དགེ་འདུན་དག་ཟས་ཀྱི་བྱ་བ་བྱས་ནས་ཁ་ལག་བཀྲུས་ཏེ་སྦྲུལ་དེ་ལ་ཆོས་བཤད་ཅེས་འབྱུང་བས། གདོང་འཁྲུ་བ་ལ་ཁ་ལག་བཀྲུ་ཞེས་འབོད་པ་ཡང་ཁུངས་དང་ལྡན་པའི་བརྡ་རུ་འདུག་པ་ཤེས་སོ།
༣ མཚང་འབྲུ། གཞན་ཡང་གཞན་ཡང་སྐྱོན་མཚང་ནས་བརྗོད་པ་ལ་མཚང་འབྲུ་བ་ཟེར་ཞིང་། འབྲུ་ཞེས་པ་ནི་བྱ་ཚིག་སྟེ་བཏོན་པའི་དོན་ཡིན། འདི་ལ་ཁ་ཅིག་མཚང་འདྲི་ཞེས་དྲི་བ་དྲིས་པའི་འདྲི་བྲིས་པ་ནོངས་པ་ལས་ཀྱང་ནོངས་པ་སྟེ། 《 དག་ཡིག་ངག་སྒྲོན་》དུ། མཚང་འབྲུའི་ཚིག་འབྱིན་ཚོན་འབྱུག་འབྱོངས།། ཞེས་འབྱུང་ལ། གཞན་ཡང་《རྒྱ་བོད་ཡིག་ཚང་ཆེན་མོ་》རུ་ཡང་། ཁྲོ་དང་བརྡེག་དང་གཤེ་དང་མཚང་འབྲུ་ལ།། ལན་འདོན་མི་བྱེད་དགེ་སློང་ཆོས་བཞི་ཡིན་ཞེས་འབྱུང་བ་ལྟར་ལགས་སོ།
༤ དོམ། བསྟན་བཅོས་མང་པོར་བུ་ལོན་ཞེས་གྲགས་པ་དེར་ཨ་མདོའི་སྐད་དུ་དོམ་ཞེས་འབོད་ཅིང་། དོམ་ཞེས་པའི་གཅན་གཟན་ཞིག་འདུག་པས། དེ་གཉིས་ཀྱི་མིང་སོ་སོར་ཡིན་སྙམ་པ་སྐྱེ་ངེས་མོད། དོན་དུ་བུ་ལོན་ལ་ཡང་དོམ་ཞེས་འབྲི་བ་བསྟན་བཅོས་ཀྱི་སྐད་ཡིན་ཏེ། 《ཏཱ་སི་ཏུའི་བཀའ་ཆེམས་མཐོང་བ་དོན་ལྡན་》དུ། ལོ་གསུམ་བཞི་ན། ནང་སོའི་མདོག་ཐོན། དོམ་བུ་ལོན་རྣམས་ཀྱང་དགའ་རབ་སངས། ཞེས་འབྱུང་བས་སོ།།
༥ སྲན་བཙུགས། ཨ་མདོའི་རོང་ཁུལ་ཁ་ཅིག་ཏུ། བཟོད་བསྲན་བྱས་པ་ལ་སྲན་བཙུགས་ཞེས་འབོད་དེ། 《མདོ་མཛངས་བླུན 》ངོས༣༥༢པར། བྲམ་ཟེ་ཆུང་མ་དེ་རབ་ཏུ་དགའ་མགུ་ནས་ཤིན་ཏུ་བྱི་དོར་བྱས་ཏེ་བསླུ་བའི་རྣམ་པས་ཁྱེའུ་དང་སྨྲས་ཀྱང་མི་གདུང་བ་སྲན་བཙུགས་ཏེ་སེམས་མ་འགྱུར་རོ་ཞེས་འབྱུང་བ་ལྟར་ལགས་སོ།
