འཇིག་རྟེན་ནས་ཆེས་གྲུང་བའི་མི།

ཀོའུ་ཧྥོས.ཁུ་ལོ་ཏུ་ཡིས་བརྩམས།

 

གཟའ་ཉི་མའི་ཕྱི་དྲོ་ཞིག་ལ།  སྨན་པ་གཅིག་དང་ཁྲིམས་རྩོད་པ།  ད་དུང་བྱིས་པ་དང་ཡི་ཤུ་མཆོད་དཔོན་བཅས་པོའུ་ཧྲི་ཌོན་ནས་ནོའུ་ཡེའུ་ལ་འཕུར་བའི་སྒེར་གྱི་གནམ་གྲུ་ཆུང་བ་ཞིག་ལ་བསྡད།  མཁའ་ལམ་གྱི་འཕུར་སྐྱོད་ཁྲོད་གནམ་གྲུའི་སྒུལ་བྱེད་མ་ལག་ལ་གློ་བུར་ཆག་སྐྱོན་བྱུང་།

དེ་འཕྲལ་ཁ་ལོ་བས་ནུས་ཤུགས་ཡོད་རྒུ་བཏོན་ན་ཡང་གནམ་གྲུ་སྔར་བཞིན་མར་ལྷུང་བཞིན་འདུག་པས།  མཇུག་མཐར་ཁ་ལོ་བས་རྒྱབ་ཏུ་མཆོང་གདུགས་ཤིག་ཁུར་ནས་སྐད་ཆེན་པོས་འགྲུལ་བ་དག་ལ་“རབ་ན་ཁྱོད་ཚོ་ཡང་མཆོང་ན་བཟང་”ཞེས་བཤད་ཞོར་གནམ་གྲུ་ལས་ལྡིང་།  སྟབས་ཉེས་པ་ཞིག་ལ་གནམ་གྲུའི་ནང་མཆོང་གདུགས་གསུམ་ལས་ལྷག་མི་འདུག

“ང་ནི་སྨན་པ་ཞིག་ཡིན། གཞན་གྱི་སྲོག་སྐྱོབ་པར་མཁོ་གལ་ཆེ་བས་ང་ངེས་པར་འཚོ་དགོས” ཞེས་བཤད་རྗེས་གནམ་གྲུ་ལས་ལྡིང་།

དེ་རྗེས་ཁྲིམས་རྩོད་པས“ང་ནི་ཁྲིམས་རྩོད་པ་ཞིག་ཡིན།  ཁྲིམས་རྩོད་པ་ནི་འཇིག་རྟེན་སྟེང་ཆེས་གྲུང་བའི་མི་ཡིན་པས་ང་འཚོ་འོས”ཞེས་བཤད་རྗེས་མཆོང་གདུགས་ཤིག་རྒྱབ་ཏུ་ཁུར་ནས་གནམ་གྲུ་ལས་ལྡིང་།

ཏག་ཏག་སྐབས་དེར་གནམ་གྲུའི་ནང་དུ་བྱིས་པ་དང་ཡི་ཤུ་མཆོད་དཔོན་གཉིས་ལྷག  ཡི་ཤུ་མཆོད་དཔོན་གྱིས་བྱིས་པ་དེ་ལ་ལྟ་བཞིན་བརྩེ་བ་ཆེན་པོས་“བུ་ཆུང་།  ངས་ནི་མི་ཚེ་ཧྲིལ་བོ་གཅིག་གི་བརྒྱུད་རིམ་བརྒྱུད་མྱོང་།  ཡིན་ན་ཡང་ཁྱོད་ནི་ད་དུང་ན་ཚོད་གཞོན་པས་ཁྱོད་ཀྱི་ཚེ་སྲོག་གི་ལྗང་མྱུག་ད་ལྟ་འབུས་འགོ་བརྩམས་པ་ཙམ་རེད།  ཆེས་མཐའ་མཇུག་གི་མཆོང་གདུགས་འདི་ཁྱོད་ཀྱིས་ཟུངས།  ཁྱོད་ནི་ངེས་པར་བདེ་འཇགས་ངང་འཚོ་དགོས”ཞེས་བཤད།

