ལོ་འདིའི་དབྱར་གནང་གྲུབ་རྗེས་བཤད་གྲྭའི་དབྱར་སྐྱིད་དུས་ལྟར་ཐུག་སོང་བས། ད་ལོ་དགེ་སྐོས་ལྷན་རྒྱས་ནས་ཉེ་འཁོར་དུ་ལྗོངས་རྒྱུ་ལ་འགྲོ་ན་ལེགས་པའི་གསུང་འབྱོན་འདུག་ཅིང་།དགེ་འདུན་མང་ཤོས་ཀྱིས་ཀྱང་དེ་ལ་མོས་པ་ཆེ་བའི་རྣམ་འགྱུར་བྱུང་རྐྱེན། མཐའ་མཇུག་ཆབ་མདོ་ཚ་བ་སྒང་། རི་བོ་ཆེ། སྟེང་ཆེན་བཅས་ཀྱི་བཀའ་བརྒྱུད་པའི་དགོན་རྙིང་དང་ཡུལ་ལྗོངས་དམིགས་བསལ་བ་རི་བོ་རྩེ་དྲུག་སོགས་ལ་འགྲོ་རྒྱུའི་རྟེན་འབྲེལ་ཕུན་སུམ་འཚོགས་སོང་།
ངེད་ཅག་ཐོག་མར་ཟླ་ཆུ་ནས་མར་ཆབ་མདོར་སོང་བ་དང་། དེ་ནས་རི་བོ་ཆེ་རྫོང་ཁོངས་སུ་ཐད་ཀར་འགྲོ་རྒྱུ་བྱུང་། ལམ་ཞོར་གྱི་མཛེས་ལྗོངས་དང་གྲུ་གུ་དགོན་ཆེན་གྱི་ཁོར་ཡུག་ནི་ལྟ་བས་ཆོག་མི་ཤེས་པའི་ཚོད་དུ་འདུག་ཅིང་། ངེད་ཅག་ཀྱང་དེར་ཚྭ་འབོགས་རྒྱག་གྲབས་བྱས་མོད། གཞུང་གི་ལས་བྱེད་མི་སྣ་མང་པོ་འདུག་པས་གྲྭ་པ་ཆེ་ཆུང་དུ་མ་ཡོད་རྐྱེན་སྟབས་བདེ་རང་མ་བྱུང་། ཉིན་མོ་དེའི་ཕྱི་དྲོར་རི་བོ་ཆེ་རྫོང་གྲོང་བརྒལ་ནས་མི་རིང་བར་རི་བོ་ཆེན་པོ་དམར་གཏོར་འདྲ་བ་རྩེ་མོ་འབུགས་ལྟར་གནམ་ལ་ཟུག་པ་ཞིག་མཐོང་ལམ་དུ་མངོན་བྱུང་ལ། དེ་ནས་ཅུང་མ་འགོར་བར་རྗེ་བཙུན་མར་མི་དྭགས་གསུམ་གྱི་བརྒྱུད་འཛིན་དཔལ་ལྡན་སྟག་ལུང་བཀའ་བརྒྱུད་ཀྱི་གདན་ས་གཉིས་པ་སྟག་ལུང་མར་ཐང་རི་བོ་ཆེ་དགོན་ཆེན་དུ་འབྱོར། རླངས་འཁོར་ལས་བབ་ཐུབ་མ་ཐག་ཏུ་འདུ་ཁང་ཁྲ་འཁྱིལ་མའི་སྒོ་ཆེན་རྩར་དུ་འཛོམས་ཤིང་། ཕྱི་ཡི་མཚོན་མདངས་འགྲོ་མགོན་ཆོས་འཕགས་ཀྱིས་གསོལ་བ་དགྱེས་རྡོར་ཞལ་གསུམ་གྱི་ཁ་དོག་དང་ལྡན་པའི་བཟོ་སྐྲུན་དམིགས་བསལ་ཅན་གྱི་བོད་ཁང་འདི་ལ་ཡིད་དབང་འཕྲོད་པའི་ནུས་ཤུགས་ཆེན་པོ་ཅིག་འདུག། སྔོན་མ་འདུ་ཁང་འདི་པར་རིས་ལས་མཇལ་སྐབས་ས་སྐྱ་པའི་དགོན་པ་ཞིག་ཡིན་སྣང་ཤར་བ་ཙམ་ལས་རང་ལུགས་བཀའ་བརྒྱུད་ཀྱི་དགོན་པ་ཡིན་པའི་སྣང་བ་ཙམ་ཡང་མེད། འདུ་ཁང་འདི་ཐོག་མར་ཕྱི་ལོ་༡༣༢༠ལོར་སྟག་ལུང་བཀའ་བརྒྱུད་ཀྱི་སྐྱེས་བུ་ཆེན་པོ་ཆོས་སྐུ་ཨོ་རྒྱན་མགོན་པོས་རྒྱ་བལ་བོད་གསུམ་གྱི་ཁྱད་དུ་འཕགས་པའི་བཟོ་རྩལ་བེད་སྤྱད་ནས་བཞེངས་པར་གྲགས། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་བེ་རི་རྒྱལ་པོས་དམག་གིས་གཏོར་བ་དང་། ཆིང་དམག་གིས་གཏོར་བཅོམ་བཏང་བ་དང་། རིག་གསར་སྐབས་གཏོར་བཅོམ་ཐེབས་པ་སོགས་སྔ་ཕྱིར་གོད་ཆགས་ཆེན་པོ་ཕྱིན་རུང་ད་དུང་འགྲོ་བའི་སྤྱན་གྱི