༦ ཁྱག ཨམ་སྐད་དུ་ཐེག་པའི་མིང་ལ་ཁྱག་ཞེས་འབོད་ཅིང་། དེ་ལ་ཡང་ཁུངས་དང་ལྡན་ཏེ། 《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》ངོས༡༢༩བར། བུད་མེད་ཡིན་པས་བློ་མང་འདོད་ཐག་ཉེ།། སྟོབས་འབྱོར་ཆེ་བས་སྡུག་སྲན་ཁྱག་པ་དཀའ།། ཞེས་འབྱུང་བ་ལྟར་ལགས་ལ། དེབ་གཞན་དུ་ཡང་ཐེག་གི་ཚབ་ཏུ་ཁྱག་བྲིས་ཡོད་པ་དུ་མ་སྣང་ངོ་།
༧ སྦྲིད་པ། འབྲོག་པའི་སྐད་དུ་ཆམ་པ་ཕོག་སྟེ་ཧབ་སྦྲིད་བརྒྱབ་པ་ལ་སྦྲིད་པ་ཟེར་ལ། གོ་མ་ཐག་ཏུ་ལུས་པོ་སྦྲིད་པ་སོགས་ལ་ཡང་དེ་འཇུག་པས། ཕལ་ཆེར་གྲོང་སྐད་ཙམ་ལས་ཁུངས་ཡོད་པའི་ཚིག་ཏུ་མི་སྣང་སྙམ་སྲིད་ཀྱང་། 《མན་ངག་རྒྱུད་ངོསད》་དུ་ཆམ་པའི་རིམས་ཀྱི་ནད་རྟགས་བཤད་སྐབས། དེ་རྟགས་དང་པོ་གྲེ་བ་རྐན་མཚུལ་ཚ། བར་དུ་སྣ་ཆུ་འཛག་ཅིང་མཚུལ་པ་འགགས།། ཐ་མ་སྦྲིད་པ་མང་དུ་བསྟུད་ཅིང་འོང་། ། ཞེས་པའི་ཁྲོད་ཀྱི་སྦྲིད་པ་དེ་ཧབ་སྦྲིད་ཀྱི་དོན་ཡིན་པ་ཧ་ཅང་གསལ་བས། འབྲོག་པའི་སྐད་དུ་སྦྲིད་ཅེས་འབོད་པ་དེ་ཧ་ཅང་དག་པ་གསལ་ལོ།
༨ སྔོ་ཐིག འབྲོག་པའི་སྐད་དུ་གོས་དང་རས་སོགས་ལ་མདོག་མི་འདྲ་བས་གོས་ཏེ་ཐིག་ལེ་ཆུང་ངུ་བྱུང་བ་ལ་ནག་ཐིག་གམ་སྔོ་ཐིག་སོགས་ཟེར་ཞིང་། དེ་ཡང་ཁུངས་དང་ལྡན་པའི་བརྡ་རུ་སྣང་སྟེ། 《མན་ངག་རྒྱུད》ཀྱི་དྲེག་ནད་ཀྱི་ལེའུ་ངོས།༣༢༩བ་རུ། ནད་རྒྱས་གསར་དུས་པགས་པ་ཁྲག་ལ་གནས།། སྐྲངས་དམར་དྲོད་ཆེ་སྲ་ལ་སྔོ་ཐིག་བཅས།། ཤིན་ཏུ་ན་ཞིང་བྱ་རྨྱང་མང་བ་སྟེ།། རྟོགས་སླའི་དུས་ཡིན་དུས་འདིར་བཅོས་བ་གཅེས།། ཞེས་དང་། ངོས།༣༣༠པར། ཁྱད་པར་རླུང་གྱུར་གཟེར་འཕྲིག་འཕེལ་བྱེད།། སྐྲངས་ལ་ནག་པོ་སྔོན་པོའི་ཐིག་ལེ་འོང་ཞེས་འབྱུང་བས། སྔོ་ཐིག་དང་ནག་ཐིག་ཅེས་པ་སོགས་ནི་སྔོན་པོ་དང་ནག་པོའི་ཐིག་ལེ་ཞེས་པའི་བསྡུས་མིང་ཡིན་པ་རྟོགས་སླའོ།