ཡིན་ན་ཡང་། བྱིས་པ་དེས་མཆོང་གདུགས་དེ་སླར་ཡི་ཤུ་མཆོད་དཔོན་ལ་གཏད་ནས་“ཆོས་དཔོན་ལགས།   ཁྱེད་ཀྱིས་སེམས་ཁྲལ་མ་གནང་རོགས།   འདིར་ཡང་མཆོང་གདུགས་ཤིག་ཡོད།  དེ་སྔོན་གྱི་འཇིག་རྟེན་སྟེང་ཆེས་གྲུང་བའི་མི་དེས་ངའི་རྒྱབ་ཁུག་ཁུར་ནས་གནམ་གྲུ་ལས་ལྡིང་སོང་།”


དཀོན་མཆོག་ལ་ཕུལ་བའི་འཕྲིན།

མེའུ་ཁུ•ཨ་ཧྲུའུ་བོ་སུ། 【ཨ་རི།】

 

ལོའུ་ཕཱ་ཐུ་ནི་སྦྲག་ཁང་ཞིག་གི་ལས་བྱེད་མི་སྣ་ཞིག་ཡིན།  ཁོའི་ལས་ཀ་གཙོ་བོ་ས་གནས་གསལ་བོ་མིན་པའི་ཅ་དངོས་དག་ཐབས་ཤེས་སྣ་ཚོགས་སྒོས་ཐག་གཅོད་བྱ་རྒྱུ་དེ་རེད།   ཉིན་ཞིག་ལ།  ཁོ་རང་དཀོན་མཆོག་ལ་ཕུལ་བའི་འཕྲིན་ཡིག་ཅིག་དང་འཕྲད།  ཡིག་ཤུབས་ཀྱི་ཕྱི་ངོས་སུ་བྲིས་པའི་ཡིག་གཟུགས་ནི་འཁྱག་འཁྱོག་གིས་གསལ་ལ་མི་གསལ་བར་འདུག   ད་དུང་སྟེང་དུ་སྐུར་ཡུལ་གྱི་ས་གནས་གང་ཡང་བཀོད་མེད།  ཁོའི་བསམ་པར“ ད་ནི་འཕྲིན་ཡིག་འདིའི་ཁ་ཕྱེས་ཏེ་ནང་དུ་ཅི་ཞིག་བྲིས་ཡོད་པར་བལྟ་རྒྱུ་ལས་ལེགས་པའི་ཐབས་ལམ་གཞན་མི་འདུག”  སྙམ།    དེ་ནས་ཁོས་འཕྲིན་ཡིག་དེའི་ཁ་ཕྱེས་ནས་ཀློག་འགོ་བརྩམས།

 

བྱམས་སེམས་ཀྱི་བདག་ཉིད་ལྷ་དབང་ལགས།

ང་ནི་ལོ་ན་བརྒྱད་ཅུ་གྱ་གསུམ་ལ་སོན་པའི་ཡུགས་མོ་ཞིག་ཡིན།   ལས་འཁྱུར་ངལ་གསོའི་གྲོན་དངུལ་ཕྲན་བུ་ཙམ་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་མོད།  ཁ་རྩང་།   ངའི་སྒོར་ཁུག་མི་གཞན་པས་བརྐུས་ནས་བུད་སོང་།  སྒོར་ཁུག་ཏུ་ཨ་སྒོར་བརྒྱ་ཡོད།  ཡང་གཅིག་བཤད་ན།  ཟླ་རྗེས་མའི་ལས་འཁྱུར་དངུལ་མ་རེག་བར་དུ་ང་ལ་ཡོད་པ་ནི་ཨ་སྒོར་བརྒྱ་ཐམ་པ་དེ་ཁོ་ན་ཡིན།   གཟའ་འཁོར་རྗེས་མའི་གཟའ་པ་སངས་ནི་ཡེ་ཤུའི་འཁྲུངས་སྐར་ཡིན་པས་ངས་གྲོགས་པོ་གཉིས་ལ་ཁྱིམ་ནས་མགྲོན་རྩིས་གཏོང་བར་ཁས་འཆེས་ཡོད།  ཁོ་གཉིས་ཀྱིས་ད་བར་དུ་ཡིད་ཚིམས་པའི་ཟས་ཐུན་གཅིག་ཀྱང་ཟོས་མྱོང་མེད།  ཡིན་ན་ཡང་།  སྒོར་མོ་དེ་དག་མེད་ཚེ་ངས་ཟ་མ་གཡོ་བྱེད་ཅི་ཡང་ཉོ་མི་ཐུབ།  ང་ལ་སྐྱབས་བཅོལ་ཞུ་ཆོག་སའི་གཉེན་ཉེ་དང་གྲོགས་པོ་གང་ཡང་མེད་པས་ལྷ་དབང་ཁྱེད་ནི་བདག་གི་རེ་བ་ཉག་གཅིག་ཡིན།  ཁྱེད་ཀྱིས་ང་ལ་རོགས་རམ་ཞིག་བྱས་ན་ཆོག་གམ།