་ལོངས་སྤྱོད་དུ་གནས་པ་ནི། བླ་མ་ཐར་པ་ཞུ་བ་ཞིག་གཙོས་པའི་དགོན་འདིའི་བླ་ཆེན་རྣམས་ཀྱིས་སྣེ་ཁྲིད་དེ་ཕྱི་ལོ་༡༩༨༣ལོར་བསྐྱར་གསོ་གནང་བ་རེད་ཅེས་བདག་གི་གྲོགས་ཀྱིས་གསུངས་བྱུང་། རིག་གསར་སྔོན་དུ་འདུ་ཁང་ནང་གསེར་ཟངས་དངུལ་སོགས་ལས་གྲུབ་པའི་སྐུ་འདྲ་ཧ་ཅང་མང་པོ་ཡོད་པ་དང་། དེ་དག་ཀྱང་འདུ་ཁང་ནང་དུ་སྤུངས་ནས་བཞག་ཡོད་པས་ཚོགས་ཆེན་སྐབས་དགེ་འདུན་པས་བཞུགས་གདན་ས་དམིགས་ཀྱང་རྙེད་དཀའ་བ་ཡིན་པའི་ངག་རྒྱུན་ཡོད་ཅེས་ལྷ་གཉེར་གྱི་ངག་ལས་ཐོས། དབུས་གཙང་གནས་ཡིག་ལ་བལྟས་ན་རྩོམ་པ་པོས་མིང་གོའི་དམག་གིས་མ་གཏོར་གོང་གི་གནས་སྟངས་ལ་ཡིད་སྨོན་གྱི་རྣམ་པ་མངོན་པས་ན། སྔོན་དང་བསྡུར་ན་དེ་དུས་ནས་ཉམས་གུད་སོང་བ་གསལ། གང་ལྟར་ཡུལ་མིའི་ངག་རྒྱུན་ལ་ལྷ་སའི་ཇོ་ཁང་མ་མཇལ་སྔོན་སྟག་ལུང་མར་ཐང་ཁྲ་འཁྱིལ་མ་མཇལ་མི་རུང་བ་དང་། གལ་ཏེ་དེ་ཉིད་མཇལ་ན་ལྷ་སའི་ཇོ་ཁང་གི་ལྟད་མོ་ཉམས་འགྲོ་བའི་བཤད་ཚུལ་ཞིག་བདག་གིས་སྔོན་ནས་ཐོས་མྱོང་། དེ་བས་ཀྱང་སྟག་ལུང་མར་ཐང་གི་རྟེན་རྫས་རྣམས་མཇལ་འདོད་ཀྱི་འདུན་པ་ཆེ་རུ་སོང་བས་མྱུར་མོར་འདུ་ཁང་ནང་དུ་འཛུལ་པ་ཡིན།
འོག་ཁང་ཁྲ་བོ།
འོག་ཁང་གི་རྣམ་པ་ནི་ད་སྔོན་མཇལ་མྱོང་བའི་དགོན་པ་གང་དང་ཡང་མ་འདྲ་བ་ཞིག་འདུག་སྟེ། སྔོན་གྱི་དུས་སུ་ཐོག་ཁང་གི་གནམ་ཆུ་ཚང་མ་འདུ་ཁང་ནང་དུ་འབབ་ཡོང་བ་དང་། འདུ་ཁང་ནང་དུ་རྡོ་ལེབ་ཀྱི་གདན་བཏིང་འདུག་པས་འོག་ཏུ་ཆུ་ལམ་བཟང་པོ་ཞིག་ཡོད་པར་མངོན། ཤིང་གི་སྒོ་ར་དེ་ནས་ནང་དུ་མུ་མཐུད་སོང་ན་དངོས་སུ་དགེ་འདུན་པའི་ཚོགས་ཁང་དུ་ཐོན་འདུག། འདུ་ཁང་གི་དབུས་སུ་མར་ཐང་གི་སྐྱབས་མགོན་རྣམས་ཀྱི་ཁྲི་དང་དེའི་རྒྱབ་ལོགས་སུ་ཡི་དམ་དང་སྟོན་པའི་སྐུ་སོགས་ཤིན་ཏུ་བརྗིད་ཉམས་དང་ལྡན་པ་དུ་མ་བཞུགས། དེར་གུས་ཕྱག་ཅིག་ཕུལ་ནས་དངོས་སུ་རྟེན་རྫས་མཇལ་སྐོར་ལ་སོང་བ་ན།
ཆེས་ངོ་མཚར་སྐྱེ་འོས་པ་ནི་འདུ་ཁང་གི་ཀ་བ་ལྷ་ཆེན་གྱི་སྐུ་ཐོག་ཏུ་བཞག་འདུག་པའི་བཟོ་སྐྲུན་སྣང་ཚུལ་དེ་རེད། དེ་ཉིད་ཆེད་དུ་བཟོས་པ་ཨེ་ཡིན་མ་ཤེས་ཀྱང་དངོས་གནས་ཧང་སང་དགོས་པ་ཞིག་འདུག། དེ་ནས་རིམ་བཞིན་གཡས་སྐོར་དུ་སོང་བར་ངེད་ཅག་གྲྭ་པ་མང་རྐྱེན་ལྷ་གཉེར་གྱི་ངོ་སྤྲོད་དེ་གསལ་པོ་མ་ཐོས་པས་རྟེན་སྐུ་མང་པོ་ཞིག་མིག་འོག་ནས་ཤོར་སོང་མོད། གུ་རུ་དྲག་པོའི་སྐུ་དེའི་འོག་ཏུ་མནན་པ་བྱས་ཡོད་ཚུལ་ཙམ་ཐོས། འོན་ཀྱང་། སུ་ཞིག་མནན་ཡོད་པ་