༩ བརྩེ། འབྲོག་པའི་སྐད་དུ་རོ་སྐྱུར་བ་ཟ་དྲགས་པས་སོ་ལ་ཟུག་གཟེར་བྱུང་བ་དང་། འོད་ཆེན་པོ་སོགས་ལ་བལྟས་ཏེ་མིག་ན་བ་བྱུང་ན་སོ་བརྩེད་དང་མིག་བརྩེད་སོགས་ཟེར། དེས་ན་འདི་ཉིད་ཡི་གེར་ཇི་ལྟར་འབྲི་སྙམ་ན་ཡང་བཤད་པར་བྱ་སྟེ། 《མན་ངག་རྒྱུད》 གྲུམ་བུའི་ནད་གསོ་བའི་ལེའུ་ངོས།༣༣༡པར། སྤྱི་རྟགས་གྲང་ཤུམ་ཡུན་རིང་ཤ་ལྤགས་བརྩེ།། གདོང་སྣུམ་མགོ་བོ་རྐེད་པ་དཔྱི་མིག་ཟུག། ཅེས་འབྱུང་བའི་བརྩེ་ཞེས་པ་དེ་གོང་གི་ཕལ་སྐད་ཁྲོད་ཀྱི་བརྡ་དེ་དག་གི་འབྲི་སྟངས་དངོས་ཡིན་པ་ཧ་ཅང་གསལ་ཏེ། 《དག་ཡིག་གསར་བསྒྲིགས》སུ་ཡང་ཟུག་རེག་ཁྱད་པར་བ་ཞིག་བྱུང་བ་སྟེ། སྟར་བུ་ཟོས་ན་སོ་བརྩེ། ཉི་མར་བལྟས་ན་མིག་བརྩེ་ཞེས་པ་ལྟ་བུ་ཞེས་འབྱུང་ངོ་།
༡༠ ལག་བཅངས། ཕལ་སྐད་དུ་ནོར་གྱིས་རྒྱུད་སྤེལ་དུ་བཅུག་པ་ལ་ལག་བཅངས་ཞེས་འབོད་ཅིང་། 《པདྨ་བཀའ་ཐང་》ངོས།༦༩དུ་དེ་ནས་ལག་བཅངས་ཚིམ་པའི་འདོད་ཆགས་བྱུང་།། གཅིག་ལ་གཅིག་གིས་ལག་པ་བཅངས་ཤིང་འཇུ།། དེ་ནས་རྩ་དང་ཆུ་རྒྱུས་ཐམས་ཅད་གཡོས།། ཕོ་མོ་འཁྱུད་པས་ཚིམ་པའི་འདོད་ཆགས་བྱུང་།། ཞེས་འབྱུང་བའི་ཁྲོད་ཀྱི་ལག་བཅངས་ཞེས་པ་དེ་ཡང་འདོད་པ་སྤྱད་པའི་དོན་ལ་གོ་བར་འདུག་པས། ལག་བཅངས་ཞེས་པའི་ཁུངས་ནི་དེ་ཡིན་པར་སྣང་ངོ་།།
༡༡ རྫུན་རྐྱལ།ཡང་ང་ཅག་གིས་རྫུན་བཤད་མཁན་དང་སྨྲ་ཁམ་ཆེ་བ་སོགས་ལ་རྫུན་རྐྱལ་དང་ལབ་རྐྱལ་ཞེས་ཟེར་ཞིང་། སྐབས་འདིའི་རྐྱལ་ནི་ཁུག་མ་དང་སྣོད་ཀྱི་དོན་ཏེ། 《གསོ་རིག་རྒྱུད་བཞི》རུ། སྨན་ཁུག་ལ་སྨན་རྐྱལ་ཞེས་པའི་ལྟར་ཡིན་ལ། བརྡ་དེ་དག་ལ་ཡང་ཁུངས་ཡོད་དེ། 《པདྨ་བཀའ་ཐང་》ངོས༡༦༠བར། དགེ་སྦྱོང་ཁྲམ་རྐྱལ་རྫུན་མ་འདི་འདྲ་བ༔ཞེས་འབྱུང་བ་ལྟར་རྫུན་རྐྱལ་སོགས་ཀྱང་དེ་ལྟར་ཐོགས་པར་ངེས།
༡༢ ཤ་ཐག།འབྲོག་པའི་སྐད་དུ་རྟ་དང་གཡག་སོགས་ལ་ཁལ་བཀལ་བ་ལ་ཤ་དག་བཏགས་ཞེས་ཟེར་ལ། དེའི་འབྲི་ཚུལ་ནི་གང་འདྲ་ཡིན་བསམ་ན། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ངོས༡༥༧པར། ཤ་སྒ་ལ་བཏགས་པས་ཤ་ལྷུང་ནས། སྒ་ལ་ཤ་ཐག་བཏགས་ཏེ། ཤ་སྒྱེའུར་བཅུག་ཅེས་འབྱུང་བའི་ཤ་ཐག་དེ་ནི་འབྲོག་སྐད་ཁྲོད་ཀྱི་ཤ་དག་བཏགས་ཞེས་པ་དེའི་འབྱུང་ཁུངས་དངོས་ཡིན་པར་བསམ་སྟེ། སྔོན་གྱི་དུས་སུ་ནི་བཟའ་བ་གཙོ་བོ་ཤ་ལ་བྱེད་པས་ཤ་ཐག་ཅེས་པའི་མིང་ཡང་དེ་ལས་བྱུང་བར་ངེས་སོ་སྙམ་མོ།
༡༣ བདེན་དཔང་། ཡང་རྨ་ཆུ་སོགས་འབྲོག་ཁུལ་ཁ་ཅིག་གི་མནའ་ལ། བདེན་དཔང་སོགས་ཟེར་བའང་ཧ་ཅང་ཁུངས་ཡོད་པའི་གཏམ་དུ་སྣང་སྟེ། 《པདྨ་བཀའ་ཐང》ངོས༣༥༨པར། དེ་ནས་བློན་འབངས་ཡིད་གཉིས་ཐེ་ཚོམ་ནས།། བཻ་རོ་མིན་རིའི་དབུ་སྙུང་བཞེས་དགོས་ཟེར།། དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས།། མི་དེ་བཻ་རོ་མིན་རི་བྲག་བཙན་དཔང་།། དེ་ནས་བློན་པོ་ཐམས་ཅད་ཁོ་ཐག་ཆད་ཅེས་འབྱུང་བ་ལས་ཤེས་སོ།
གོང་དུ་ལབ་པ་ནི་ཨ་མདོའི་སྐད་དུ་སྣང་བའི་བརྡ་དམིགས་བསལ་བ་འགའ་ཞིག་གི་ཁུངས་དང་བཅས་པའི་གནས་ཚུལ་ཡིན་ལ། སྤྱིར་མིག་དང་སྣ ། རི་དང་ཆུ་བོ། དབྱར་དགུན་སོགས་བོད་མི་བྱིངས་ལ་གྲགས་པའི་བརྡ་འདི་དག་གི་ཁུངས་སོགས་ནི་ཀུན་ལ་གྲགས་པས། གླེང་དགོས་པ་ཅུང་ཟད་ཀྱང་མེད། འདིར་གླེང་བ་ནི་བརྡ་དམིགས་བསལ་བ་ཁ་ཅིག་གི་ཁུངས་སྨྲས་པ་ཡིན་ནོ།།
ཕྱི་ལོ༢༠༢༠ལོའི་ཟླ༢པའི་ཚེས་གཅིག་ཉིན་གདུགས་དཀར་སྐྱབས་ཀྱིས་བྲིས་གྲུབ།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2526
དཔྱད་མཆན་སྤེལ།