ཁྱེད་ལ་རྩེ་གཅིག་ཏུ་དད་པའི་ཨན་ཏུའུ་ནཱས།

འཕྲིན་ཡིག་འདི་བཀླགས་རྗེས་ལོའུ་ཕཱ་ཐུ་ལ་སེམས་འགུལ་ཆེན་པོ་ཐེབས།  མ་ཟད་འཕྲིན་ཡིག་ལས་གྲོགས་ཚོར་ཕུལ་ནས་ལྟ་རུ་བཅུགས།  ལས་གྲོགས་རེ་རེས་བཀླགས་རྗེས་དངུལ་ཁུག་ལས་དངུལ་ཏོག་ཙམ་རེ་ཞལ་འདེབས་སུ་ཕུལ།  རེ་རེ་བཞིན་སྐོར་ནས་དངུལ་ཉུང་ཙམ་རེ་ཕུལ་རྗེས་ལོའུ་ཕཱ་ཐུའི་ལག་ཏུ་ཨ་སྒོར་དགུ་བཅུ་གོ་དྲུག་འདུས་ཡོད་འདུག   ཁོས་སྒོར་མོ་དེ་དག་ཡིག་ཤུབས་ནང་བཅུགས་རྗེས་བགྲེས་མོ་དེ་ལ་ཕྱིར་བསྐུར།

ཉིན་འདི་ལ་སྦྲག་ཁང་གི་ལས་བྱེད་མི་སྣ་ཚོས་བགྲེས་མོ་ཨན་ཏུའུ་ནཱ་ཡིད་ལ་འཁོར་ཞིང་། མོ་དང་མོའི་གྲོགས་པོ་ཚོས་མཛེས་སྡུག་ལྡན་པའི་མཚན་ཟས་ལ་རོལ་བ་ཡིད་ལ་འཁོར།  དེ་དུས་ཚང་མའི་སེམས་སུ་དྲོད་ལམ་ལམ་གྱི་ཚོར་བས་ཡོངས་སུ་ཁྱབ།

ཡི་ཤུའི་འཁྲུངས་སྐར་གློ་བུར་དུ་སླེབས་ཤིང་གློ་བུར་དུ་བཞུད་སོང་།  ཉིན་འགའི་རྗེས་སུ་ལོའུ་ཕཱ་ཐུ་ལ་སླར་ཡང་བགྲེས་མོ་དེས་དཀོན་མཆོག་ལ་ཕུལ་བའི་འཕྲིན་ཡིག་གཞན་ཞིག་འབྱོར།  ཁ་ཕྱེས་ནས་བཀླག་པར་བརྩམས་ཚེ་ལས་གྲོགས་ཚོས་ཁོའི་མཐའ་རུབ་སྟེ་བལྟས་འདུག   འཕྲིན་ཡིག་དེ་འདི་ལྟར་བྲིས་འདུག

བྱམས་སེམས་ཀྱི་བདག་ཉིད་དཀོན་མཆོག་ལགས།

ཁྱེད་ཀྱིས་ངའི་དོན་དུ་བསྒྲུབས་པ་མཐའ་དག་གི་བཀའ་དྲིནའཛད་པ་མེད་པས་ངས་ཅི་ལྟར་བྱས་ཀྱང་དྲིན་ལན་འཇལ་དཀའ་བ་ཡིན།  ཁྱེད་ཀྱི་བྱམས་བརྩེའི་ལེགས་སྐྱེས་དེ་ཐོབ་པར་བརྟེན་ངས་གྲོགས་པོ་ཚོར་ཕུན་སུམ་ཚོགས་པའི་མཚན་ཟས་ཤིག་བཀོད་སྒྲིག་བྱ་ཐུབ་སོང་།  ང་ཚོས་མཉམ་དུ་ཆེས་སྤྲོ་སྐྱིད་ལྡན་པའི་ཉིན་གཅིག་རོལ་ཐུབ་སོང་།  མ་ཟད་ཁྱེད་ཀྱིས་མཛེས་སྡུག་ལྡན་པའི་ལེགས་སྐྱེས་བདག་ལ་གནང་བ་ཡང་གྲོགས་པོ་ཚོར་ཞུས་ཡོད།