ནི་ཡེ་ནས་མ་གོ། ཡང་འདྲི་ཞིག་བྱེད་བསམས་ནའང་འདོད་པ་ལྟར་མ་བྱུང་། དེ་ནས་ཕར་སོང་བར་སྟག་ལུང་སངས་རྒྱས་དབོན་འདའ་ཁའི་རྣམ་པ་སྐུ་འདྲ་རུ་བརྡུངས་པའི་རྟེན་རྙིང་དེ་ཉིད་གསལ་བོར་མིག་ལམ་དུ་མངོན་པར་གྱུར། སྐུ་འདྲ་འདིའི་ཁྱད་ཆོས་ནི་སངས་རྒྱས་དབོན་གྱི་སྐུ་འདྲ་གཞན་དང་མི་འདྲ་བར་རུས་ཆས་མཛད་ཡོད་པ་དང་ཕྱག་གཉིས་ཐུགས་ཀར་རྒྱ་གྲམ་དུ་བསྣོལ་ཡོད་འདུག། ཧང་སེ་བལྟས་ན་སྐུ་ཚུགས་ཧྲིལ་པོ་ནི་ཆོས་སྐུ་རྡོ་རྗེ་འཆང་དང་འདྲ་བོ་རེད། སྐུ་འདི་ནི་ལོ་རྒྱུས་ཧ་ཅང་རིང་བའི་སྐུ་རྙིང་ཞིག་ཡིན་པ་ཐོས།
དེའི་མཚམས་སུ་དངུལ་གདུང་བཀྲ་ཤིས་འོད་འབར་ཞེས་པ་འདུ་ཁང་ཁྲ་འཁྱིལ་མ་ལས་ཀྱང་ལོ་རྒྱུས་རིང་བའི་མཆོད་རྟེན་དེ་ཉིད་ཤིང་གི་སྟེགས་བུ་མཐོན་པོ་ཞིག་གི་ཐོག་ན་གཟི་ཟིན་གཞན་ལས་ཆེ་བའི་ཚུལ་དུ་མཇལ། མཆོད་རྟེན་འདིའི་རྒྱུ་ཆ་དངུལ་རྐྱང་པ་དང་བཟོ་དབྱིབས་ནི་བཀའ་གདམས་མཆོད་རྟེན་གྱི་ཁོངས་སུ་གཏོགས་པ་ཞིག་རེད། གཞན་ཡང་སངས་རྒྱས་ཡར་བྱོན་གྱི་དངུལ་སྐུ་སྤུས་ལེགས་དབུས་གཙང་ལམ་ཡིག་ལས་བྱུང་བ་དེའང་གནས་དེར་བཞུགས་ཤིང་མཚན་ལ་དངུལ་སྐུ་འཛམ་གླིང་རྒྱན་ཞེས་འབོད་པ་འདྲ། དེ་དང་ཉེ་བའི་གནས་སུ་སངས་རྒྱས་ཡེལ་པའི་དངུལ་སྐུ་ཞིག་ཀྱང་བཞུགས་འདུག། དེ་ནི་དབུས་གཙང་ལམ་ཡིག་ལས་“སངས་རྒྱས་ཡེལ་པའི་སྐུ་ཡེལ་ཕུག་ནས་དྲངས་པ”ཞེས་གསུང་པ་དེ་ཉིད་ཡིན་སྲིད་སྙམ་ཞེས་གྲོགས་པོ་ལེགས་བཤད་བཟང་པོས་གསུངས་བྱུང་མོད་དཔྱད་པ་ནི་གང་ཡང་བྱ་མ་ཐུབ། འཁོར་ལོ་བདེ་མཆོག་གི་བརྒྱུད་འཛིན་པའི་ཁྱད་ཆོས་མངོན་པར་གསལ་བའི་ནང་རྟེན་གྱི་གཙོ་བོ་ཡི་དམ་འཁོར་ལོ་སྡོམ་པའི་སྐུར་བཀའ་བརྒྱུད་གསེར་ཕྲེང་གིས་སྐོར་བ་ལྟ་བུ་སྐུ་ཚད་ཤིན་ཏུ་ཆེ་བ་ཞིག་ཕུག་ཏུ་བཞུགས། འོག་ནས་ཡར་ཁ་བསྐོར་བའི་སྐུ་རྙིང་གི་ཁྲོད་དུ་ཀརྨ་པ་ན་རིམ་གང་ཡིན་ཁ་གསལ་མེད་པའི་སྐུ་རྙིང་ཞིག་འདུག། དེ་ཉིད་སྔོན་གུས་པར་དེ་གའི་དགེན་ཞིག་གིས་པར་རིས་གནང་མྱོང་ཡོད། དགོན་འདི་དང་ཀརྨ་བཀའ་བརྒྱུད་བར་སྔ་ཕྱི་འབྲེལ་བ་ཟབ་པས་སྐུ་དེ་ལ་ཏན་ཏན་ལོ་རྒྱུས་ཤིག་ཡོད་ངེས་བསམས།འོན་ཀྱང་། ད་ཐེངས་ཅིའང་རྣ་ཐོས་མ་བྱུང་། དེ་དང་དེ་ལྟ་བུའི་སྐུ་གསར་རྙིང་ཆེ་ཆུང་རྒྱུ་ཆ་ཅི་རིགས་ལས་གྲུབ་པ་བརྒྱ་ཕྲག་དུ་མ་བཞུགས་ནའང་རེ་རེ་བཞིན་ངོས་ཟིན་ཐབས་བྲལ།
འདུ་ཁང་འོག་མའི་ནང་གི་གཡོན་ཕྱོགས་ཀྱི་གྱང་ངོས་སུ་གསུང་རབ་པོད་ཏི་བརྒྱ་ཕྲག་དུ་མ་བརྩིགས་འདུག་ཅིང་། དེ་ནི་གཙང་ས་སྐྱའི་ཆོས་རྩིག་བྲག་རི་མ་དང་འདྲ་བོ་འདུག། འདུ་ཁང་འདིའི་ནང་དུ་མི་འཁྲུག་པའི་སྒྲུབ་ཁག་སོགས་ཀྱང་མཆིས་ལ་དེར་ཆོས་འབྲེལ་ཡང་ཞུས་པ་ཡིན། དེ་ནས་བར་ཁང་དམར་པོ་ཞུ་བ་དེ་དང་དེའི་ཐོག་གི་རྩེ་ལྷ་ཁང་དཀར་པོ་ཞེས་སུ་འབོད་པ་བཅས་སུ་མུ་མཐུད་འགྲོ་གྲབས་བྱས་ཀྱང་། སྟབས་མ་ལེགས་པ་ཞིག་ལ་གྲྭ་ཚང་གསུམ་གྱི་ལྷ་གཉེར་གསུམ་པོ་མ་འཛོམས་ན་དེ་དག་གི་སྒོ་ཕྱེ་དཀའ་བའི་གནས་སུ་འདུག། དེ་བས་ནུབ་མོ་དེར་མཇལ་རྒྱུ་མ་བྱུང་བས་འདུ་ཁང་སྒོ་རུ་བུད་དེ་གྲྭ་ཚང་གསུམ་གྱི་གཞིས་སུ་མཇལ་ལ་སོང་།
གྲྭ་ཚང་གསུམ་གྱི་བཀོད་པ་དང་འདུ་ཁང་།
གྲྭ་ཚང་གསུམ་པོ་ནི་ཕྲེང་ལྟར་བསྒྲིགས་ནས་རི་རྒྱུད་དུ་ཆགས་པ་དང་། གྲྭ་ཤག་སོགས་ཀྱང་ཆེ་ཆུང་གཅིག་པ་ཐོག་རྩེག་ཅན་གྱི་ནང་དུ་འདུག། གྲྭ་ཚང་སོ་སོའི་ཁང་པ་ལ་ཁ་དོག་མི་གཅིག་པའི་མཚོན་རིས་བྱུག་འདུག་པས་ཕར་བལྟས་པ་ཙམ་གྱིས་དབྱེ་བ་ཕྱེ་སླ་མོ་རེད། འདི་རུ་གསར་མ་གྲྭ་ཚང་དང་། སྟག་ལུང་གྲྭ་ཚང་། རྙིང་མ་གྲྭ་ཚང་སུ་འབོད་པའི་གྲྭ་ཚང་གསུམ་འདུག་ལ། གྲྭ་ཚང་སོ་སོ་ལ་བླ་བྲང་དང་འདུ་ཁང་སོགས་ཀྱང་མཆིས། ལོ་རྒྱུས་ལས་གསལ་བ་ལྟར་གྲྭ་ཚང་གསུམ་ཀ་ནི་སྟག་ལུང་བཀའ་བརྒྱུད་ཀྱི་བརྒྱུད་འཛིན་ནམ་སྟག་ལུང་བཀའ་བརྒྱུད་ཡིན་པ་གཞི་བཞག་གི་ཐོག་ནས་དམིགས་བསལ་རྒྱུད་སྡེ་སོགས་ཅུང་ཙམ་མ་འདྲ་བ་རྒྱུད་འཛིན་གྱི་ཆ་ནས་གྲྭ་ཚང་གི་མིང་གསུམ་བྱུང་བར་སྣང་། གྲྭ་ཚང་གསུམ་ལས་འགའ་ཞིག་གི་འདུ་ཁང་ནི་ད་ལྟ་འདུ་ཁང་ཞིག་རལ་ཏུ་གྱུར་འདུག་ཅིང་། དེ་དག་ལ་ལྟ་དུས་ཧ་ལམ་དང་ཐོག་ནས་ཆ་ཚང་ཞིག་བཞེངས་སྐྲུན་མ་ཐུབ་པར་སྣང་བས་ཕྱི་རྐྱེན་ཡ་ང་བ་ཞིག་གིས་བཀག་འགོག་བྱུང་བར་སྣང་། དེ་རུ་ཡོད་པའི་བླ་བྲང་མདུན་ཐད་ནས་པར་ཞིགས་བླངས་པ་ཡིན་ལ། རྗེས་སུ་འདི་ཐད་ལོ་རྒྱུས་འགའ་ཞིག་ལ་དོ་སྣང་དགོས་པ་ཡོད་པས་དེ་དུས་གོ་རེ་ཆོད་བསམ་པ་བྱུང་། རི་བོ་ཆེའི་སྐྱབས་མགོན་མཇལ་འདོད་ཀྱི་འདུན་པ་ཆེ་རུང་དུས་ཚོད་སོགས་ཀྱི་དབང་གིས་འདོད་པ་བཞིན་མ་གྲུབ། དེ་ནས་གྲོགས་པོ་ལེགས་བཤད་ལགས་སུ་བཤད་གྲྭ་གང་དུ་ཡོད་ཚུལ་བཀའ་འདྲི་ཞུས་པར་མར་ཐང་གི་བཤད་གྲྭ་ནི་ལུང་པ་ཁུག་ཀྱོག་ཅིག་ཏུ་གནས་པས་ཅུང་ཙམ་ལམ་ཐག་ཡོད་ཟེར། དེ་ནས་མཇལ་ལ་འགྲོ་རྒྱུའི་སྐལ་བ་མ་ཐོབ། འོན་ཀྱང་། བཤད་གྲྭ་དང་འབྲེལ་བའི་མི་ཞིག་འདི་སྐབས་ཡིད་ལ་ཤར་ཡོང་བ་ནི་གདན་ས་འདིའི་དགེན་ངག་བསྟན་ལགས་ཡིན། དེའང་ལོ་ངོ་མང་པོའི་སྔོན་དུ་གུས་པ་རྫོང་སར་བཤད་གྲྭ་ནས་དཔལ་སྤུངས་བཤད་གྲྭར་ཟུར་སྦྱོང་ལ་འགྲོ་སྐབས། ཁོང་གིས་རོགས་རམ་མང་པོ་བྱུང་ཞིང་ཞར་བྱུང་གི་ཁ་བརྡ་རུ་རང་རེ་བཀའ་བརྒྱུད་ཀྱི་གྲྭ་པ་ཚོས་ངེས་པར་རང་རང་གི་དགོན་པ་ཆོས་བརྒྱུད་ལ་ཞབས་བསུ་ཞུ་དགོས་པ་དང་མ་ཚད་སོ་སོའི་ལུགས་ཀྱི་ཡིག་ཆ་དོ་དན་ལྟ་དགོས་ཞེས་དང་། ཁྱོད་ཀྱང་བཀའ་བརྒྱུད་པ་ཡིན་འདུག་ན་གཞན་དུ་ཁྱི་བཞིན་འཁྱམ་པ་ལས་གདན་ས་འདི་དག་ཏུ་བསྡད་ན་ལེགས་ཞེས་གསུངས་པ་དེས་བརྗེད་དུ་མེད་པའི་བག་ཆགས་ཆེན་པ་ཐེབས་མྱོང་། ད་ལྟ་ཡིད་སྐྱོ་འོས་པ་ནི་དགེན་ལགས་སྐུ་ན་མཐོན་པོར་མ་ཕེབས་པར་གློ་བུར་སྐུ་གཤེགས་པ་དེའོ།། དེ་རིང་ཁོང་གི་ལྷག་བསམ་གྱིས་བཏེགས་པའི་གདན་ས་འདིར་འབྱོར་དུས་ཁོང་ཉིད་ཡང་ཡང་དྲན་ཡོང་བ་ཞིག་འདུག་མོད། མི་རྟག་སྒྱུ་མའི་རང་བཞིན་འགྱུར་བ་བཏང་ཐབས་བྲལ་བས་ད་ལྟ་གདན་ས་འདིར་ཁོང་ལྟ་བུའི་ལྷག་བསམ་ཅན་མང་དུ་ཡོད་པར་སྨོན་པ་ཙམ་ལས་བྱ་ཐབས་ཟད། དེ་ལྟར་གདན་སའི་གྲྭ་ཚང་ཁག་ཀྱང་ཕྱོགས་ཙམ་མཇལ་གྲུབ་དུས་དུས་ཚོད་འཕྱི་མོ་ཆགས་འདུག་པས་གདན་ས་དང་ཐག་མི་རིང་བའི་གནས་ཉམས་དགའ་བ་ཞིག་ཏུ་སོང་ནས་སྒར་བརྒྱབ་པ་དང་དགོངས་ཟས་ཟོས་ཚར་དུས་མ་མགོན་གྱི་གསོལ་ཀ་ཞིག་ཀྱང་བཏང་བ་ཡིན།
བར་ཁང་དམར་པོ།
ཕྱི་ཉིན་ཞོགས་པར་སྔ་ཇ་བཏུངས་ཟིན་རྗེས་གྲོགས་པོ་ལེགས་བཤད་ལགས་སུ་ལྷ་གཉེར་གསུམ་པོ་འཛོམས་ཡོད་མེད་དྲིས་པར། ཕེབས་འདུག་པའི་ལན་འབྱོར་མ་ཐག་དུས་ཚོད་༡༠ཙམ་གྱི་ཐོག་སླར་ཡང་དགོན་གནས་སུ་ལོག། དེར་ཐོན་དུས་སྔ་ཕྱི་བྱས་ནས་བར་ཁང་དམར་པོ་ནང་དུ་རིམ་བཞིན་མཇལ་སྐོར་དུ་ཁྲིད་སོང་བས་དགའ་ཚོར་ཆེན་པོ་བྱུང་། ཐོག་རྩེག་གོང་མར་ཡར་འགྲོ་དུས་མུན་པས་ཁྱབ་པའི་རྐས་ལམ་རིང་པོ་ཞིག་བརྒྱུད་དགོས་འདུག། དེ་ནི་རང་རེའི་ཡུལ་གྱི་དུད་ཚང་རྙིང་པའི་ཤོག་ཁང་གི་སྐས་ཐོག་ཏུ་སོང་བ་དང་འདྲ། བར་ཁང་སྒོ་རུ་ཐོན་དུས་མིག་ལམ་དུ་མངོན་པ་ནི་ལྷ་སྐུ་ཆེན་པོ་ཤ་སྟག་རེད། དེ་དག་གང་ལ་མཇལ་རུང་ཡིད་དབང་འཕྲོག་པའི་བཟོ་བཀོད་སྤུས་ལེགས་རྐྱང་རྐྱང་མངོན། ང་རང་གནས་མཇལ་ལ་སོང་ནས་ད་ལྟ་ཡི་གེ་འདི་འབྲི་བའི་བར་དུས་ཚོད་གང་འཚམས་སོང་བས་ན། ད་ལྟ་གསལ་བོ་ཞིག་མི་དྲན་རུང་གུ་རུ་པདྨ་འབྱུང་གནས་ཀྱི་སྐུ་བྱིན་ཆེན་ཞིག་འདུག་ལ། ལྷ་གཉེར་གྱིས་ཀྱང་དེ་ལ་བཤད་པ་མང་ཙམ་མཛད་སོང་བསམས། འོན་ཀྱང་། ད་ལྟ་ཕྱག་གསུམ་འཚལ་བ་ཙམ་ལས་ལྷ་བཤད་ཅིའང་དྲན་གྱི་