ཞོར་དུ་ཞུ་རྒྱུ་ཞིག་ལ།   དེའི་ནང་ནས་ཨ་སྒོར་བཞི་གར་སོང་ཆ་མེད་དུ་གྱུར།  ངས་བསམ་ན་དེ་ནི་ཧ་ལམ་སྦྲག་ཁང་ནང་གི་མི་ངན་དེ་ཚོས་བརྐུས་སོང་བ་འདྲ།

ཁྱེད་ལ་རྩེ་གཅིག་ཏུ་དད་པའི་ཨན་ཏུའུ་ནཱས།


ཕུན་སུམ་ཚོགས་པའི་ཁྱོ་ག

J.ཨཱ་ལིས་ཡིས་བརྩམས། 【ཨ་རི།】

 

སྒེར་གྱི་སྤྲོ་སྐྱིད་གླིང་ག་ཞིག་ཏུ་སྐྱེས་པ་འགས་ལུས་སྦྱོང་སྦྱོང་བརྡར་བྱས་རྗེས་གོན་པ་བརྗེ་སའི་བར་འཁྱམ་དུ་བསྡད་ཡོད་སྐབས། གློ་བུར་དུ་རྐུབ་སྟེགས་རིང་བོའི་སྟེང་གི་ཁ་པར་ཞིག་གྲག་བྱུང་། སྐྱེས་པ་ཞིག་གིས་ཁ་པར་བླངས།  དེ་རྗེས་འོག་གི་ཁ་བརྡ་དག་བྱུང་།

“ ཝེ།  ”

“ སྙིང་ཉེ་ལགས།  ང་ཡིན།  ཁྱེད་རང་སྤྲོ་སྐྱིད་གླིང་ག་རུ་ཡོད་དམ། ”

“ ཡོད། ”

“ དེ་ན་འགྲིག་འདུག  ད་ལྟ་ང་ནི་ཁྱེད་དང་བར་ཐག་སྲང་ཁུལ་གཉིས་ཀྱི་རིང་བའི་ཚོང་ར་ཞིག་རུ་ཡོད།  དེའི་སྔོན་ངས་ཧ་ཅང་ཡག་པའི་ཀོ་བའི་སྟོད་ལྭ་རིང་བ་ཞིག་མཐོང་བྱུང་།  དངོས་གནས་རྫིག་པོ་ཞེ་དྲག་འདུག  ཁྱེད་ཀྱིས་ཤོད་དང་ངས་ཉོས་ན་འགྲིག་གམ། ”

“ སྒོར་ག་ཚོད་དགོས། ”

“ ཨ་སྒོར་༡༥༠༠ཙམ་རེད། ”

“ ཡ།  གལ་སྲིད་ཁྱེད་ཀྱི་བློར་འབབ་ན་ཉོས་ན་འགྲིག་གི་རེད། ”

“ ཡ།  ད་དུང་དེ་རིང་ཞོར་དུ་པོའུ་ཧྲི་ཅི་རྟགས་ཅན་གྱི་རླངས་འཁོར་ལས་ཚབ་ཚོང་ཁང་ཞིག་ཏུ་སོང་བ་ཡིན། ༢༠༠༡ལོའི་གསར་དུ་ཁྲོམ་རར་བཀྲམ་པའི་རྣམ་པ་གསར་བ་དག་གི་ཁྲོད་དུ་གཅིག་ནི་ངའི་བློར་ཧ་ཅང་བབས་བྱུང་།  ངས་ཕྱིར་ཚོང་མཁན་དང་གླེང་མོལ་བྱས་ཟིན། ཁོས་ང་ལ་ཕན་ཁེ་ཆེ་བའི་རིན་གོང་ཞིག་བྱེད་ཆོག་ཟེར།  ཡང་གཅིག་བཤད་ན།  ང་ཚོས་ན་ནིང་ཉོས་པའི་པོའུ་མ་རླངས་འཁོར་བརྗེ་དགོས་འདུག ”

“ ཁོ་ཚོས་བཤད་པའི་རིན་གོང་ག་ཚོད་རེད། ”

“ ཨ་སྒོ ༦༥༠༠༠ ཙམ་དགོས་འདུག ”

“ འགྲིག་འདུག  ཡིན་ན་ཡང་།  འདི་ལྟ་བའི་རིན་གོང་ཞིག་ཡིན་ཚེ་ངས་བསམ་ན་དུས་དབང་ཉོ་ཚོང་སྤྱད་ནས་ཉོས་ན་བཟང་སྙམ། ”

“ ཧ་ཅང་བཟང་། ཁྱེད་ཀྱིས་ད་དུང་ཁ་པར་སྒོ་མ་རྒྱག་དང་། ང་ལ་ད་དུང་དོན་དག་ཅིག་ཡོད། ”

“ དོན་དག་ཅི་ཞིག་ཡོད། ”

“ སྒོར་མོ་འདིའི་གྲངས་ཀ་ནི་ཆུང་ཆུང་ཞིག་མ་རེད། ཡིན་ན་ཡང་།  ད་ཅི་ང་དངུལ་ཁང་དུ་སོང་ནས་ཁྱེད་ཀྱི་གསོག་དངུལ་ལ་བལྟས་པ་ཡིན། དེ་རིང་ཞོགས་པར་ང་ཡང་ཁང་ས་ཉོ་ཚོང་ཀུང་སི་ལ་སོང་ནས་ལྟ་ཙམ་བྱས་པ་ཡིན། ང་ཚོས་ན་ནིང་བལྟས་མྱོང་བའི་ཁང་བ་དེ་ད་ལྟ་ཕྱིར་འཚོང་བྱེད་ཀྱིན་འདུག ཁང་བ་དེ་རུ་ཆུ་རྐྱལ་རྫིང་བུ་ཞིག་ཡོད་པ་དང་ད་དུང་དབྱིན་ལུགས་ཀྱི་མེ་ཏོག་ལྡུམ་ར་ཞིག་ཡོད་པ་ཁྱེད་ཀྱིས་དྲན་ནམ།  དེ་ནི་སྤྱི་གླིང་ཁུལ་གྱི་གནས་མཆོག་དང་མཚོ་འགྲམ་སྤྲོ་སྐྱིང་གླིང་ངོ་མ་ཞིག་རེད། ”

“ ཁོ་ཚོ་ལ་རིན་གོང་ག་ཚོད་དགོས།  ”

“ ཨ་སྒོར་༤༥༠༠༠༠ཙམ་དགོས་འདུག རིན་གོང་ཧ་ཅང་བསླུ་བྲིད་རང་བཞིན་ཅན་ཞིག་རེད། ང་ཚོའི་དངུལ་ཁང་གསོག་དངུལ་གྱིས་འདང་ངེས་པ་ངས་རྟོགས་ཡོད།  ”

“ རེད།  དེ་འདྲ་ཡིན་ན་སོང་ནས་ཉོས་དང་།  ཡིན་ན་ཡང་། རིན་གོང་ཨ་སྒོར་༤༢༠༠༠༠སྤྲོད་དགོས། ཆོག་གམ།  ”

“ འགྲིག་འདུག  སྙིང་ཉེ་ལགས།  བཀའ་དྲིན་ཆེ། ང་ཁྱེད་ལ་དགའ། ང་ཚོ་ཅུང་ཙམ་ནས་མཇལ།  ”

“ བདེ་མོ། ང་ཡང་ཁྱེད་ལ་དགའ། ”

མི་དེས་ཁ་པར་སྒོ་བརྒྱབ་བྱུང་།   དེ་རྗེས་ཁ་པར་ཡར་བཀྱགས་ནས་དེར་ཡོད་ཀྱི་སྐྱེས་པ་གཞན་དག་ལ་འདྲི་རྩད་བྱས།

“ ཁ་པར་འདི་སུ་ཞིག་གི་རེད། ”


རྩོམ་ཁུངས་པོད་འཕྲིན།@英语世界杂志

མཆན། : སྒྲུང་ཐུང་ཡིག་བརྒྱ་མ་འདི་དག་སྒྱུར་བ་བོའི་དཔེ་ཀློག་ཁྲོད་འཕྲད་པ་སྐབས་དང་སྐབས་སུ་བསྒྱུར་ཁུལ་བྱས་པ་ཕྱོགས་སུ་བཏུས་པ་ཙམ་ལས་སྒྲུང་འདི་དག་བར་ལ་འབྲེལ་བ་ཅི་ཡང་མེད།

པར་དབང་ཁོངས་གཏོགས་ས་ནི་རྩོམ་པ་པོ་དྲ་བ།བརྒྱུད་སྤེལ་བྱེད་དུས་ངེས་པར་དུ་དྲ་ཐག་སོར་བཞག་བྱ་དགོས།

རྩོམ་ཡིག་གི་སྦྲེལ་ཐགhttp://www.tbwriters.com/?p=2476