མི་འདུག། དེར་བར་ཁང་གི་རྟེན་གཙོ་གཞན་ཞིག་ནི་རྡོར་སེམས་ལ་བཀའ་བརྒྱུད་གསེར་ཕྲེང་གིས་སྐོར་བ་ཞིག་འདུག་པ་དེའང་རྟེན་བླ་ན་མེད་པ་ཞིག་ཡིན་པ་འདྲ། དེ་དག་རེ་རེ་བཞིན་མཇལ་སྐབས་སྟོན་པ་ཆུ་གཟིགས་མ་ཟེར་བ་བཞུགས་ཁྲི་གསར་པའི་ཐོག་ནས་སྐུ་འདྲ་རྙིང་པ་ཞིག་མཇལ་བྱུང་། དེའི་བཟོ་བཀོད་ནི་སྐུ་འདྲ་གཞན་དང་མ་འདྲ་བ་ལྷག་པར་སྤྱན་ལ་དམིགས་བསལ་གྱི་ཉམས་དང་ལྡན་པ་ཞིག་མཆིས། ལྷ་གཉེར་གྱིས་སྐུ་འདྲའི་མདུན་གྱི་དར་ཐག་ནས་བཟུང་སྟེ་སྨོན་ལམ་བརྒྱབ་ན་མྱུར་དུ་འགྲུབ་པའི་རྟེན་འབྲེལ་ཡོད་ཚུལ་གསུངས་པས། དར་ཐག་ལས་འཇུས་ཏེ་མིག་བཙུམས་ནས་སྨོན་ལམ་བཏབ། མར་སྒོ་ལ་ཐོན་སྐབས་རོགས་གྲྭ་པ་ཞིག་གིས་དུས་རྒྱུན་བཟང་སྤྱོད་ཚར་གཅིག་མི་འདོན་མཁན་ཚོས་དེ་རིང་རྒྱ་མོ་ཞིག་གིས་སྐྱེས་སྐར་རོལ་བ་ལྟར་སྨོན་ལམ་རྒྱག་གི་འདུག་ཟེར། ཧ་ཧ་ཧ། བར་ཁང་དེའི་ནང་དུ་རིག་གསར་སྐབས་གཏོར་བཅོམ་ཚབས་ཆེན་ཐེབས་པའི་ཆོས་ཀྱི་གསུང་རབ་ཤོག་ནག་གསེར་བྲིས་དངུལ་བྲིས་ཅན་ཧ་ཅང་མང་པོ་ཞིག་སྒྱེ་བརྒྱ་ཕྲག་ཙམ་སྤུངས་འདུག། ལྷ་གཉེར་གྱིས་གསུངས་ན་གོད་ཆགས་དེ་ནི་ཡ་ང་བ་ཡིན་པ་དང་། གསུང་རབ་འདི་འདྲ་མང་པོ་ལས་ཆ་ཚང་བའི་པོད་མང་པོ་མ་བྱུང་ཟེར་ལ། ད་ལྟ་ད་དུང་ཡང་དེ་དག་ཚགས་སྒྲིག་གནང་བཞིན་པ་ཡིན་ཚུལ་གསུངས་བྱུང་། དེ་ནི་སྔོན་བན་ཤུལ་བས་ཧམ་བཤད་བྱས་པའི་ཡིག་ཆ་དེ་དག་རེད་འདུག། སྐབས་དེར་ཡ་ང་བའི་གོད་ཆག་ལ་ཕྱིར་འདང་བྱ་དགོས་བྱུང་ལ་སྐྱེ་བ་འདིར་རྙིང་བཞི་རྩ་གཏོར་གྱི་རིག་གསར་ལས་འགུལ་དང་མི་འཕྲད་པར་སྨོན་པ་ཡང་བྱས། ད་ལྟ་ད་དུང་ཡང་སྐྱུག་དྲི་བྲོ་བའི་སྐྱོ་གར་དེ་དང་ལྟ་གྲུབ་དེ་ལ་དགའ་མོས་བྱེད་མཁན་གྱི་བོད་པ་ཁག་གཅིག་འདུག་པ་ནི་ལོ་རྒྱུས་ཀྱི་ངོ་ཚ་རེད་སྙམ། འདི་སྐབས་ཞེ་འགྱོད་ཡང་ཡང་སྐྱེ་ཡོང་བ་ནི་གདན་ས་འདིའི་ལོ་རྒྱུས་དང་གནས་བཤད་སོགས་ཞིབ་ཆ་དང་ལྡན་པ་ཞིག་རང་གིས་མི་ཤེས་པའི་རྐྱེན་གྱིས། ད་ལྟ་ལྷ་སའི་མདུན་ཐང་ནས་བ་གླང་འགྲོ་བའི་ངང་ཚུལ་འཛིན་དགོས་བྱུང་བ་འདི་རང་ཡིན། དེ་དག་ལེགས་པར་མཇལ་ཟིན་རྗེས་མུ་མཐུད་སྐས་ཐེམས་ཞིག་བརྒྱུད་དེ་འདུ་ཁང་ཁྲ་འཁྱིལ་མའི་ཐོག་རྩེག་གསུམ་པའི་རྩེ་ཁང་དཀར་པོ་ཞེས་སུ་འབོད་པ་དེར་ཆས།
རྩེ་ཁང་དཀར་པོ།
ཐོག་རྩེག་གོང་མའི་ཐོག་ཏུ་ཐོན་དུས་དབྱི་ཤོད་རི་བོ་ཆེའི་མཛེས་ལྗོངས་ཧྲིལ་པོ་མིག་མདུན་ལ་བཤམས་པའི་ཞལ་ཐང་ཞིག་ལྟར་མཇལ་ཐུབ་ཀྱི་འདུག་ལ། གཡས་གཡོན་མདུན་རྒྱབ་ཀྱི་རིག་གསར་སྔོན་གྱི་ཆགས་སྟངས་བཅས་ཀྱང་ལག་ནང་གི་རི་མོ་ལྟར་ལྟ་བདེ་མོ་རེད། སྒོ་ནས་ཡར་འགྲོ་ཁར་དེ་གའི་ལྷ་གཉེར་གཅིག་གིས་གདན་ས་སྟག་ལུང་མར་ཐང་དབྱི་ཤོད་རི་བོ་ཆེ་དགོན་པའི་ནང་རྟེན་རྩ་ཆེན་ཚང་མ་འདི་རུ་བཞུགས་ཡོད་ཅིང་། ལྷ་ཁང་ནང་དུ་གློག་མིག་དུ་མ་ཡོད་པ་དང་མཇལ་སྐོར་བ་སུས་ཀྱང་པར་ལེན་མི་ཆོག་ཅེས་ཐེངས་གཉིས་ལ་གསུངས་བྱུང་། དེ་བས་ན་འདི་ནས་པར་རིས་སོགས་ནི་གང་ཡང་ལེན་རྒྱུ་མ་རྙེད། བདག་གི་གྲོགས་པོ་ལེགས་བཤད་ཀྱང་མཉམ་དུ་འདི་རུ་ཕེབས་གྲུབ་ན་བསམ་མོད། དེ་དུས་ཁོང་བྱོན་ཐུབ་མ་བྱུང་བས་ལྷ་མཇལ་སྐབས་ཀྱི་གནས་བཤད་ལ་སྟོང་ཆ་ཆེན་པོ་ཞིག་ཤོར་སོང་། གོ་ཐོས་ལ་རྩེ་ལྷ་ཁང་གི་ཆོས་མཇལ་ནི་དུས་རྒྱུན་ཐུབ་པ་ཞིག་མིན་པ་འདྲ་ལ། གནས་འདིར་མཇལ་སྐོར་ལ་འགྲོ་མྱོང་མཁན་མང་པོ་ཞིག་གིས་འདི་རུ་བསྐྱོད་མ་ཐུབ་ཚུལ་བཤད་ཀྱི་འདུག། དེ་ནས་ལྷ་ཁང་ནང་དུ་ངེད་ཅག་ཕྲེང་བསྒྲིགས་ནས་སོང་རྗེས། ཐོག་མར་མཇལ་ཡོང་བ་ནི་ཡེལ་པ་རྟ་རྣ་ནས་གདན་དྲངས་པར་གྲགས་པའི་གེ་སར་རིག་དངོས་དང་འབྲེལ་བའི། སྣང་ངུའི་སྒ་ཆུང་། ཧོར་ཤན་པའི་ཤ་སྒ། གེ་སར་གྱི་གསེར་སྒ་རི་མོ་དགུ་སྐོར། ད་དུང་གྲི་སོགས་མང་ཙམ་འདུག། དེ་ནས་རིམ་བཞིན་གསེར་དངུལ་ཁོ་ནའི་བླུག་སྐུ་སྣ་ཚོགས་དང་། གླེགས་ཤིང་སྤུས་ལེགས། རྒྱུད་སྡེའི་དཀྱིལ་འཁོར་གྱི་མཆོད་ཆས་སོགས་ལྕགས་ཁྲབ་ཀྱི་ནང་དུ་མཆིས། ཕྱི་ནས་ཕར་མཇལ་དུས་གློག་སྒྲོན་ཞིག་གསལ་དགོས་འདུག་པས་ཆ་ཚང་གསལ་བོ་ཞིག་མཐོང་དཀོན་པོར་གདའ། སྐུ་འདྲ་རྩ་ཆེན་དེ་དག་གི་ལོ་རྒྱུས་སོགས་རེ་རེ་བཞིན་ལྷ་གཉེར་རྣམ་པ་ལའང་གསལ་བོ་ཞིག་བཤད་རྒྱུ་མེད་པར་སྣང་། དེ་དག་གི་ཁྲོད་མགོན་པོའི་སྐུ་འདྲ་མཐོ་གཉིས་ཙམ་ཡོད་པ་ཞིག་འདུག་པ་དེའི་སྐོར་ནས་ལྷ་གཉེར་གྱིས་གསུང་དོན་ལ། རྒྱུ་ཆ་གསེར་ཁོ་ན་བླུགས་ནས་གྲུབ་པ་ཡིན་ཚུལ་དང་སྐུ་འདྲ་དེ་ཉིད་ཐོག་མར་འོག་ཁང་ཁྲ་བོ་ནས་ཡར་རྩེ་ཁང་དཀར་པོར་གདན་འདྲེན་ཞུ་སྐབས་ལྕི་ཚད་ཆེ་བའི་དབང་གིས་དགེ་འདུན་དུ་མས་ཁྱེར་བ་ལས་མི་འདུག་ཅེས་དང་། དེ་ནི་སྟག་ལུང་མར་ཐང་གི་སྐུ་འདྲ་རྩ་ཆེན་ཁྲོད་ཀྱི་གལ་ཆེན་ཞིག་ཡིན་སྐོར་ཕྱོགས་ཙམ་གསུངས་བྱུང་། ལྷ་ཁང་གི་རྟེན་གཙོ་རྡོ་རྗེ་འཆང་གི་སྐུར་བཀའ་བརྒྱུད་གསེར་ཕྲེང་གིས་སྐོར་བ་སོགས་དེ་དག་རེ་རེ་བཞིན་མཇལ་ནས་གཡས་སྐོར་དུ་སོང་བར། རྩེ་ལྷ་ཁང་གི་དབུས་སུ་མཆོད་པ་སོགས་རྒྱ་ཆེན་བཤམས་པའི་དཀྱིལ་ལ་རྒྱུ་ཆ་ཤིང་ལས་གྲུབ་པའི་སྟག་ལུང་ཐང་པའི་བླ་སྐུ་ཧ་ཅང་སྙིང་རྗེ་བོ་ཞིག་འདུག་པ་དང་། ལྷ་གཉེར་གྱིས་གསུངས་ན་དེ་ནི་དགོན་འདིའི་ནང་རྟེན་གཙོ་ཤོས་ཡིན་ཞེས་དང་ཕྱག་འཚལ་གསོལ་འདེབས་ཀྱང་དེའི་མདུན་དུ་བྱ་དགོས་ཚུལ་གསུངས་བྱུང་། དེའི་ཟུར་དུ་ད་དུང་རྗེ་སྟག་ལུང་ཐང་པའི་སྐུ་བྱིན་ཆེན་གཞན་ཞིག་ཀྱང་བཞུགས། དེར་གུས་པ་བླ་ན་མེད་པའི་སྒོ་ནས་ཕྱག་གསུམ་འཚལ་ཞིང་འགྲོ་མགོན་དྭགས་པོ་བཀའ་བརྒྱུད་ཀྱི་སྐྱེས་བུ་རིམ་པར་བྱོན་པ་རྣམས་ལའང་གསོལ་འདེབས་རྩེ་གཅིག་ཏུ་བྱས། དེ་ནས་མར་སྒོ་རུ་འབུད་གྲབས་བྱེད་སྐབས་ཡིད་ངོར་གདན་ས་འདིའི་ཐང་ག་རྩ་ཆེན་རྣམས་མཇལ་རྒྱུ་མ་བྱུང་བས་འདི་རུ་ཅུང་ཡོད་ན་ཐང་བསམ་པ་བྱུང་བར། གནམ་བལྟས་ཤིག་བྱས་པར་བར་སྣང་དེར་རྗེ་བཙུན་མི་ལའི་སྐུ་ཐང་གཡས་གཡོན་དུ་རས་པ་དུ་མས་བསྐོར་བ་ཐང་ག་ཧྲིལ་པོའི་རི་མོ་རྗེ་བཙུན་གྱི་རྣམ་ཐར་ཡིན་པ་ཞིག་བཤམས་འདུག། དེ་ནས་ལྷ་གཉེར་ལ་ཞལ་ཐང་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་ཐང་ག་དེ་ནི་རས་གཞི་མི་ལྤགས་ཡིན་ཚུལ་དང་རིན་གོང་ཚད་མེད་ཡིན་ཚུལ་སོགས་ལས་གཞན་ལོ་རྒྱུས་རྒྱས་པ་ནི་གང་ཡང་གསུང་མ་བྱུང་། ཐང་ག་དེའི་རི་མོ་ནི་དེང་གི་ཆར་བཀའ་གདམས་ལུགས་སུ་འབོད་པའི་གྲལ་ཡིན་སྙམ། པར་ལེན་མ་ཆོག་པས་ཐང་ག་དེ་ཉིད་ཇི་བཞིན་ལྷན་རྒྱས་ལ་གཟིགས་མོ་འབུལ་ཐབས་མ་བྱུང་རུང་། མར་ཐོན་རྗེས་ཁ་པར་ལས་རྗེ་བཙུན་མི་ལའི་ཐང་རྙིང་ཞིག་མཇལ་བར་དེའི་རི་མོ་ནི་གོང་གི་རི་མོ་དང་གཅིག་པ་རེད་འདུག།
དེ་རྗེས་ཐང་གའི་པར་དེའི་ཡོང་ཁུངས་ལ་དཔྱད་རྗེས་དེ་ནི་ཉིས་ཡོ་ལོ་པིང་དངོས་མང་ཁང་(《米拉日巴传记图》,16世纪,纽约鲁宾博物馆)ན་ཡོད་པ་ཞིག་རེད་འདུག། འདི་གཉིས་བར་ལ་འབྲེལ་བ་ཅི་ཞིག་ཡོད་པ་མ་ཤེས་རུང་། རི་མོ་ནི་ཧ་ལམ་གཅིག་པ་རེད། གང་ལྟར་འདི་རུ་པར་རིས་དེ་གཟིགས་མོ་ཞུ་འདོད་བྱུང་།
དེ་རྣམས་ལེགས་པར་མཇལ་གྲུབ་རྗེས། དགེ་སྐོས་ལྷན་རྒྱས་ཀྱིས་མྱུར་དུ་སྟེང་ཆེན་ཁྱུང་པོ་རྩེ་དྲུག་བོན་དགོན་དུ་མཇལ་སྐོར་ལ་འགྲོ་རྒྱུ་ཡིན་ན། ཚང་མ་རང་རང་རླངས་འཁོར་དུ་འཛོམས་ཤོག་ཅེས་སྐད་འབྱོར་བྱུང་བས། གྲོགས་པོ་ལེགས་བཤད་ལགས་སུ་བདེ་མོ་ཞུས་ནས་གནས་དེ་དང་ཁ་གྱེས་པ་ལགས་སོ།།
པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།
རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2481
དཔྱད་མཆན་སྤེལ།